སྟོན་པའི་དུས་ཆེན་ཁག་གི་ངོ་སྤྲོད།

སྟོན་པའི་དུས་ཆེན་ཁག་གི་ངོ་སྤྲོད།
རྩོམ་པ་པོ།:དགེ་བཤེས་དཔལ་སྡན་གྲགས་པ། དུས་ཚོད:2010 ལོའི་ཟླ་ 07 ཚེས་ 13 ཉིན།

༄༅། ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །

དེ་ལ་སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་གསུངས་པ་ལྟར། འདིར་སངས་རྒྱས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་རྣམ་ཐར་རྒྱ་མཚོ་ལྟ་བུའི་ནང་ནས་མཛད་ཆེན་ཁག་བསྟན་པའི་དུས་ཆེན་གྱི་སྐོར་མཁས་དབང་དུ་མའི་གསུང་ལས་བཏུས་ཏེ་མདོར་བསྡུས་ཙམ་གླེང་བར།

དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས། དང་པོ་མ་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པས་མནར་ཞིང་། བདེ་བ་རྒྱུ་དང་བཅས་པས་ཕོངས་པར་མི་བཟོད་པའི་ཐུགས་བརྩེ་བ་ཆེན་པོས་དྲངས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དགོངས་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞིའི་ཉམས་ལེན་ལས་བརྩམས་ཏེ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡི་ཤེས་ཀྱི་ཚོགས་བསགས། མཐར་བསྐལ་བཟང་སངས་རྒྱས་སྟོང་གིས་སངས་རྒྱས་པའི་མཛད་པ་བསྟན་པའི་གནས་མཆོག་ཁྱད་པར་ཅན་འཕགས་ཡུལ་རྡོ་རྗེ་གདན་དུ་ཡད་དག་པར་རྫོགས་པའི་སངས་རྒྱས་པ་སྟེ། སྤང་དགོས་ཀྱི་སྒྲིབ་པ་ཐམས་ཅད་སངས་ཤིང་དག་པ་དང་། མཁྱེན་དགོས་ཀྱི་ཤེས་བྱ་ཐམས་ཅད་དུས་གཅིག་ཆར་དུ་མངོན་སུམ་དུ་གཟིགས་པའི་བློ་གྲོས་རྒྱས་པའི་མཛད་པ་བསྟན་ནས། ཐུགས་བརྩེ་བ་ཆེན་པོས་གདུལ་བྱ་རྣམས་རང་རང་གི་སྐལ་བ་དང་འཚམས་པའི་སྡུག་བསྔལ་སེལ་ཐབས་དང་། བདེ་བ་སྒྲུབ་ཐབས་བླང་དོར་གྱི་གནས་མཐའ་ཡས་པ་ཞིག་བཀའ་བསྩལ་བ་ལས། མདོ་རྒྱ་ཆེར་རོལ་པར། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་སོགས་གདམས་པར་མཛད་དེ། དེ་ཡང་སེམས་ཅན་རྣམས་དུས་རྟག་ཏུ་བདེ་བ་འདོད་ཅིང་། སྡུག་བསྔལ་སྐད་ཅིག་ཙམ་ཡང་མི་འདོད་པར་མཚུངས་ལ། དེ་ལ་བསོད་ནམས་བསགས་ན་མི་འདོད་པའི་སྡུག་བསྡལ་ཉེས་སྐྱོན་ཐམས་ཅད་སེལ་ཐུབ་པ་དང་། གནས་སྐབས་དང་མཐར་ཐུག་གི་འདོད་དོན་བདེ་དགེ་ཐམས་ཅད་འགྲུབ་ཐུབ་པར་གསུངས་པ་ལྟར། བསོད་ནམས་བསགས་པ་ལ་ཅི་ནུས་ཀྱི་འབད་བརྩོན་བྱེད་པ་ཤིན་ཏུ་གལ་ཆེ།

