གཙང་སྡིངས་དར་རྒྱས་ཀྱི་སློབ་གསོའི་སྐོར་གྱི་ལེགས་རྩོམ།

ཕུར་བུ་དར་རྒྱས། པིར་མིང་གཙང་སྡིངས་དར་རྒྱས།  བོད་རང་སྐྱོང་ལྗོངས་རིམ་པའི་དགེ་རྒན་གཟབ་སྦྱོང་གི་རིགས་གཅིག་མཁས་དབང་གི་ཁོངས་མི།  བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།  བོད་ལྗོངས་དམངས་ཁྲོད་རྩོམ་འབྲི་རིག་པ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི།  གཞིས་རྩེ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུད་སློབ་གསོ་ཚན་རིག་ཞིབ་འཇུག་ཟོའོ་ཡི་དམའ་འབྲིང་བོད་སྐད་ཡིག་སློབ་དཔྱོད་པ། ༼གཞིས་རྩེའི་སློབ་གསོ་༽བོད་ཡིག་པར་མའི་དུས་དེབ་ཀྱི་རྩོམ་སྒྲིག་པ་བཅས་ཡིན། བརྩམས་སྒྲུང་ཕྱོགས་བསྒྲིགས་༼རི་གྲོང་གི་གཏམ་རྒྱུད་༽ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།  སྔ་ཕྱིར་སྐབས་བཞི་པའི་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་དང་།  སྐབས་ལྔ་པའི་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ། གཞིས་རྩེའི་ཡར་ཀླུང་གཙང་པོའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་སོགས་ཐོབ་ཡོད།



      ༄༅། །བོང་ཕྲུག་ལ་དོད་ཆེན་མ་འགེལ། 

         མིག་སྔའི་རང་རེའི་རྨང་གཞིའི་སློབ་གསོའི་གནད་དོན་སྐོར་ལམ་ཙམ་གླེང་བ།

    སྟོད་ཆ།

       ད་ནི་ཡང་བསྐྱར་འདི་ནས་མིག་སྔའི་རང་རེའི་རྨང་གཞིའི་སློབ་གསོའི་གནད་དོན་སྐོར་ནས་ཟུར་ཙམ་ཞིག་གླེང་བར་འདོད་དེ།  གནད་དོན་འདི་གླེང་བའི་ཚེ་ན། ངས་བསྒྲགས་པའི་སྐད་ཆ་དག་རྣག་ཐོག་གཙག་འཁེལ་ལྟ་བུར་ཚོར་མཁན་ལ་ལས་མོས་ཤིང་མགུ་བའི་རྣམ་འགྱུར་སྟོན་སྲིད་ལ། རྨ་ཁར་ཟ་ཚྭ་བྱུགས་པ་ལྟར་དུ་མི་བཟོད་མཁན་ལ་ལས་གཏིང་ནས་ཁྲོ་ཞིང་སྡིགས་པར་ཐེ་ཚོམ་མེད།  འོན་ཏེ་མོས་མཁན་མོས་སུ་ཆུག་ལ་ཁྲོ་མཁན་ཁྲོ་རུ་ཆུག  གལ་ཏེ་ངས་རང་སེམས་གཙང་མའི་གཏིང་རིམ་ནས་འཕྱུང་པའི་བདེན་གཏམ་ཚིག་གསུམ་འདིས།  མིག་ན་མཛེས་ཤིང་སྙིང་ན་སྡུག་པའི་ལོ་ཆུང་སློབ་མ་རྣམས་ཀྱི་འཚར་ལོངས་དོན་དུ་ཕན་ནུས་ཨེམ་ཙམ་ཐོན་སོང་ན།  ད་གཟོད་ང་ཡིས་རང་ཁ་བྲག་ཁུང་འདྲ་བ་འདི་ལས་སྡུག་སྐད་ར་སྐད་འདྲ་བ་ཞིག་བརྒྱབ་པའི་ནུས་པ་ཐོན་སོང་བ་རེད།

