ཚན་རིག་གི་འཇིག་རྟེན་ཁམས། ཞེས་པ་གསར་ཐོན་གྱི་གཏམ་བཟང་།

ཚན་རིག་གི་འཇིག་རྟེན་ཁམས། ཞེས་པ་གསར་ཐོན་གྱི་གཏམ་བཟང་།

བདེ་ཁང་བཀྲ་ཤིས་ལགས་ཀྱིས་ལོ་ཤས་རིང་སློབ་ཞོར་དུ་བརྩམས་པའི་ཚན་རིག་གི་འཇིག་རྟེན་ཁམས་ཞེས་པའི་ཚན་རིག་གི་ཕྱི་ནང་སྣོད་བཅུད་ཆགས་ཚུལ་ཐད་ཀྱི་ལེའུ་བཅུ་ཅན་གྱི་དེབ་དེ་ད་ཆ་དཔར་སྐྲུན་གྱི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཟིན་པས། རང་གི་རིག་གཞུང་ལ་དུང་བ་ཟབ་ཅིང་རང་གི་མི་རིགས་ལ་ཞེན་པ་དཀར་བའི་བོད་རིགས་སྤུན་ཟླ་ཡོངས་ལ་གཏང་བཟང་ཞིག་ཞུ་རྒྱུར། ལ་སྟོད་ཚང་གི་ཤེས་འཇོན་གཉིས་ལྡན་པ་ལ་སྟོད་པ་བདེ་ཁང་བཀྲ་ཤིས་ལགས་ཀྱིས་བྲིས་པའི་བདེ་གསར། ཚན་རིག་གི་འཇིག་རྟེན་ཁམས། ཞེས་པ་ད་ལྟ་འཇིག་རྟེན་དུ་དངོས་སུ་འཁྲུངས་ཡོད། ལར་ནས་ཚན་རིག་གི་འཇིག་རྟེན་ཁམས་ཞེས་པའི་དེབ་གསར་འདི་ནི་བདེ་ཁང་ལགས་ཀྱིས་སློབ་ཞོར་དུ་ཁ་བ་གངས་ཅན་པའི་རིག་གཞུང་ཇི་ཕྱུག་ཏུ་གཏོང་སླད་དང་། མ་འོངས་བོད་ཀྱི་སོན་རྩ་དག་གི་སླད་དུ་ལོ་ཤས་སྐུ་ལས་བསྐྱོན་ནས་བརྩམས་པ་ཞིག་རེད། བདེ་ཁང་ལགས་ཀྱིས་བྲིས་པའི་བརྩམས་ཆོས་ཚན་རིག་གི་འཇིག་རྟེན་ཁམས་ཞེས་པ་ནི་བོད་པར་མཚོན་ན་ཆེས་དགོས་ངེས་ཅན་ཞིག་དང་། དུས་རབས་ལ་མཁོ་བའི་བརྩམས་ཆོས་ཤིག་རེད། སྒོས་སུ་དུས་རབས་ཉེར་གཅིག་པ་ནི་ཚན་རྩལ་གྱི་འཇིག་རྟེན་ཞིག་ཡིན་པས། བདེ་ཁང་ལགས་ཀྱིས་བྲིས་པའི་བརྩམས་ཆོས་ཚན་རིག་གི་འཇིག་རྟེན་ཁམས་ཞེས་པ་ནི་རིག་གཞུང་ཁ་སྐོང་གི་དེབ་གསར་ཞིག་རེད། མདོར་ན། ལ་སྟོད་པ་བདེ་ཁང་བཀྲ་ཤིས་ལགས་ཀྱིས་བྲིས་པའི་བརྩམས་ཆོས། ཚན་རིག་གི་འཇིག་རྟེན་ཁམས། ཞེས་པ་ནི་དུས་རབས་ལ་མཁོ་བའི་དེབ་གསར་ཞིག་རེད།

 

