༄༅།།མཁས་དབང་བློ་བཟང་དབྱིག་གཉེན་མཆོག་སྐུ་གཤེགས་པར་མྱ་ངན་ཞུ།

༄༅།།མཁས་དབང་བློ་བཟང་དབྱིག་གཉེན་མཆོག་སྐུ་གཤེགས་པར་མྱ་ངན་ཞུ།

ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་གསོ་བ་རིག་པ་མཁས་ཅན་དང་། ལྷ་ལྡན་སྨན་རྩིས་གླིང་གི་རྩ་ཆེའི་སྨན་པ་མཁས་དབང་བློ་བཟང་དབྱིག་གཉེན་མཆོག་སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ཚེས་ ༡༨ ཉིན་གནས་མཆོག་ལྷ་སར་སྐུ་གཤེགས་པར་སྐྱོ་སེམས་དྲག་པོས་མྱ་ངན་དང་དྲན་གསོ་ཞུ།

དེ་ཡང་མཁས་དབང་བློ་བཟང་དབྱིག་གཉེན་མཆོག་ནི། མེ་བྱ་ལོ་སྟེ་སྤྱི་ལོ་ ༡༩༣༦ ལོར་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་ཁོངས་སུ་སྐུ་འཁྲུངས།   དགུང་གྲངས་ ༡༢ ལ་ཕེབས་པ་མེ་ཕག་སྤྱི་ལོ་ ༡༩༤༧ ལོར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་སྨན་གྱི་སློབ་གྲྭ་ལྟ་ན་སྡུག་ཏུ་བོད་ཀྱི་གསོ་བ་རིག་པ་གཙོ་བོར་འགྱུར་པའི་སྨན་རྩིས་གཉིས་ལ་སློབ་གཉེར་གནང་འགོ་ཚུགས། ལྕགས་རི་འགྲོ་ཕན་གླིང་དུ་བགྲང་བྱ་བཅུ་ལ་ཉེ་བ་དཔལ་ལྡན་རྒྱུད་བཞིས་གཙོས་པའི་གསོ་བ་རིག་པའི་གཞུང་ལུགས་མན་ངག་དང་། ནད་ཐོག་ལག་ལེན། སྨན་ངོ་ངོས་འཛིན་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་རང་ལོ་ ༢༠ ལ་ཕེབས་པ་མེ་སྤྲེལ་ལོ་སྟེ་སྤྱི་ལོ་ ༡༩༥༦ ལོར་སློབ་གྲྭ་དངོས་སུ་ཐོན། སྔ་ཕྱིར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དང་། ལྷ་ལྡན་སྨན་རྩིས་གླིང་གཉིས་སུ་སྨན་པའི་བྱ་བ་གཉེར་ཞིང་། སྨན་པ་འབུམ་རམས་པ་དང་། སློབ་ཆེན་སློབ་གནས་སོགས་ཀྱི་ཡོན་ཚད་ཐོབ་ཡོད་ལ། དེ་བཞིན་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་བ་རིག་པའི་གྲགས་ཅན་སྨན་པའི་མཚན་སྙན་སོགས་གསོལ་ཡོད།


མིང་སྟག་སྤྱི་ལོ་ ༡༩༧༤ ལོར་གོང་རིམ་གྱི་བཀའ་ལྟར་གསོ་རིག་ཞིབ་འཇུག་ཚོགས་ཆུང་དུ་ལས་བགོས་གནང་ཞིང་། དེའི་རིང་ཁོང་གིས་ནད་ཐོག་ཞིབ་འཇུག་ཐད་ཀྱི་ཕྱག་ལས་གཙོ་བོ་གནང་ནས་སྔ་ཕྱིར་ཕོ་བ་སྨུག་པོའི་ནད་དང་། ཁྲག་ཤེད་མཐོ་བའི་ནད། རུས་ཆག་གཉན་ཚད་ཀྱི་ནད། ཕོ་རུབ་ཀྱི་ནད་སོགས་ལ་ཞིབ་འཇུག་གིས་གྲུབ་འབྲས་ལེགས་པོ་ཐོབ་ཡོད་ལ། སྔ་རྗེས་སུ་དམུ་ཆུའི་བཅོས་ཐབས་རྒན་པོའི་ལག་ལེན་སོགས་ནད་ཐོག་ལག་ལེན་སྐོར་གྱི་རྩོམ་ཡིག་བཅུ་གྲངས་རྩོམ་འབྲི་འགྲེམ་སྤེལ་དང་། བུད་མེད་ཀྱི་སྐྱེ་རྒྱུན་འགོག་པའི་སྨན་གསར་ཚོད་ཞིབ་གནང་ནས་སྐབས་དེའི་འཆར་ལྡན་བུ་བཙའི་ལས་དོན་སོགས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