དེ་ཡང་བསོད་ནམས་བསགས་པ་ལ་ཐམས་ཚུལ་རྟེན་འབྲེལ་ལེགས་འགྲིགས་བྱུང་ན།ཚེགས་ཆུང་ངུས་ཀྱང་རླབས་ཆེན་གྱི་བསོད་ནམས་བསག་ཚུལ་མང་དུ་ཡོད་པར་གསུངས་ཤིང་། དེ་ཡང་ཞིང་དང་། བསམ་པ་དང་། སྦྱོར་བ་དང་། དུས་སོགས་ཀྱི་སྒོ་ནས་ཁྱད་པར་འགྱུར་བ་ཡིན་ཏེ། དཔེར་ན༐ ཁ་ཟས་ཁམ་ཅིག་ཙམ་ལྟ་བུ་དེ་ཡང་ཡོན་ཏན་གྱི་ཞིང་། ཆོས་སྟོན་པའི་བླ་མ་སངས་རྒྱས་བྱང་སེམས་སོགས་སྐྱེས་བུ་དམ་པ་རྣམས་དང་། ཆོས་སྒྲུབ་པའི་དགེ་འདུན་གྱི་ཚོགས། ཕན་འདོགས་པའི་ཞིང་ཕ་མ་དང་། ཉམ་ཐག་པའི་ཞིང་ནད་པ་སོགས་ལ་སྦྱིན་ན་གཞན་ལ་སྦྱིན་པ་ལས་བསོད་ནམས་ཆེ་བ་དང་།
ཡང་ཟས་དེ་ལྟ་བུ་ཞིག་སྦྱིན་ཡུལ་བྱ་ཁྱི་ལྟ་བུ་ལ་སྦྱིན་པའི་ཚེའང་། ཀུན་སློང་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་དང་། དེའི་ཆེད་དུ་འདི་ལྟ་བུ་ཡན་ཆད་ཀྱིས་བསོད་ནམས་བསགས་དགོས་སྙམ་ནས་སྦྱིན་པ་དང་། གཞན་ཡང་རང་གིས་དགེ་བ་གང་བྱས་རྣམས་ལ་རྗེས་སུ་ཡི་རང་བྱས་ན་བསམ་པའི་སྟོབས་ཀྱིས་གཞན་ལས་ཕན་རླབས་ཆེ་བ་དང་།
དེ་བཞིན་དུ་སྦྱིན་ཡུལ་མཆོག་དམན་སུ་འདྲ་ཞིག་ཡིན་རུང་དེ་དང་དེ་ལ་ཁེངས་དྲེགས་ཁྱད་གསོད་ཀྱི་རྣམ་འགྱུར་མེད་པར། རང་གི་ལག་གིས་གུས་ཞབས་ཞེ་ས་དང་བཅས་ཏེ་དངོས་རྫས་ཆུང་ངུ་ཞིག་སྦྱིན་ནའང་སྦྱོར་བའི་སྒོ་ནས་རླབས་ཆེ་བ་དང་།

ཡང་དངོས་རྫས་ཆེ་ཆུང་གང་ཡིན་རུང་ཚེས་བཟང་དུས་བཟང་སྐབས་དང་། ཡུལ་ཁམས་ལ་མུ་གེ་སོགས་བྱུང་བའི་དུས་ལྟ་བུ་ལ་སྦྱིན་ན། དུས་ཀྱི་དབང་གིས་གཞན་ལས་འགྱུར་སྟོབས་ཤིན་ཏུ་ཆེ་བར་གསུངས་སོ། །

དེ་ལྟ་ན་དེ་འདྲ་རེ་རེའི་སྒོ་ནས་ཀྱང་བསོད་ནམས་བསག་པ་ལ་རླབས་ཆེ་བའི་ཁྱད་པར་ཡོད་ན། དེ་དག་ཡོངས་རྫོགས་སམ་མང་པོ་སྟབས་ཅིག་ལ་འཛོམས་ན་འགྱུར་སྟོབས་དང་རླབས་ཤིན་ཏུ་ཆེ་བར་སྨོས་མ་དགོས་ལ། དེ་ནི་དཔེར་ན། ས་ཞིང་ལེགས་པ་ཞིག་ཏུ་ནམ་དུས་རན་པའི་སྐབས་སུ་ལེ་ལོ་མེད་པར་རེ་འདོད་དང་སེམས་ཤུགས་ཆེན་པོས་ས་བོན་འདེབས་ལས་ལེགས་པར་བགྱིས་ན་དེའི་གྲུབ་འབྲས་གཞན་ལས་ཁྱད་པར་ཆེན་པོ་ཡོང་པ་ལྟ་བུ་ཡིན་པར་སེམས་སེམས་སོ། །