དེ་ཡང་མིག་སྔར་ཡིག་རྒྱུགས་སློབ་གསོའི་ཁ་དབུགས་ཤིན་ཏུ་དོག་པའི་རང་རེའི་སློབ་གྲྭ་ཆུང་འབྲིང་༼འདིར་ནི་གཙོ་བོ་སློབ་ཆུང་གི་སློབ་གསོར་དམིགས་པ་ཡིན་༽གི་ཁོར་ཡུག་རེ་རེ་དང་གྲུ་ཟུར་རེ་རེ་ན། ང་ཚོའི་ན་ཆུང་སློབ་མ་རྣམས་ནི་རྔམ་བརྗིད་ལྡན་པའི་དགེ་རྒན་ཚོའི་བཞིན་རས་དཀར་ནག་འོག་དང་། རྣ་ལ་གཟན་པའི་ཕ་མ་གཉིས་ཀྱི་བཙན་སྐུལ་དྲག་པོའི་འོག ཆགས་སྡང་རྒོད་པའི་སློབ་མ་གཞན་གྱི་དཔྱད་གཏམ་དང་གདེང་འཇོག་འདྲ་མིན་འོག་ན། དབུགས་ཧལ་ཧལ་ངང་རིག་གནས་སློབ་སྦྱོང་༼དོན་དུ་རིག་གནས་སློབ་སྦྱོང་ཟེར་བ་ཡང་ཡིག་རྒྱུགས་ཁོ་ནར་ཁ་གཏད་གཅོག་ཅིང་སྐར་མའི་དཔྱ་ཁྲལ་སྒྲུབ་པའི་བྱ་བ་ཙམ་དུ་ཟད་༽འབའ་ཞིག་གི་དོན་དུ་ཉིན་མཚན་དབྱེར་མེད་འབད་ཅིང་བརྩོན་ལ་ཤི་འཐམ་རོ་འཐམ་བྱེད།

དེང་སང་དགེ་རྒན་མང་པོ་ཞིག་གིས་ནི་ནམ་རྒྱུན་ང་ཚོའི་ན་ཆུང་སློབ་མ་ཚོར་གོང་རིམ་ནས་གཅིག་འགྱུར་ཐོག་གཏན་འབེབ་བཀོད་སྒྲིག་དང་།  གཤམ་སྤྲོད་བྱས་པའི་བསླབ་གཞིའི་ནང་དོན་མ་ལུས་འཆད་ཁྲིད་བྱེད་པའི་མུར། ད་དུང་རིག་ཚན་སོ་སོར་ཕན་ཡོད་འདྲ་ལ་ཕན་མེད་འདྲ་འདྲའི་བསྐྱར་སྦྱོང་གནད་བསྡུས་དང་།  བློ་འབྱེད་བསླབ་གཞི་དང་།  མཉམ་འགྲོས་སྦྱང་གཞི་དང་།  རྒྱུགས་དཔེ་སྣ་ཚོགས་སོགས།  མདོར་ན་ལོ་ཆུང་སློབ་མ་ཚོས་ཐེག་པར་དཀའ་བའི་དེབ་ཉོག་ཁྱུ་ཞིག་༼གནད་དོན་འདི་གྲོང་ཁྱེར་ནང་ཁུལ་གྱི་སློབ་ཆུང་ཁག་ཅིག་ལ་དེ་བས་མངོན་གསལ་དོད་༽གི་ཁྲོད་ནས། ན་ཆུང་བྱིས་པ་ཚོའི་རྙེད་པར་དཀའ་བའི་རིན་བྲལ་གྱི་སློབ་ཞོར་དུས་ཚོད་ཕལ་ཆེར་ཟད་པར་བྱེད།