ཕྱག་དེབ་འདི་ཉིད་ལེའུ་བཅུའི་བདག་ཉིད་ཅན་ཞིག་སྟེ། ༡ ཚན་རིག་པའི་རྡུལ་ཕྲན་གྱི་ལྟ་ཚུལ་དང་། ༢ འཇིག་རྟེན་ཁམས་ཆགས་འཇིག་གི་ལྟ་ཚུལ། ༣ ཉི་མའི་ཁྱིམ་རྒྱུད། ༤ ཉི་མ་དང་སའི་གོ་ལའི་ཆགས་ཚུལ། ༥ སའི་གོ་ལའི་ནང་སྒྲོམ་ཆགས་ཚུལ། ༦ ནམ་དུས་བཞི་དང་ཉི་ལྡོག གཟའ་འཛིན། ༧ ཚོད་དཔག་འོག་གི་གླིང་པོ་ཆེན་གྱི་གྱེས་འདུམ། ༨ ཧི་མ་ལ་ཡའི་རི་རྒྱུད་ཆགས་ཚུལ། ༩ སྐྱེ་ལྡན་གྱི་གྲུབ་གཞི་ཕྲ་ཕུང་། ༡༠ སྲོག་ལྡན་གྱི་འཕེལ་འགྱུར་བཅས་སོ།།

ཆེད་དུ་བརྗོད་པའི་གཏམ།

 

ང་ཚོ་འཚོ་བཞིན་པའི་དུས་རབས་ནི། ཚན་རིག་གི་དུས་རབས་ཏེ། ཚན་རྩལ་འཕྲུལ་ཆས་ཀྱི་ངོ་བོ་དང་། བྱེད་ལས། རྣམ་གྲངས་བཅས་ཕྱོགས་ཡོངས་ནས་ཡང་རྩེར་སླེབས་སྟབས། མི་སྒེར་གྱི་ཉིན་རེའི་སྒོ་གསུམ་གྱི་བྱ་སྤྱོད་དང་། འཚོ་བའི་སྤང་བླངས་ཕལ་མོ་ཆེ་ཚན་རྩལ་ལ་བརྟེན་ཞིང་། ཚན་རིག་དང་ཁ་བྲལ་ནས་འཚོ་ཐབས་མེད་པའི་དུས་སྐབས་ཤིག་ཡིན། དེ་བཞིན། སྤྱི་ཚོགས་དང་། རྒྱལ་ཁབ་བཅས་ཀྱི་གནས་བབ་ཀྱང་། གཙོ་ཆེར་ཚན་རྩལ་ལ་བརྟེན་ཤུགས་ཉིན་རེ་བཞིན་ཇེ་ཆེར་ཕྱོགས་བཞིན་ཡོད། འཕེལ་རྒྱས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་པའི་དེང་གི་ཚན་རིག་ཚབ་མཚོན། དཔེར་ན། ཆ་འཕྲིན་བཟོ་རིག་ (Infotech) དང་། སྐྱེས་དངོས་བཟོ་རིག་ (Biotech) ། འཕྲུལ་ཆས་ཀྱི་ཤེས་རབ་བམ་བཅོས་མའི་ཤེས་རབ་ (Artificial intelligence) བཅས་ཀྱིས་འགྲོ་བ་མིའི་ཕྱི་དངོས་པོའི་གནས་ཚུལ་ལ། འཇུག་ལྡོག་བྱེད་པར་ཤུགས་རྐྱེན་དང་། ཐེ་གཏོགས་བྱེད་པ་མ་ཟད། མིའི་ནང་བསམ་བློར་སྟངས་འཛིན་ངེས་ཅན་བྱེད་བཞིན་པ་དང་། བྱེད་ཚད་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད།