དེས་ན་སངས་རྒྱས་བྱང་སེམས་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་དམིགས་བསལ་གྱི་མཛད་པ་རླབས་པོ་ཆེ་མཛད་ཅིང་བྱིན་གྱིས་བརླབས་པའི་དུས་ཆེན་རྣམས་སུ་དགེ་སྡིག་གང་བསག་ཀྱང་འགྱུར་སྟོབས་ཤིན་ཏུ་ཆེ་པར་གསུངས་པས་ན། འདི་དག་གི་སྐོར་ཤེས་ནས་སྤང་བླངས་འཇུག་ལྡོག་ལ་འབད་པ་གལ་ཆེ་བས། འདིར་བདག་ཅག་གི་སྟོན་པའི་དུས་ཆེན་སྐོར་ཅུང་ཟད་ཞུ་ན།
དེ་ལ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་དུས་ཆེན་ལ་གྲགས་ཆེ་བ་ལྷུམས་སུ་བཞུགས་པའི་དུས་ཆེན་དང་། སྐུ་བལྟམས་པའི་དུས་ཆེན། རབ་ཏུ་བྱུང་བའི་དུས་ཆེན། སངས་རྒྱས་པའི་དུས་ཆེན། ཆོས་འཁོར་བསྐོར་བའི་དུས་ཆེན། ལྷ་ལས་བབས་པའི་དུས་ཆེན། ཆོ་འཕྲུལ་ཆེན་པོའི་དུས་ཆེན། མྱ་ངན་ལས་འདས་པའི་དུས་ཆེན་བཅས་བརྒྱད་ཡོད་པ་ལས་ཡོངས་སུ་གྲགས་པའི་དུས་ཆེན་བཞི་ནི། མངོན་པར་རྫོགས་པ་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ལྷ་ལས་བབས་པ་དང་། ཆོ་འཕྲུལ་ཆེན་པོའི་དུས་ཆེན་བཅས་ཡིན་ལ། དེ་ཡང་དུས་ཆེན་བརྒྱད་པོ་དེ༐ དེ་བཞིའི་ནང་དུ་འདུས་པའི་དབང་དུ་བྱས་པར་མངོན་ཏེ། དེ་ལ་སྐུ་བལྟམས་པ་ནི་ཆོ་འཕྲུལ་གྱི་དུས་ཆེན་ནང་དུ་འདུ་བ་དང་། ལྷུམས་སུ་ཞུགས་པ་དང་མྱ་ངན་ལས་འདས་པའི་དུས་ཆེན་གཉིས་ནི་སངས་རྒྱས་པའི་དུས་ཆེན་ནང་དུ་འདུས་ལ། རབ་ཏུ་བྱུང་བའི་དུས་ཆེན་ཡང་སངས་རྒྱས་པའི་དུས་ཆེན་དང་དུས་ཆེས་ཉེ་བས་དེར་བསྡུས་པ་ཡིན་ཏེ། འདི་དག་གི་ཚུལ་འོག་ཏུ་བརྗོད་པ་དེས་གོ་ནུས་སོ།
དུས་ཚེས་དེ་དག་གི་ལོ་ཟླ་ཚེས་གྲངས་ངོས་འཛིན་སྐོར་ལ་སྔོན་བྱོན་མཁས་དབང་རྣམས་ཀྱི་བཞེད་སྲོལ་འདྲ་མིན་མང་དུ་ཡོད་ཀྱང་། དེང་ཡོངས་གྲགས་ཧོར་ཟླ་དང་སྦྱར་ནས་བརྩི་སྲོལ་ལྟར་ན། ལྷོར་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོའི་དུས་ཆེན་དང་། ཡང་དེའི་ཚེས་བཅོ་ལྔ་ལ་སྐུ་བལྟམས་པའི་དུས་ཆེན་དང་། ཧོར་ཟླ་བཞི་པའི་ཚེས་བརྒྱད་ལ་རབ་ཏུ་བྱུང་པའི་དུས་ཆེན་དང་། ཡང་དེའི་ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས་པ། མངོན་པར་སངས་རྒྱས་པ། སྐུ་མྱ་ངན་ལས་འདའ་ཚུལ་བསྟན་པའི་དུས་ཆེན་བཅས་དུས་ཆེན་གསུམ་འཛོམས་དང་། ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཏེ་དུས་ཆེན་བརྒྱད་ཀྱི་ངོས་འཛིན་དེ་ལྟར་དུ་གྲགས་སོ། །