ང་རང་སྒེར་གྱི་ངོས་ནས་སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་དགེ་རྒན་རྣམ་པ་དང་།  དགེ་རྒན་གྱི་ལས་རིགས་རླབས་པོ་ཆེ་འདིར་ལས་རིགས་གཞན་པ་གང་དང་ལས་བྱེད་ལས་བཟོ་སུ་ལས་ཀྱང་ལྷག་པའི་བརྩི་བཀུར་དང་།  དད་གུས།  གཙིགས་མཐོང་གང་ཆེ་ཞུ་བཞིན་ཡོད།  དེའི་རྒྱུ་མཚན་ནི།  གཅིག་ནས་ངའི་ལོ་ཆུང་དང་གཞོན་ནུའི་ལང་ཚོ་ཕལ་ཆེར་ཁོར་ཡུག་མི་འདྲ་བའི་སློབ་གྲྭའི་ར་བའི་ནང་ནས་ཟད་ཅིང་། ལོ་ཟླ་མང་པོའི་རིང་ལ་དགེ་རྒན་བཀའ་དྲིན་ཅན་ཚོའི་དྲུང་ནས་མི་ཆོས་ཀུན་སྤྱོད་ཐད་ཀྱི་སློབ་གསོ་མྱངས་ཤིང་ཤེས་རིག་སྦྱངས་པས། དགེ་རྒན་གྱི་སྐུ་ངལ་རྟོགས་ཤིང་བཀའ་དྲིན་ཚོར་ཤེས་ཐུབ་པས་ཡིན་ལ། གཉིས་ནས་ང་རང་སློབ་མཐར་ཕྱིན་རྗེས་དུས་ཐུང་ལོ་ངོ་བདུན་གྱི་རིང་ལ་འཆད་ཁྲིད་སྟེགས་བུའི་ཐོག་ཏུ་འགྲེངས་ནས་སློབ་གསོ་གཉེར་ཞིང་སློབ་བུ་བསྐྱངས་མྱོང་བས་དགེ་རྒན་གྱི་ལས་རིགས་ལ་དེ་བས་ཆ་རྒྱུས་ཟབ་མོ་ལོན་པས་ཡིན།  གསུམ་ནས་ད་ལྟའི་བར་གྱི་མི་ལོ་ཧྲིལ་པོ་བཅུའི་རིང་ལ།  ང་རང་སློབ་གསོའི་སྲིད་འཛིན་ཚན་པ་ཞིག་ནས་སློབ་གསོའི་འཕེལ་འགྱུར་ལ་བལྟས་ཤིང་སློབ་གསོའི་ལས་དོན་ཐད་དཔྱད་ནས་འོང་བས།  ངས་དགེ་རྒན་རྣམ་པའི་རྒྱུན་གཏན་རང་བཞིན་གྱི་ལྷག་བསམ་དཀར་པོ་དང་།  དལ་མེད་བརྩོན་པའི་འགྱུར་མེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་པས་ཡིན།

རེད་དེ།  ངས་ཀྱང་ནམ་རྒྱུན་སློབ་གསོའི་བྱ་གཞག་དོན་དུ་གཉེར་མཁན་གྱི་དགེ་རྒན་ལ་ལའི་བྱ་སྤྱོད་ལ་དོགས་གཞི་ཆེ་ཤོས་བྱེད་པའི་གནད་དོན་གལ་པོ་ཆེ་ཞིག དེ་རིང་དྲ་གྲོགས་ཤིག་ནས་རང་གི་སྐད་འཕྲིན་གྱི་གྲོགས་ཚོམས་ནང་བསྐུར་བའི་ཚིགས་བཅད་ཤོ་ལོ་ཀ་གཅིག་གིས་ལྟ་ཚུལ་གཅིག་མཚུངས་གསལ་བར་གླེང་བྱུང་སྟེ།  དེ་ནི་༼སྨན་པ་ལྷ་འདྲས་ནད་པ་འཛུམ་གྱིས་བསྐྱངས། །དགེ་རྒན་བདུད་འདྲས་སློབ་མ་འདྲེ་འདྲ་བསྐྱངས། །ཕྱི་ཡི་རྣམ་པ་མཐོང་ལུགས་མི་འདྲ་ལས། །མཐའ་མའི་དམིགས་ཡུལ་གཅིག་ཏུ་མི་འདྲའམ། །༽ཞེས་པ་འདི་རེད།