མི་རིང་བར་ཆ་འཕྲིན་བཟོ་རིག་གིས། འགྲོ་བ་མིའི་དྲན་པའི་གོ་ས་འཕྲོག་པ་དང་། སྐྱེས་ལྡན་བཟོ་རིག་གིས་རང་འབྱུང་སྐྱེས་ལྡན་ལ་བཙན་འཛུལ་དང་། བཅོས་མའི་ཤེས་རབ་ཀྱི་མིའི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཚབ་བྱེད་ངེས་པར་བརྗོད། དེ་ལྟར། སྔོན་ཆད་ང་ཚོས་ཐོས་པའི་ངོ་མཚར་ཅན་གྱི་ལྷ་སྒྲུང་དག།དེང་སྐབས་མངོན་སུམ་དུ་སྣང་བ་ལྟ་བུ་ཡིན། དཔེར་ན། ལྷ་པས་ལེ་བར་རྒྱང་ཆོད་ཀྱི་གནས་ཚུལ་ཤོད་པ་དང་། པྲ་པས་མེ་ལོང་ནང་བལྟས་ནས་གནས་ཚུལ་བརྗོད་པ། མོ་པས་མིག་ཚུམས། མཛུབ་མོས་ཕྲེང་རྡོག་བརྩིས་ནས་མ་འོངས་ལུང་བསྟན་བྱེད་པ་བཅས་ཀྱི་ཐོག་ནས། མིག་དབང་གིས་སྣང་ཚོད་ལས་འདས་པའི་སྐོར་བཤད་པ་དག རང་ཅག་གི་ཕ་མེས་ཡ་མེས་ཀྱིས་ངོ་མཚར་གྱི་གནས་སུ་བཟུང་ཞིང་། དེ་དག་ལ་བརྟེན་ནས། མི་ཚེའི་བྱེད་སྒོ་མང་པོ་བླངས་དོར་བྱས་ཡོད།

འོན་ཀྱང་། དེང་ཚན་རྩལ་མ་ལག་གི་ནུས་ཁྱད་དང་། རྣམ་གྲངས་ངོ་མཚར་ཅན་མང་པོ་བརྒྱུད་དེ། ང་ཚོས་བསམ་ཡུལ་ལས་འདས་པའི་ཤེས་བྱ་ལ་དངོས་སུ་རྒྱུས་ལོན་ཐུབ་པ་དང་། ལེ་བར་སྟོང་ཕྲག་གིས་རྒྱང་ཐག་ཆོད་པའི་གཟུགས་བརྙན་མངོན་སུམ་དུ་སྣང་བ་དང་། ནམ་མཁར་འཕུར་ནས་གླིང་དང་གླིང་གཞན། གཟའ་སྐར་དང་སྒྱུ་སྐར་གཞན་དུ་མྱུལ་བ་དང་། ས་དང་རྒྱ་མཚོའི་གཏིང་དུ་འཛུལ་ནས་ནང་ཁོགས་དཔོག་གི་ཡོད། གང་ལྟར། ཚན་རིག་གིས་ཆེན་པོ་རི་རྒྱལ་ལྷུན་པོ་ནས་ཆུང་ངུ་མིག་མི་མཐོང་བའི་རྡུལ་ཕྲན་བར་རྒྱུས་ལོན་དང་། སའི་གོ་ལ་འདི་ལས་བརྒལ་ནས་གཟའ་སྐར་གཞན་དང་གཞན་ལ་བརྡ་མཐུད་ཐུབ་ཀྱི་ཡོད། དུས་རབས་འདི་དང་འབྱུང་འགྱུར་གྱི་མི་རྣམས་ཀྱིས་ཚན་རིག་གི་སྐོར་ཤེས་དགོས་པ་ནི། དུས་རབས་ཀྱི་བྱུང་རབས་སུ་གཏོགས་དང་མི་གཏོགས་ཀྱི་ས་མཚམས་སུ་གྱུར།