གཞན་ཡང་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་སྟོན་པ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་པའི་དུས་ཆེན་ཡིན་པར་མ་ཟད། ད་ལྟའང་ཤམ་བྷ་ལར་རིགས་ལྡན་རྒྱལ་པོས་ལོ་ལྟར་དབང་བསྐུར་མཛད་པའི་དུས་ཆེན་དང་། དེ་བཞིན་དུ་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ནི་དགེ་སློང་མ་དཔལ་མོས་སྤྱན་རས་གཟིགས་བསྒྲུབས་ནས་མཆོག་གི་དངོས་གྲུབ་བརྙེས་པའི་དུས་ཆེན་ཡིན་པར་ཡང་གསུངས་སོ། །

གཞན་ཡང་ཟླ་བ་ཉ་གང་བའམ་སྟོང་པའི་དུས་དང་། ལྷག་པར་ཉི་འཛིན་ཟླ་འཛིན་བཅས་ཀྱི་དུས་ནི་ལྷ་དང་ལྷ་མ་ཡིན་ཆེར་འཐབ་པའི་དུས་དང་༐ ཉི་ཟླ་གཉིས་སྒྲ་གཅན་གྱིས་ཟིན་པར་སངས་རྒྱས་ཀྱིས་གྲོལ་ཐབས་མཛད་པའི་དུས་ཡིན་པ་དང་། དེ་བཞིན་དུ་ཚེས་བརྒྱད་གང་ཡིན་ལ་ཆུ་སྲིན་རྣམས་ཀྱིས་རྒྱ་མཚོའི་ནང་གི་སྲོགས་ཆགས་ཆེས་མང་པོ་བསད་པའི་དུས་ཡིན་ཚུལ་མཁས་དབང་འགས་གསུངས་སོ། །
དེ་ལ་འདུལ་བའི་གཞུང་དུ་ནི་ཟླ་བ་ཡར་ངོའི་ཚེས་བརྒྱད་དང་། བཅུ་བཞི་བཅོ་ལྔ་བཅས་གསུམ་དང་། ཟླ་བ་མར་ངོའི་ཚེས་བརྒྱད་དང་། བཅུ་བཞི༐ བཅོ་ལྔ་སྟེ། ཡོངས་གྲགས་ཀྱི་ཚེས་ཉེར་གསུམ་དང་། ཉེར་དགུ། གནམ་སྟོང་བཅས་ཀྱི་དུས་སུ་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་འཛམ་གླིང་འདིར་སྐྱེ་བོ་རྣམས་དགེ་སྡིག་གང་བྱེད་གཟིགས་པར་ཕེབས་པའི་དུས་ཆེན་དང་། དེ་ཡང་ཡར་ངོ་མར་ངོའི་ཚེས་བརྒྱད་ལ་ལྷའི་འཁོར་རྣམས་དང་༐ ཚེས་བཅུ་བཞི་ལ་ལྷའི་བུ་དང་བུ་མོ་རྣམས་དང་། ཚེས་བཅོ་ལྔ་ལ་ལྷའི་གཙོ་བོ་རྣམས་གཟིགས་བསྐོར་ལ་ཕེབས་པའི་དུས་ཡིན་ཚུལ་ཡང་གསུངས་སོ། །