སྤྱིར་དགེ་རྒན་ཚོས་ནི་རང་རང་གི་བསྐྱང་བྱའི་སློབ་མ་རྣམས་མི་གཞི་ཚད་ལྡན་ཅན་དང་།  ཡོན་ཏན་ཕུན་ཚོགས་ཅན།  གཟུགས་ཁམས་བདེ་ཐང་ཅན་དུ་རེ་ནས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་དོན་གཉེར་བྱེད་བཞིན་ཡོད་མོད། དེང་སང་གོང་གི་སྲིད་འཛིན་ཚན་པའི་འགོ་ཁྲིད་མི་སྣ་ཚོས་ལྟ་སྐོར་ཆེ་ཕྲ་རེ་དང་གཤམ་སྐྱོད་མཛུབ་སྟོན་བྱེད་ཐེངས་རེར།  ཞལ་ངོ་མར་ལ་ཕྱོགས་ནས་བྱང་ཚད་སློབ་གསོ་ཟེར་བཞིན་དགེ་སློབ་རྣམས་ལ་བཀའ་མོལ་སྤམ་པོ་རྫོགས་མེད་རེ་གླེང་མོད།  དོན་དམ་དུ་འགོ་ཁྲིད་ཚོས་རེ་བ་འཆང་ས་དངོས་ནི་སློབ་མའི་རྒྱུགས་འབྲས་འབའ་ཞིག་དང་།  སྤྱན་གྱིས་གཟིགས་ཡུལ་སྐར་གྲངས་སྐམ་པོ་ཁོ་ན་དང་།  ལག་ཏུ་བསྟར་བ་ཨང་རིམ་འགྲན་སྡུར་ཤ་སྟག་ཡིན་པའི་དབང་གིས།  གཤམ་འོག་གི་སློབ་གྲྭ་ཆུང་འབྲིང་ཁག་དང་།  ཡང་སྒོས་དགེ་རྒན་ཕལ་མོ་ཆེས་ནི་བཟུང་ན་ལག་པ་འཚིགས།  བཏང་ན་རྫ་མ་ཆག་ཅེས་སྔ་མོའི་བོད་ཀྱི་གཏམ་དཔེར་གྲགས་པ་ལྟར།  སྐར་གྲངས་མཐོན་པོས་མིང་གྲགས་བརྩོན་ལེན་བྱ་བའམ།  ཡང་ན་བྱང་ཚད་ལྡན་པའི་མི་སྣ་བཟང་པོ་རེ་རེ་གསོ་སྐྱོང་བྱ་རྒྱུའི་ཐད་ནས་ཡུན་རིང་ལ་གང་ཞིག་འདེམ་མིན་ཐེ་ཚོམ་གནས་སུ་གྱར་རྗེས། མཐར་རང་སོའི་མིག་མདུན་གྱི་ཁེ་ཕན་ཉེ་ཚེ་བ་སྲུང་སྟེ། རྫོང་མཁར་རེ་རེའམ་སློབ་གྲྭ་སོ་སོའི་མིང་གྲགས་མཐོ་རུ་འདེགས་ནས་གོང་གི་དབུ་ཁྲིད་མཉེས་ཤིང་རང་དང་སློབ་གྲྭའི་གྲགས་པ་འཕེལ་བའི་ཐབས་སུ། སྐར་མའི་དཔྱ་ཁྲལ་བསྒྲུབས་པའི་ལས་འདི་བདམས་པ་རེད།  དེ་འདྲའི་དབང་གིས་དགེ་རྒན་ཚོས་ནི་ག་དུས་ཡིན་ཡང་འོག་གི་སློབ་མ་རྣམས་དལ་མེད་བྲན་དུ་བཀོལ་ཞིང་།  ཁོ་ཚོའི་ལུས་སེམས་གཉིས་ཀས་ཐེག་པར་དཀའ་ལ་ཚད་ལས་འདས་པའི་སློབ་སྦྱོང་གི་ཁུར་པོ་ལྗིད་པོ་རེ་བཀལ་བ་དང་།  ཉིན་རེ་ནས་ཉིན་རེ་བཞིན་སློབ་ཕྱིའི་སྦྱང་ཚན་གྱི་འབོར་ཚད་ཇེ་མང་དུ་བཏང་བས།  ད་ཆ་སློབ་མ་མང་པོ་ཞིག་ནི་སློབ་སྦྱོང་ཟེར་ན་སྐྱུག་ལ་ཁད་དང་། སྦྱོང་ཚན་ཟེར་ན་བརྒྱལ་ལ་ཁད་བྱེད་པ་ལྟ་བུའི་འ་ཆད་འུ་ཐུག་གི་གནས་སུ་གྱར་སོང་བ་དངོས་དོན་ཡིན། དེ་ནི་དགེ་རྒན་ཚོས་རང་གི་སློབ་མ་རྣམས་ད་ལྟ་གཟུགས་ཁམས་དང་ཤེས་ཡོན་སོགས་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བཞིན་པའི་མི་བུ་ཆུང་ཆུང་འབའ་ཞིག་ཡིན་ཚུལ་སྣང་མེད་དུ་བཞག་ནས། ཁོ་ཚོ་ནི་རང་གི་འདོད་འདུན་ནང་བཞིན་དོད་ཁལ་འགེལ་ཡུལ་གྱི་བོང་བུ་ལྟ་བུར་ངོས་བཟུང་བས་རེད།  དེར་བརྟེན་ངས་ཀྱང་རྩོམ་ཡིག་འདིའི་ཁ་བྱང་དུ་༼བོང་ཕྲུག་ལ་དོད་ཆེན་མ་འགེལ་༽ཞེས་སུ་འདོགས་དོན་ཡང་གནད་དོན་འདི་ལ་བསམས་པས་ཡིན་ཏེ། ལར་དགེ་རྒན་ལ་ལས་ང་ཚོའི་སློབ་མ་རྣམས་མི་ཞིག་ཡིན་པའི་ཚད་དུ་མ་བཟུང་བར།  བོང་བུ་ལྟ་བུ་ཞིག་ཏུ་ངོས་བཟུང་བ་ཡིན་ན།  སློབ་གྲྭ་ཆུང་བའི་སློབ་མ་རྣམས་ནི་ཤེས་ཡོན་དང་ན་ཚོད་གང་ནས་བརྟག་ཀྱང་བོང་ཕྲུག་ཆུང་ཆུང་ལྟ་བུ་རྐྱང་རྐྱང་ཡིན་པས།  བོང་ཕྲུག་ལ་དོད་པོ་ཆེན་པོ་བཀལ་ན་དོད་ཆེན་དམིགས་སར་སྐྱེལ་རྒྱུའི་ཚབ་ལ་བོང་ཕྲུག་གི་སྐེད་པ་ཆག་པའི་རྐྱེན་དུ་འགྱུར་འགྲོ་ཨང་།