སྨན་པ་མཁས་པ་ཁོང་གི་སྐུ་ཚེ་ཧྲིལ་པོ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་སྤྱི་དང་། ཁྱད་པར་འགྲོ་བ་ནད་པའི་གདུང་བ་སེལ་བའི་དོན་དུ་ལེགས་སྐྱེས་སུ་ཕུལ་ཡོད་དེ། ཁོང་ཉིད་དགུང་གྲངས་ ༢༡ པ་སྟེ་སྤྱི་ལོ་ ༡༩༥༦ ལོར་སློབ་མཐར་ཕྱིན་པ་ནས་སྤྱི་ལོ་ ༢༠༡༩ ལོའི་ལོ་སྟོད་བར་ཁྱོན་བགྲང་བྱ་ ༦༣ ཙམ་ནད་ཐོག་དངོས་སུ་བཞུགས་ནས་འགྲོ་བ་ནད་པ་ཁྲི་སྟོང་མང་པོའི་ནད་ཀྱི་གདུང་བ་སེལ་བའི་བྱ་བ་ཆད་མེད་རྒྱུན་བསྐྱངས་གནང་ཡོད་ཅིང་། དེའི་རིང་ཁོང་གིས་ནད་གཞི་སྤྱི་དང་ཁྱད་པར་སྙིང་ནད་གསོ་དཀའི་རིགས་དང་། དམུ་ཆུའི་ནད། མཆིན་ཚད་དང་མཆིན་ཁྲག་སྨུག་པོ་རྒྱས་པའི་ནད། དེ་བཞིན་གསོ་དཀའི་མོ་ནད་རིགས་དང་། ཕོ་བའི་འབྲས་སྐྲན་ནད་སོགས་ལ་གཞུང་དང་མན་ངག །རྩ་ཆེའི་ལག་ལེན་མྱོང་བ་སོགས་ལ་ཕྱོགས་བསྡོམས་ཞིབ་འཇུག་གིས་སྨན་གསར་སྦྱོར་བཟོ་དང་། མན་ངག་ཁ་ཚར་སྡེབས་པ་སོགས་ཀྱིས་རྒྱ་ཆེའི་ནད་པ་མང་པོར་ཚེ་སྲོག་བསྐྱར་སྦྱིན་དང་། ནད་གདུང་མྱུར་སེལ་གནང་བར་ལོ་མང་རིང་མང་ཚོགས་ཀྱིས་གདེང་འཇོག་མཐོ་པོ་དང་དགའ་བསུ་ཚད་མེད་ཐོབ་ཡོད་ལ། གོང་རིམ་ནས་གཟེངས་རྟགས་ཀྱང་ཐེངས་མང་གནང་ཡོད།