དེ་ཡང་བཤད་ཚུལ་འདི་དག་ནི་སྔོན་གྱི་གཏམ་རྒྱུད་ལ་གྲགས་པ་དང་། གདུལ་བྱ་ཐུན་མོང་བ་རྣམས་ཀྱི་གོ་བདེ་བའི་དབང་དུ་བྱས་པ་ཡིན་ལ། ཐུན་མོང་མ་ཡིན་པ་གསང་སྔགས་བླ་མེད་ཀྱི་ལུགས་ལྟར་ན་ཕྱིའི་ཟླ་བའི་དཀར་ཆ་ཡར་མར་དུ་འཕེལ་འགྲིབ་དང་། ནང་གི་ཐིག་ལེ་ཡར་མར་དུ་བགྲོད་ཚུལ་གྱི་རྟེན་འབྲེལ་དང་། ཁྱད་པར་དུ་ཉི་ཟླ་གཟའ་འཛིན་ཀྱང་ནང་གི་ལས་རླུང་རྩ་ཁམས་སུ་རྒྱུ་ཚུལ་གྱི་རྟེན་འབྲེལ་ལྟོས་གྲུབ་ལས་དགེ་སྡིག་གང་བྱས་འགྱུར་ཆེ་བ་ཡོང་བའི་གནད་ཅིག་ཀྱང་ཡོད་ཚུལ་སྣང་བས། ཐུན་མོང་བར་བཤད་པ་ཐམས་ཅད་ཀྱང་མཐར་ཚུལ་འདི་ལ་གཞོལ་བའི་ཐབས་སུ་གོ་དགོས་པར་སེམས་སོ། །

གོང་གསལ་དུ་དུས་ཆེན་རྣམས་ལས་ས་ག་ཟླ་བའི་ཚེས་བཅོ་ལྔ་དེ་ཉིད་སྟོན་པ་སངས་རྒྱས་པའི་དུས་ཆེན་ཡིན་པར་རྩོད་མེད་ཡོངས་གྲགས་ལྟར་ལ༐ དེ་ཡང་སྲོད་ལ་བདུད་བཏུལ། དགུང་ལ་མཉམ་བཞག །ཐོ་རེངས་ལ་མངོན་པར་རྫོགས་པར་སངས་རྒྱས་པར་གསུངས་པའི་ཐོ་རེངས་དེ་ཚེས་བཅོ་ལྔའི་སྔ་ཐོག་གི་དུས་ལ་གོ་དགོས་སམ། དེའི་མཚན་མོའི་དུས་ཤིག་ལ་གོ་དགོས་པ་གང་ཡིན་སྙམ་ན། འདི་ལ་ལུང་འགའ་ཞིག་གི་དགོངས་པ་འགྲེལ་ཚུལ་གྱི་ཁྱད་པར་ལས་འདོད་ཚུལ་འདྲ་མིན་ཡོད་དེ། མཁས་དབང་ལ་ལས་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ། དེའི་མཚན་དགུང་ལ་མཉམ་པར་བཞག །དེའི་མཚན་མཐའ་ལ་དུས་སྔ་ཕྱིའི་ཆ་གཉིས་ཕྱེ་བའི་ཕྱི་མའི་དུས་ལ་ངོས་འཛིན་ནས། སྤྱིར་འཇིག་རྟེན་ཐ་སྙད་ལ་ཚེས་དེ་དང་དེའི་ཐོ་རེངས་ཞེས་པ་དེ་དང་དེའི་སྔ་ཐོག་ལ་གོ་དགོས་ཀྱང་། འདིར་དེ་དང་མི་འདྲ་ཚུལ་བཅས་གསུངས་ལ། ཡང་དེ་བཞིན་དུས་ཚིགས་ལ་མཁས་པ་ཁག་ཅིག་གིས་ནི། སྐར་རྩིས་ཞིབ་པར་བྱས་ནི་གོང་གསལ་ཐོ་རེངས་དེ་ཉིད་ཚེས་བཅུ་དྲུག་གི་སྔ་ཐོག་ལ་གོ་དགོས་ཚུལ་ཡང་གསུངས་སོ། །
ཡང་མཁས་དབང་གཞན་དག་གིས་ནི། སྔགས་བླ་མེད་ཀྱི་གཞུང་དུ་རྒྱལ་བུ་གཞོན་ནུ་དོན་འགྲུབ་དེ་ཉིད། ཕྱིའི་མངོན་བྱང་ཟླ་ཉི་སྨག་གསུམ་གྱི་སྐྱོན་དང་བྲལ་བའི་ཐོ་རེངས་ནམ་མཁའ་གཡའ་དག་པའི་དུས་སུ། ནང་གི་མངོན་བྱང་སྣང་བ་དཀར་ལམ་པ་དང་། མཆེད་པ་དམར་ལམ་པ། ཉེར་ཐོབ་ནག་ལམ་པའི་སྣང་བ་གསུམ་དང་བྲལ་བའི་དོན་གྱི་འོད་གསལ་མངོན་དུ་བྱ་ཏེ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཛད་པ་བསྟན་པ་ཡིན་པར་གསུངས་ན། ཚེས་བཅོ་ལྔའི་ཟླ་བ་ནི་ཚེས་བཅུ་དྲུག་གི་ཉི་ཤར་བར་དུ་བསྡད་པས༐ དེའི་མཚན་མོ་ལ་ནི་ཟླ་འོད་དང་ཉི་འོད། སྨག་ནག་བཅས་གསུམ་དང་བྲལ་བའི་དུས་སྐབས་ཤིག་གཏན་ནས་མེད་པས། ཚེས་བཅུ་བཞིའི་མཚན་གྱི་སྨག་དང་ཟླ་འོད་བཅས་ཡོལ་ནས། ཚེས་བཅོ་ལྔའི་ཐོ་རེངས་ཉི་འོད་ཀྱི་དམར་མདངས་མ་སླེབས་པའི་བར་དེར་ཟླ་ཉི་སྨག་གསུམ་དང་བྲལ་བའི་དུས་སྐབས་ཡིན་པས་དུས་དེར་སངས་རྒྱས་པའི་མཛད་པ་བསྟན་པ་ཡིན་པར་གསུངས་ཏེ། འདི་ཉིད་ལུང་རིགས་དང་འཇིག་རྟེན་གྱི་ཐ་སྙད་བཅས་ཀུན་དང་མཐུན་པར་སྣང་ངོ་། །