དངོས་བདེན་དེ་ལྟར་ངེས་ཀྱང་། རང་རེའི་ཁ་བ་གངས་ཅན་པའི་སྐད་ཡིག་ནང་ལྟ་ཆོག་ཆོག་དང་། ཀློག་བདེ་བའི་ཚན་རིག་སྐོར་བྲིས་པ་ཧ་ཅང་ཉུང་ཞིང་། གང་ཙམ་ཡོད་པ་དེ་དག་ཕལ་ཆེ་བ་དབྱིན་རྒྱ་སྐད་ཡིག་ལས་བསྒྱུར་བ་ཆགས་ཀྱི་ཡོད་སྟབས། དེ་དག་ལ་བརྟེན་ནས་ཚན་རིག་གི་ཤེས་བྱ་ཆ་ཚང་བ་ཤེས་རྒྱུ་ལས་ལྡོག་ནས། ཧ་ཅང་གོ་སླ་བའི་ཚན་རིག་གི་ཤེས་བྱ་དང་། ངེས་སྲོལ་མང་པོ་ཞིག་གོ་རྙོག་ཅན་དུ་གྱུར་ཏེ། ན་གཞོན་བློ་གསར་མང་པོའི་བསམ་བློར། བོད་ཀྱི་སྐད་ཡིག་ཐོག་ནས་ཚན་རིག་ཤེས་དཀའ་བ་སྙམ་གྱིན་ཡོད་པ་ནི་ཁོ་ཚོའི་སྐྱོན་ག་ནས་ཡིན། སྟོང་ཆ་འདི་ནི་མི་རིགས་ཤིག་དར་རྒྱས་འགྲོ་མིན་གྱི་མ་འདང་ས་དེ་ཡིན་པས། ཤེས་ལྡན་པ་ཚོས་ངེས་པར་ནུས་པ་གཅིག་སྤུངས་དང་། གཟོང་ཁ་གཅིག་སྒྲིམ་བྱེད་དགོས་པ་ཞིག་ཡིན། ལར་ནས་ཚན་རིག་ནི་བསླབ་པའི་གནས་སམ་རིག་པ་ཞིག་ཡིན་པ་ལས། སྙན་ངག་ལྟ་བུ་སྐད་ཡིག་བྱེ་བྲག་པའི་རྒྱས་བཅིངས་པ་ཞིག་མིན།

དེས་ན། བསླབ་པའི་གནས་འདི་ངེས་པར་རང་སྐད་དུ་ངོ་སྤྲོད་དང་། སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན་པས། དོན་འདི་གནད་དུ་མཁྱེན་ཏེ། ཚན་རིག་གི་གཞི་རིམ་ཤེས་བྱར་འཛིན་གྲྭ་དགུ་པ་བར་སློབ་སྦྱོང་གནང་ཞིང་། དེ་ནས་ཝཱཎ་མཐོ་སློབ་ཏུ་ནང་དོན་རིག་པར་ཐོས་བསམ་དང་ལྷན་ཅིག་ཏུ། དེང་རབས་རིག་གསར་གྱི་ཤེས་བྱ་སྤྱི་དང་བྱེ་བྲག་དངོས་ཁམས་ཚན་རིག་ཐོག་མུ་མཐུད་སྦྱངས་བརྩོན་བྱས་པའི་འབྲས་རྟགས་སུ། ལ་སྟོད་བཀྲ་ཤིས་ལགས་ནས་འདས་པའི་ལོ་བཞི་རིང་སློབ་ཞོར་དང་དུས་སེང་ཡོད་ཚད་སྤྱད་དེ། ཚན་རིག་གི་འཇིག་རྟེན་ཁམས་ཞེས་པའི་ལེའུ་བཅུའི་བདག་ཉིད་ཅན་གྱི་དེབ་འདི་བྲིས་གནང་།