 

      སྨད་ཆ།

 

དེང་སྐབས་རང་རེའི་རྨང་གཞིའི་སློབ་གསོའི་གནད་དོན་གཞན་ཞིག་ནི།  གཞི་རིམ་གྱི་སློབ་གྲྭ་མང་པོའི་འཛིན་གྲྭ་སོ་སོའི་གྱང་སྟེང་དུ་སྦྱར་བའི་སློབ་ཚན་རེའུ་མིག་ལ་བལྟས་ཚེ།  ངོ་མ་མཐོང་ན་ཞེ་སེམས་གཏིང་ནས་ཁྲོ་བ་དང་བསམ་ན་མིག་མཐའ་མཆི་མས་བརླན་པའི་རྒྱུ་རུ་གྱུར།  མ་གཞི་སློབ་ཆུང་ནས་བཟུང་སྟེ་འཛིན་གྲྭ་སོ་སོའི་ནང་གི་སློབ་ཚན་རེའུ་མིག་དག་མིག་ལ་བཀྲ་ཞིང་བཀོད་སྒྲིག་འོས་འཚམ་དང་། རིག་ཚན་མང་ཞིང་སྣ་ཁ་འཛོམས་པ་དང་།  དུས་དང་བསྟུན་ཞིང་ཕྱོགས་ཡོངས་སྐྱོང་བ་སོགས་ཀྱི་དགེ་མཚན་མངོན་གསལ་ལྡན་མོད།  དོན་དམ་དུ་ང་ཚོའི་སློབ་གྲྭ་མི་ཉུང་བས་ཡིག་རྒྱུགས་སློབ་གསོའི་ཤུལ་ལམ་འགྲིམ་པ་དང་།  བྱང་ཚད་སློབ་གསོར་རྒྱང་དུ་གཡོལ་བའི་ལྐོག་གྱུར་ཅན་གྱི་སློབ་ཁྲིད་བྱ་ལུགས་ཤིག་འདུག་པ་ནི། འཛིན་གྲྭ་མང་པོའི་དགེ་རྒན་ཚོས་འཛིན་གྲྭ་སོ་སོར་བསླབ་ཚན་འཆར་འགོད་ཀྱི་རེའུ་མིག་གཉིས་རེ་བཟོས་ཤིང་།  དེ་ལས་གཅིག་ནི་ཆེད་མངགས་གོང་ནས་གཟིགས་ཞིབ་ལྟ་སྐོར་ལ་ཕེབས་མཁན་ཚོར་སྤྱན་འབེབ་ཞུ་བྱེད་ཙམ་དུ་དམིགས་པ་དང་།  གཅིག་ཤོས་ནི་ད་གཟོད་འཛིན་གྲྭའི་ནང་དངོས་སུ་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུའི་སློབ་ཚན་རེའུ་མིག་རེད།  དེ་གཉིས་ལས་རེའུ་མིག་གོང་མ་ནི་རིག་ཚན་སྣ་ཁ་འཛོམས་ཤིང་འཆར་འགོད་ཚད་དང་མཐུན་ཡང་།  དེ་ནི་དོན་དངོས་ཐོག་ལག་ལེན་བསྟར་མཁན་མེད་པར་ཤེལ་སྒོའི་ནང་གི་མོག་མོག་ལྟ་བུ་ཡིན། རེའུ་མིག་གཉིས་པ་ནི་སློབ་མའི་ཡིག་རྒྱུགས་ཀྱི་སྐར་གྲངས་མཐོར་འདེགས་གཏོང་རྒྱུར་དགོས་ཕན་ཧ་ཅང་ཆེ་ཡང་།  བྱང་ཚད་སློབ་གསོའི་རེ་འདུན་དང་རྒྱབ་འགལ་གྱིས་བྱིས་པ་སྡུག་ལ་གཏོད་མཁན་བྱེད་གཏེ་ཉག་ཅིག་རེད།