དུས་དེ་རྣམས་སུ་དགེ་བ་འགྱུར་སྟོབས་ཆེ་ཆུང་ནི། གོང་གསལ་སྟོན་པའི་དུས་ཆེན་རྣམས་སུ་ཡིད་ཆེས་དད་པའི་སྒོ་ནས་དགེ་བ་གང་བྱས་ཀྱང་བྱེ་བ་བརྒྱ་འགྱུར་དང་། དེ་བཞིན་དུ་ཉི་འཛིན་ལ་བྱེ་བ་འབུམ་འགྱུར་དང་༐ ཟླ་འཛིན་ལ་བྱེ་བ་བདུན་དང་། ཉ་སྟོང་བརྒྱད་གསུམ་སོགས་སྤྱིར་བཏང་དུས་བཟང་རྣམས་སུ་དགེ་བ་རྩ་བརྒྱ་འགྱུར་རེ་འཕེལ་བར་མཁས་དབང་མང་པོས་གཅིག་མཐུན་གསུངས་ལ། དེར་མ་ཟད་བླ་མ་སྐྱེས་ཆེན་དམ་པ་རྣམས་ཞིང་གཞན་དུ་གཤེགས་པའི་དུས་ཚིགས་རྣམས་སུ་ཚོགས་བསག་སྒྲིབ་སྦྱང་ཅི་ནུས་ལ་འབད་ན། དམ་ཚིགས་ཉམས་ཆག་སོགས་ཀྱི་སྒྲིབ་པ་དག་ཅིང་ཚོགས་རླབས་ཆེན་གསོག་པ་དང་། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པའི་ཕན་ཡོན་ཤིན་ཏུ་ཆེན་པོ་ཡོད་ཚུལ་ཡང་དམ་པ་རྣམས་ཀྱིས་ནན་ཆེར་གསུངས་སོ། །