དེ་ཡང་། ལེའུ་དང་པོ། ཚད་རིག་པའི་རྡུལ་ཕྲན་གྱི་ལྟ་ཚུལ་ཞེས་པར་ཚན་རིག་པས་ཡུན་རིང་བརྟག་དཔྱད་དང་། ཞིབ་འཇུག་བྱས་པ་བརྒྱུད་རྡུལ་ཕྲན་གྱི་ངོ་བོ་དང་། བྱེད་ལས། རྣམ་གྲངས་བཅས་ཞིབ་ཚགས་ཀྱིས་ཇི་ལྟར་གཏན་འབེབས་བགྱིས་པའི་བྱུང་རབས་འཕེལ་རིམ་དང་སྦྱར་ནས་དཔྱད་བརྗོད་གནང་བ་ནི། ད་བར་བོད་སྐད་ཐོག་བརྩམས་པའི་ཚན་རིག་གི་རྡུལ་ཕྲན་འདོད་ལུགས་ཀྱི་སྐོར་རྒྱས་ཤོས་དང་། ཞིབ་ཚགས་ཤོས་སུ་སྣང་།

ལེའུ་གཉིས་པ། འཇིག་རྟེན་ཁམས་ཆགས་འཇིག་གི་ལྟ་ཚུལ་ཞེས་པར་ནམ་རྒྱུན་རང་ཅག་རིགས་མང་པོས་དབྱིན་སྐད་སོགས་སྐད་ཡིག་གཞན་ལ་བརྟེན་ནས། གོ་ལོ་ཐོས་ལོ་ཙམ་གྱི་ཤེས་བྱ་ཉི་ཚེ་བ་ཙམ་མིན་པར། འཇིག་རྟེན་ཁམས་ཀྱི་ཆགས་གནས་འཇིག་གསུམ་སྐོར་ལོ་ནས་ལོ་དང་། མི་རབས་ནས་མི་རབས་བསྟུན་མར་ཉམས་ཞིབ་ཀྱིས་གཏན་འབེབས་གྲུབ་དོན་གྱི་གོ་རིམ་མ་འཆོལ་ཅིང་། རྣམ་གཞག་གསར་རྙིང་གི་འབྱུང་འཕེལ་བཅས་ཚན་རིག་པས་ཇི་ལྟར། ཞིབ་ཚགས་ཀྱིས་ཉམས་ཞིབ་བྱེད་ཐབས་བཀོལ་ནས་གནས་ཚུལ་ཕྲ་མོ་བསྐྱུར་ཅིང་། ཡག་ལག་དང་ཉིང་ལག་གི་ཚུལ་གྱི་རྒྱས་བཤད་གསལ།

ལེའུ་གསུམ་པ། ཉི་མའི་ཁྱིམ་རྒྱུད་ཀྱི་སྐོར་དང་། བཞི་པ། ཉི་མ་དང་སའི་གོ་ལའི་ཆགས་ཚུལ། ལེའུ་ལྔ་པ། སའི་གོ་ལའི་ནང་སྒྲོམ་ཆགས་ཚུལ་བཅས་ལེའུ་སོ་སོར། རང་ཅག་གནས་ཡུལ་གྱི་སའི་གོ་ལ་འདི་དང་འབྲེལ་བའི་སྐོར། ཚན་རིག་གིས་རྙེད་དོན་སོ་སོར་ཇི་ལྟར་འགྲེལ་བཤད་བྱས་དང་བྱེད་བཞིན་ཡོད་པ་གསལ། ལྷག་པར་དུ་ལེའུ་ལྔ་པ་སའི་གོ་ལའི་ནང་སྒྲོམ་ཆགས་ཚུལ་སྐོར་ནི། དངོས་གནས་ངོ་མཚར་དགོས་པ་ཤིག་རེད། རང་ཅག་ཁ་བ་གངས་ཅན་པ་མང་པོ་དེང་གི་སྐབས་ཀྱང་། གནའ་བོའི་སྒྲུང་གཏམ་ལ་ཡིད་ཆེས་ཤིང་། དེ་དག་བློ་ལ་བཟུང་བ་ལས། རང་ཉིད་གནས་ཡུལ་གྱི་གོ་ལ་འདིའི་སྐོར་རྙེད་དོན་གསར་པ་གང་བྱུང་དང་། བཤད་པ་གསལ་པོ་གང་འཐོན་འཐད་བྱུས་གཏོགས་ཙམ་ཡང་མི་བྱེད་པའི་ངན་གཤིས་ཀྱིས་གཟའ་གྲིབ་ཕོགས་ནས་ལུས་ཡོད། དེ་ནི་བློའམ་རིག་པར་ཕོགས་པའི་གཟའ་གྲིབ་སྟེ། ཧ་ཅང་གི་ཉེན་ཚབས་ཆེ་བས། ནད་ངན་དེ་ལས་དྲག་སྐྱེད་འདོད་པའི་བློ་ལྡན་ཞིག་ཡིན་ཕྱིན། ངེས་པར་སའི་གོ་ལ་འདིའི་ནང་ཁོགས་པ་དང་། ཕྱི་པགས་རི་ལུང་དང་། རྒྱ་མཚོ། དེ་ནས་མཁའ་རླུངས་ཀྱི་ཆགས་རིམ་བཅས་ཀྱི་སྐོར་ཤེས་གལ་ཆེ།