བལྟས་ཚོད་ལ་ད་ཆའི་ང་ཚོའི་སློབ་མ་ཚོས་རྒྱ་བོད་རྩིས་གསུམ་སོགས་ཀྱི་བསླབ་གཞིའི་ནང་དོན་ལ་རྒྱུན་མཐུད་སློབ་སྦྱོང་བྱ་བ་དང་ཆབས་ཅིག   ཁོ་ཚོས་ལུས་རྩལ་དང་བདེ་ཐང་ཟེར་བ་དང་། ཀུན་སྤྱོད་དང་ཁྲིམས་སྐྱོང་ཟེར་བ། གླུ་དབྱངས་ཟེར་བ། རི་མོ་ཟེར་བ། སྤྱི་ཚོགས་ཀྱི་ལག་ལེན་ཟེར་བ། ཉི་གཞོན་འོག་གི་ལུས་སྦྱོང་ཟེར་བ་སོགས།  རྣ་ལ་སྙན་པའི་ཡིད་དབང་འགུག་པའི་ཤེས་བྱ་གཞན་པ་སྣ་མང་སྦྱོང་རྒྱུའི་འགོ་སྐལ་ལྡན་པ་བཟང་མོད།  དོན་དམ་དུ་སློབ་མ་ཚོས་སྦྱོང་སྤྲོ་ལ་རེ་ཞིང་སྒུག་པའི་རིག་ཚན་དེ་དག་ཕལ་ཆེ་བ་ནི་རྒྱ་ཡིག་དང་། བོད་ཡིག་དང་། རྩིས་རིག་སོགས་ཀྱི་རིག་ཚན་ཁག་ཅིག་གིས་བཙན་འཕྲོག་བྱས་ཏེ།  གཞན་པ་ལྟ་ཅི།   ཐ་ན་སློབ་མ་ཚོར་གཟའ་འཁོར་རེར་ལུས་རྩལ་ར་བ་ནས་རྩེད་དགོད་དང་སྤྲོ་སྣང་གིས་ཕྱུག་པའི་ལུས་རྩལ་སློབ་ཚན་ལ་ཚོགས་ཐུན་རེ་ཟུང་རོལ་རྒྱུའི་སྐལ་བས་དབེན།  རེད་དེ་ནམ་རྒྱུན་སློབ་གསོའི་ཁྱབ་ཁོངས་ཀྱི་འགོ་ཁྲིད་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་གཤམ་འོག་ཏུ་བརྟག་ཞིབ་དང་གཟིགས་བསྐོར་གནང་བར་ཡང་ཡང་ཕེབས་པ་ཡིན་མོད། འདི་ལྟ་བུའི་སློབ་གསོའི་གནད་དོན་གལ་ཆེན་དག་ཤེས་རྟོགས་མི་ཐུབ་པ་དང་།  དངོས་དོན་འདི་རིགས་ཀྱི་རྩ་བ་གཏིང་ནས་སྔོག་ཅིང་ནད་རྙིང་དྲུངས་ནས་ཕྱུང་སྟེ།  ཡང་དག་པའི་སྒོ་ནས་ཐག་གཅོད་བྱ་རྒྱུའི་བྱ་ཐབས་བཟང་ཤོས་རེ་འཚོལ་རྙེད་མི་ཐུབ་པ་འདི་ཡང་སྙིང་གང་གིས་ལན་སོང་བ་ཡིན།