དོན་གྱི་དབང་འདི་དག་ལ་བརྟེན་ནས་འདུལ་བའི་གཞུང་རྣམས་སུའང་སྟོན་པ་སྐུ་བལྟམས་པ་དང་། དབུ་སྐྲ་བྲེགས་པ་དང་། སངས་རྒྱས་པ་ལ་སོགས་པའི་དུས་ཆེན་རྣམས་ལ་དུས་སྟོན་བྱ་དགོས་པར་གསུངས་ལ། དེའི་ཚུལ་ཡང་གནས་དེར་དད་འདུས་སྐྱེ་བོ་རྣམས་ཀྱིས་མཆོད་པའི་བྱེ་བྲག་སྣ་ཚོགས་པ་དང་བཅས་ཏེ་སྟོན་པའི་སྐུ་གཟུགས་ཁྱོགས་ལ་སོགས་པའི་སྟེང་དུ་ཉེ་འཁོར་གྲོང་ཁྱེར་སོགས་ལ་གདན་དྲངས་ནས། སྲང་མདོ་རྣམས་སུ་གུས་ཕྱག་དང་མཆོད་པ་ཕུལ་ཏེ་བསོད་ནམས་བསག་དགོས་ཚུལ་གསུངས་པ་ལྟར། དེང་སང་ཡང་ནང་པའི་ཡུལ་གྲུ་འགའ་ཞིག་ལ་སྟོན་པའི་དུས་སྟོན་འདི་དང་ཕྱོགས་མཐུན་བྱ་སྲོལ་ཡོད་པའང་མཐོང་ཐོས་ལྟར་ཡིན་ནོ། །

གཞན་ཡང་མཁས་དབང་འགས་གསུང་ཚུལ་ལྟར་ན། མདོ་ལས། ཞིང་དང་བསམ་པ་དང་། རྟེན་དང་དངོས་པོ་དང་དུས་ཀྱི་སྒོ་ནས་ཆེས་ཕུལ་དུ་ཕྱིན་པའོ། །ཞེས་གསུངས་པ་ལྟར། དེ་ཡང་ཞིང་བླ་མ་བསམ་པ་བྱང་ཆུབ་ཀྱི་སེམས། རྟེན་རང་ཉིད་སྡོམ་པ་དང་ལྡན་པ། དངོས་པོ་ཆོས་ཀྱི་སྦྱིན་པ། དུས་བསྟན་པ་ལ་སྐྱོན་ཞུགས་ཡོད་པའི་དུས་སུ་ཕན་ཡོན་ཆེ་བ་ཡིན།

དེ་ཡང་ཕྱི་མ་འདིའི་ཤེས་བྱེད་ནི། བཅོམ་ལྡན་འདས་ཀྱིས་བྱང་ཤར་གྱི་སངས་རྒྱས་དབང་ཕྱུག་རྒྱལ་པོའི་ཞིང་དུ་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་བསྲུངས་པ་ལས། ཞིང་འདིར་བསླབ་པ་སྣ་གཅིག་བསྲུངས་པ་ཕན་ཡོན་ཆེ་བར་གསུངས་པས། འདིར་ཡང་སྟོནཔ་ཞལ་བཞུགས་དུས་བསླབ་གཞི་ཡོངས་རྫོགས་བསྲུངས་པ་ལས། དེང་སང་དུས་ངན་པའི་མཐའ་འདིར་བསླབ་པ་སྣ་གཅིག་བསྲུངས་པ་ཕན་ཡོན་ཆེ་བར་རིགས་པས་གྲུབ་པ་ཡིན་ཞེས་སོགས་ཀྱང་གསུངས་ཤིང་། དེ་དག་ནི་དཔེར་ན། སྒྲོན་མེ་ཆུང་ངུ་དེ་ཉིད་ཉི་འོད་ཡོད་སར་མ་གསལ་ཡང་། མུན་ནག་ཁྲོད་དུ་ཆེས་གསལ་བ་ལྟར་དང་༐ དེ་ཡང་རླུང་མེད་སར་སྤར་བ་ལས་རླུང་གཡོ་བའི་གནས་སུ་སྤར་ཐུབ་ན་ངོ་མཚར་ཆེ་བ་ལྟར་རམ། གཞན་ལས་སྐྱེད་དུས་རོགས་རམ་ཆེན་པོ་བྱས་པ་ལས། སྡུག་དུས་རོགས་ཕན་ཆུང་ངུ་བྱས་པ་ཕན་ཐོགས་ཆེ་བ་ལྟར༐ ཉོན་མོངས་ལ་སྤྱོད་པ་ཤུགས་ཆུང་བའི་ཡུལ་དུས་ལས། དེ་ཤུགས་ཤིན་ཏུ་ཆེ་བའི་ཡུལ་དུས་དང་། ཁྱད་པར་དུ་བསྟན་པ་ཉམས་གུད་འགྲོ་བའི་དུས་སུ་སངས་རྒྱས་ཀྱི་བསྟན་པའམ་བསླབ་བྱ་སྡིག་སྤོང་དགེ་བསྒྲུབ་ལ་ཅི་ནུས་ཀྱིས་འབད་ན་ཕན་ཡོན་ཤིན་ཏུནཆེ་བའང་དེ་ལྟར་ཡིན་པར་སེམས་སོ། །