ལེའུ་དྲུག་པ། ཚོད་དཔག་འོག་གི་གླིང་པོ་ཆེན་གྱི་གྱེས་འདུམ་ཞེས་པར། སྐམ་སའི་གླིང་ཆེན་བཞི་དང་། གླིང་ཕྲན་དག་ཆགས་དབྱིབས་ཇི་ལྟར་བྱུང་སྐོར་གསལ། དེ་ཡང་། འགྲོ་བ་མི་ཐེར་འབུམ་བདུན་དང་། སྲོག་ཆགས་གྲངས་མེད་ཀྱི་འཚོ་གནས་བྱེད་ས་འདིར། སྐམ་ས་ལ་གླིང་ཆེན་བཞི་དང་། རྒྱ་མཚོ་ཆེན་པོ་བཞིར་ཆ་བགོས་བྱས་པ་ལས། བརྒྱ་ཆ་ ༢༩ སྐམ་ས་དང་། བརྒྱ་ཆ་ ༧༡ ཆུ་ཡིན། གླིང་ཆེན་དང་གླིང་ཕྲན་དག་དུམ་བུར་བགོས་ཏེ། རྒྱལ་ཁབ་འདི་དང་འདི་ཞེས་ས་མཚམ་བཅད་དེ་ཡོད་པའི་སྣང་ཚུལ་ལ། མ་བརྟགས་མ་དཔྱད་ན་ཉམས་དགའ་བ་ཙམ་དུ་ཟད་མོད་ཀྱང་། བར་སྣང་ནས་མར་མིས་བཟོས་སྲུང་སྐར་གྱིས་བཏབ་པའི་གོ་ལའི་པར་དང་། དེ་བཞིན་སའི་གོ་ལའི་ས་བཀྲ་ཁག་ལ་ཞིབ་ཚགས་བལྟས་ཚེ། སྐམ་ས་ཆ་བགོས་ནི། བཀོད་པ་པོ་ཞིག་གིས་བསྒྲིགས་པ་ལྟ་བུར་སྣང་། དེ་ནི་མི་མངོན་པའི་བཀོད་པ་པོའམ་བྱེད་པོས་བྱས་པ་གང་ཡང་མིན་པར། ལོ་ངོ་དུང་འཕྱུར་སྔོན་ནས་རྒྱ་མཚོས་བཙིར་ཤུགས་ཀྱིས་སྐམ་སའི་བཀོད་དབྱིབས་ལ་གྱུར་པ་བྱུང་བ་ཞིག་ཡིན། དེས་ན། བྱུང་བ་དེ་ཇི་ལྟར་ངེས་མིན་འཐད་ཚན་རིག་གིས་འགྲེལ་ལུགས་གླིང་པོ་ཆེ་བརྒྱད་ཀྱི་སྐོར་ཞིབ་ཕྲ་ཤེས་ཚེ། ད་གཟོད་ས་བཀྲའི་སྟེང་སྣང་བའི་སྐམ་སའི་ཆགས་དབྱིབས་ཀྱི་ཐོག་མའི་བྱུང་རྐྱེན་ཤེས་ཐུབ་པས། བྱེད་པོས་བཀོད་པའམ་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མིན་པ་རྟོགས་ངེས།