དོན་དམ་དུ་བྱང་ཚད་སློབ་གསོ་ཟེར་བ་ནི་སློབ་མའི་ཀུན་སྤྱོད་དང་། ཤེས་རིག་དང་། གཟུགས་གཞི་དང་། མཛེས་ཆོས་དང་། ངལ་རྩོལ་སོགས་ཁྱོན་ཡོངས་ནས་དོ་མཉམ་སྒོས་ཡར་རྒྱས་ཡོང་ཐབས་བྱ་བ་དང་། སློབ་མ་མི་རེ་ངོ་རེའི་བག་ལ་ཞ་བའི་ནུས་པ་སྔོག་འདོན་དང་གསོ་སྐྱོང་ཡག་པོ་བྱ་རྒྱུ་ཡིན་འདུག་ན།   སྐར་གྲངས་ཁོ་ནར་དམིགས་ཤིང་ཡིག་རྒྱུགས་གཅིག་པུར་ཁ་ཕྱོགས་པའི་སློབ་གསོའི་གནས་སྟངས་འདིས།  ངེས་པ་དོན་གྱི་མི་རབས་རྗེས་མ་བཟང་པོ་ཞིག་གཏན་ནས་སྐྱོང་མི་ཐུབ་སྟེ་ནམ་ཡང་སྐྱོང་ཐབས་མེད།

ང་ཡིས་རྩོམ་ཐུང་འདི་འབྲི་བའི་དམིགས་ཡུལ་དང་དགོས་པ་དངོས་ནི།  དེ་སྔ་ལན་མང་བརྗོད་མྱོང་བ་ནང་བཞིན།   ད་ཆ་སློབ་མ་རྣམས་ལ་ཡིག་རྒྱུགས་ཀྱི་སྐར་གྲངས་མཐོ་པོ་མི་དགོས་ཟེར་བ་མ་ཡིན་ལ།  རྒྱུགས་འབྲས་ལེགས་པའི་སློབ་མ་ནི་སློབ་མ་བཟང་པོ་ཞིག་མིན་ཟེར་བ་ཡང་མ་ཡིན།  འོན་ཏེ་མཛུབ་མོ་ལྔ་ལ་རིང་ཐུང་ཡོད་པ་ནང་བཞིན་དུ།  སློབ་མ་རེ་རེ་དང་། འཛིན་གྲྭ་རེ་རེ་དང་། སློབ་གྲྭ་རེ་རེ་དང་། རྫོང་མཁར་རེ་རེ་དང་། ཐ་ན་ས་ཁུལ་ལམ་གྲོང་ཁྱེར་རེ་རེའི་སློབ་མའི་ཡིག་རྒྱུགས་ཀྱི་སྐར་གྲངས་ལ་མཐོ་དམའ་མཆིས་པ་འཇིག་རྟེན་འདིའི་ཆོས་ཉིད་ཡིན་ཞིང་།  ཆོས་ཉིད་དེའི་དབང་གིས་ལོ་ལྟར་རྒྱུགས་འབྲས་ཐད་ཨང་གྲལ་བསྒྲིག་དུས་བཟང་ཞན་དང་རྒྱབ་མདུན་གྱི་རིམ་པ་ལྡན་པས།  སྐབས་རེ་གྲལ་མགོར་སླེབས་པ་དང་སྐབས་རེ་གྲལ་མཇུག་ཏུ་ལུས་པ་ཡང་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཏེ།   དེ་ཡང་དཔེ་ཞིག་བཞག་པ་ཡིན་ན།  གལ་ཏེ་འགོ་ཁྲིད་བརྒྱ་ལ་ཤོག་ཐོག་གི་ཡིག་རྒྱུགས་ཐེངས་ཤིག་བླངས་པའི་དབང་དུ་བཏང་ཚེ།  དེ་དག་ལས་རེ་འགའ་སྐར་གྲངས་མཐོ་ལ་རེ་འགའ་རྒྱུགས་འབྲས་ཞན་པ་ཡོང་རྒྱུར་སྨོས་ཅི་དགོས། དེས་ན་ང་ཚོས་སྐར་གྲངས་མཐོ་བའི་འགོ་ཁྲིད་ཚང་མ་འཇོན་ནུས་ཅན་འབའ་ཞིག་དང་།  སྐར་གྲངས་དམའ་བའི་འགོ་ཁྲིད་ཚང་མ་ནུས་མེད་ཤ་སྟག་རེད་ཅེས་བརྗོད་ན། གྲལ་འགོར་སླེབས་པའི་འགོ་ཁྲིད་ཕལ་ཆེར་མགུ་ཞིང་མགོ་བོ་ནང་དུ་ལྡེམ་ངེས་ཀྱང་།  གྲལ་མཐར་ལྷུང་བའི་འགོ་ཁྲིད་ཚོས་རང་ཉིད་ནུས་མེད་ཡིན་པའི་ཁས་ལེན་ག་ལ་བྱེད།