དེས་ན་རང་ཅག་སྟོན་པའི་རྗེས་འཇུག་རྣམས་ཀྱིས་དུས་རྒྱུན་ལྡན་དུ་སྡིག་སྤོང་དགེ་བསྒྲུབ་གང་ལྕོགས་དང་། ཁྱད་པར་དུ་ཚེས་བཟང་དུས་བཟང་གང་ཡིན་དང་། དེའི་ནང་ནས་ཀྱང་དུས་ཆེན་གསུམ་མམ་བཞི་འཛོམས་པའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལྟ་བུ་ལ་ཚོགས་བསག་སྒྲིབ་སྦྱང་ལ་ཅི་ནུས་ཀྱིས་འབད་གལ་ཆེ་ཞིང་། དེ་ཡང་སྔོན་སྡོམ་ལྡན་རྣམས་ཀྱིས་དམ་ཚིག་སྡོམ་པ་ལེགས་པར་སྲུང་བ་ལ་ལྷག་ཏུ་གཟབ་ནན་བྱེད་པ་དང་། སྡོམ་ལྡན་མིན་པ་རྣམས་ཀྱིས་ཀྱང་མ་མཐའ་ཉིན་ཞག་གཅིག་གི་སྡོམ་པ་ཡན་ཞུས་ཏེ་བསྲུངས་ན༐ སྡོམ་པ་ཐོབ་ནས་ཇི་སྲིད་གནས་པའི་རིང་ལ་སེམས་ཅན་ཐམས་ཅད་ལ་བརྟེན་པའི་ཉེས་སྤྱོད་འགོག་པའི་བསོད་ནམས་རྒྱུན་ལྡན་དུ་གསོག་པ་དང་། ལྷག་པར་ཡོངས་གྲགས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ཞེས་པ་ཚེགས་ཆུང་ངུས་ཚོགས་རླབས་ཆེན་གསོག་པའི་ཐབས་ཁྱད་པར་ཅན་དེ་འདྲ་བླངས་ནས། སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲིན་རྗེས་དྲན་ཐོག་དད་གུས་ཆེན་པོའི་སྒོ་ནས་ཚོགས་བསག་སྒྲིབ་སྦྱོང་ལ་འབད་དགོས།

དེ་ཡང་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པར་གྲགས་པ༐ དང་པོ་སྐྱབས་ཡུལ་མཆོག་གསུམ་ལ་ཕྱག་འཚལ་བ་དང་། གཉིས་པ་མཆོད་པ་འབུལ་བ། གསུམ་པ་སྡིག་པ་བཤགས་པ། བཞི་པ་དགེ་བ་ལ་རྗེས་ཡི་རང་བ། ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ། དྲུག་པ་ཡུན་རིང་དུ་བཞུགས་པར་གསོལ་བ། བདུན་པ་དགེ་རྩ་རྣམས་རྫོགས་བྱང་གོང་འཕེལ་དུ་འགྱུར་བར་ངེས་སོ། །

བསྔོ་སྨོན་ལམ་ཡང་རྒྱས་སྲས་ཀྱི་བསྔོ་སྨོན་ཐམས་ཅད་བཟང་པོ་སྤྱོད་པའི་སྨོན་ལམ་དུ་འདུས་པར་གསུངས་པས་བྱུང་ན་དེ་དང་། དེ་མིན་འཇམ་དཔལ་དཔའ་བོ་ཞེས་སོགས་ཚིགས་བཅད་གཉིས་སུའང་གནད་ཀུན་འདུས་ཤིང་རླབས་ཆེ་བར་གསུངས་ལ། མདོར་བསྡུས་ན། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པདང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །

བརྒྱུད་སྐུལ།

མཆན་སྤེལ།