ལྷག་པར་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་རྒྱུན་འཛིན་གྱི་ཐད་ལ། རྒན་ཉིད་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ལོ་མང་རིང་བོད་སྨན་བདུད་རྩི་སྨན་སྒྲུབ་ཆེན་མོའི་སློབ་དཔོན་གྱི་འགན་བཞེས་ནས་དེ་ཉིད་མི་ཉམས་རྒྱུན་འཛིན་དང་། དེ་བཞིན་དཔལ་ལྡན་རྒྱུད་བཞིའི་ལྕགས་པོ་རིའི་ལུགས་ཀྱི་སྐྱོར་རྟའི་སློབ་རྒྱུན་དག་བུ་སློབ་ཚོར་འཆད་ཁྲིད་ཀྱིས་ད་ལྟ་མི་ཉམས་རྒྱུན་འཛིན་ཐུབ་པ་བྱུང་ཡོད་པ་སོགས་སྐུ་ཚེ་ཧྲིལ་པོ་གསོ་རིག་བསྟན་པའི་དོན་དུ་དུས་འདའ་བར་མཛད་ཡོད།

གསོ་རིག་སྐྱེས་ཆེན་དག་རེ་རེ་ཞིང་གཞན་དུ་བཞུད་པའི་ཤུལ་ལམ་དུ། ང་ཚོས་སྙིང་དབུས་ནས་ཁོང་རྣམ་པའི་བླ་མེད་མཛད་རྗེས་དག་ལ་དྲན་གསོ་དང་བཀའ་དྲིན་སྙིང་བཅངས་ཞུ་འོས་ལ། དེ་བས་ནམ་མཁའ་དང་མཉམ་པའི་སེམས་ཅན་ལ་ནམ་མཁའ་དང་མཉམ་པའི་ཕན་ཐོགས་རེ་སྒྲུབ་པའི་ཆེས་གཟི་བརྗིད་དང་དཀའ་ཚེགས་ཀྱི་འགན་ཁྲི་དག་རིམ་པས་ང་ཚོའི་ཕྲག་ཐོག་ཏུ་ལྷུངས་ཡོད་པའང་གསལ་རྟོགས་ཐུབ་པ་དགོས་ཤིང་། དེ་ལ་བརྟེན་ནས་སྙིང་སྟོབས་ཆེར་བསྐྱེད་དང་། འབད་པ་ལྷུར་ལེན་གྱིས་གསོ་རིག་བསྟན་པ་དངོས་ལ་ཕན་ངེས་ཀྱི་མིག་མཐོང་ལག་ཟིན་ཐུབ་པའི་བྱ་བ་རེ་སྒྲུབ་ཐུབ་ན། ད་གཟོད་སྐྱེས་ཆེན་རྣམས་ཀྱི་དགོངས་པ་ཆུད་ཟོས་སུ་མི་འགྲོ་བ་གང་ཞིག །དེ་ནི་ཁོང་རྣམས་ལ་དྲན་གསོ་དང་མྱ་ངན་ཞུ་སྟངས་ཆེས་ལེགས་ཤོས་ཤིག་ཡིན་པར་འདོད་དོ།།

 

སྐྱེས་ཆེན་ཕ་མཐར་བཞུད་པའི་ཤུལ་ལམ་དུ། །

མི་བཟོད་མྱ་ངན་ཁུར་པོ་ལྗིད་མོ་རེ། །

སུ་ཞིག་དེ་ཡི་འཕྲིན་ལས་དོན་གཉེར་བ། །

དེ་ནི་ཁུར་བརྒྱས་ནོན་པ་མ་ཡིན་ནོ། །

ཞེས་ཀྱང་སྨྲའོ། །

 

འདི་ནི་སྨན་རྩིས་བསྟན་པའི་གྲལ་མཐའ་བ་གངས་མ་ཆར་དུ་འབོད་པ་གང་དེས་སྨན་པ་མཁས་པ་ཁོང་ལ་མྱ་ངན་ཞུ་བའི་དོད་དུ་སྦྱར་བ་གང་ཉིད་སྨན་བླའི་དྲུང་དུ་སྐྱེ་བའི་སྨོན་ལམ་བཟང་པོ་དང་བཅས། ༢༠༡༩ ལོའི་ཟླ་ ༣ ཚེས་ ༡༩ ཉིན།

བརྒྱུད་སྐུལ།

མཆན་སྤེལ།