མིག་སྔར་རྒྱུགས་འབྲས་གཅིག་པུར་བརྟེན་ནས་སློབ་རིམ་འཕར་འཇོག་དང་སློབ་མའི་མདུན་ལམ་གཏན་འཁེལ་བྱེད་པ་ནི། རང་རྒྱལ་གྱི་ད་ཆའི་སློབ་གསོའི་སྒྲིག་གཞིའི་གནད་དོན་ཡིན་པས། མི་བུ་སྒེར་སུ་དང་གང་གིས་དེ་ལ་བསྒྱུར་བཅོས་བྱ་བའི་ཐབས་མེད་ཀྱང་།  གཞུང་བསླབ་མི་སྐྱོང་གི་བྱ་བ་ནི་དུས་ཡུན་རིང་ཞིང་རྙོག་འཛིང་ཆེ་བའི་ལས་གཞི་ཆེན་པོ་ཞིག་ཡིན་ན།  ང་ཚོས་སྐར་གྲངས་ཁོ་ན་སློབ་གསོའི་མཐའ་འབྲས་སུ་མ་དགོངས་པར།  དང་ཐོག་འགོ་ཁྲིད་མི་སྣ་ཚོས་ནི་མིག་རྒྱང་ཡངས་པོས་མ་འོངས་པའི་སྤྱི་ཚོགས་ཀྱི་ཤུལ་འཛིན་མི་སྣའི་དགོས་མཁོར་ཕྱོགས་ནས་སློབ་གསོར་མཛུབ་སྟོན་བྱ་བ་དང་། སློབ་གྲྭ་སོ་སོས་ནི་སློབ་མའི་མི་ཚེ་གང་པོའི་མདུན་ལམ་ལ་དམིགས་ནས་ཁོ་ཚོའི་ཕྱོགས་ཡོངས་གོང་འཕེལ་དང་འཚར་ལོངས་ཡོང་བའི་ཐབས་ལམ་སྣ་མང་ལ་འབད་པ་དང་། དགེ་རྒན་ཚོས་ནི་སློབ་མའི་ན་ཚོད་དང་ཤེས་ཚད་ཆུད་ཚད་ལ་དཔག་པའི་རིག་ཚན་སྣེ་མང་གི་སློབ་གསོ་སློབ་ཁྲིད་དང་སྦྱོང་ཚན་བཀོད་སྒྲིག་བྱ་བ་བཅས་བྱས་ཏེ། མདོར་ན་མེས་རྒྱལ་དང་།  མི་རིགས་དང་།  ཁྱིམ་ཚང་རེ་རེའི་འབྱུང་འགྱུར་གྱི་བདག་པོ་རྣམས་ཀུན་སྤྱོད་བཟང་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་དང་།  གཟུགས་གཞི་བདེ་ཞིང་མི་ཚེའི་ཁ་ཕྱོགས་གསལ་བ། མཛེས་ཆོས་ལྡན་ཞིང་ངལ་རྩོལ་རིགས་ལ་དགའ་བ།  ཞི་བར་མོས་ཞིང་བདེ་སྐྱིད་འཚོ་བར་བརྩོན་པའི་མི་བུ་ཡག་པོ་གསོ་ཕྱིར། ཚང་མས་གཡས་གཞོགས་གཡོན་འདེགས་དང་འཕྱར་བ་གྲུ་འདེགས་ཐོག་བརྩོན་པ་ལྷུར་ལེན་བྱ་འོས་སྙམ་མོ། །

 

༢༠༡༨.༡༡.༢ཉིན་གཙང་གི་གཞིས་ཀ་བསམ་གྲུབ་རྩེ་ནས་རྫོགས་པར་བྲིས་ཤིང་སྤེལ།

བརྒྱུད་སྐུལ།

མཆན་སྤེལ།