ལེའུ་བདུན་པ། ཧི་མ་ལ་ཡའི་རི་རྒྱུད་ཆགས་ཚུལ། སྤྱིར་རང་ཅག་བོད་མི་ཚོར་རྒྱུས་ཡོད་པའི་རི་བོ་ཧི་མ་ལ་ཡ་ནི། གངས་རི་དང་། འཛམ་གླིང་ནང་རི་མཐོ་ཤོས་རི་བོ་ཇོ་མོ་གླང་མ་ཙམ་ཡིན་ལ། ཧི་མ་ལ་ཡ་མིང་བྱང་ཅན་གྱི་སྙན་ངག་དུམ་བུ་དང་། དབྱངས་སུ་གྱེར་བའི་གཞས་ཚིག དགེ་ཆོས་ཀྱི་ཧི་མ་ལ་ཡའི་བསྟན་བཅོས་བཅས་ལས། རི་བོ་ཧི་མ་ལ་ཡའི་ཆགས་རབས་ཞིབ་ཕྲ་ཤེས་མཁན་དཀོན། སྙན་གྲགས་ཅན་གྱི་རི་རྒྱུད་ཧི་མ་ལ་ཡའི་སྐོར་རྒྱུས་མངའ་ཡོད་པ་བྱེད་རྒྱུ་ནི། ཧི་མ་ལ་ཡའི་ཕར་རྒྱབ་མདུན་གྱི་ས་ཁམས་ཆགས་ཚུལ་དང་། དེ་རྒྱུད་ཀྱི་སྲོག་ལྡན་སྐྱེས་འགྲོ་ཡི་འཚོ་གནས། གནམ་གཤིས་ཀྱི་འགྱུར་ལྡོག་ཙམ་མིན་པར། འཛམ་གླིང་སྤྱིའི་སྐམ་སའི་བྱུང་རབས་ཆ་ནས་ཀྱང་གལ་ཆེན་ཆགས།

ལེའུ་བརྒྱད་པ། ནམ་དུས་བཞི་དང་། ཉི་ལྡོག གཟའ་འཛིན། ཞེས་པའི་ལེའུ་འདིར་རང་ཅག་གི་བཤད་སྲོལ་རྒྱུན་འབྱམས་མང་པོར་གཞི་རྩ་མེད་པ་དང་། དོན་དངོས་ཐོག་ནས་རང་འབྱུང་ཁམས་ནང་དངོས་པོ་རྣམས་གཅིག་རྟེན་གཅིག་བྱུང་གིས་གྲུབ་ཅིང་། དུས་བཞིའི་འགྱུར་ལྡོག་དང་། ཉི་ཟླའི་འཕེལ་གྲིབ། གཟའ་སྐར་གྱི་འཁོར་འགྲོས་བཅས་བྱུང་གི་ཡོད།

ལེའུ་དགུ་པ། སྐྱེ་ལྡན་གྱི་གྲུབ་གཞི་ཕྲ་ཕུང་ཞེས་པར། སྐྱེས་ལྡན་རིགས་ཀྱི་གཞི་རྩའི་གྲུབ་ཆ་དང་། དེ་དག་ཀྱང་དུས་ཡུན་རིང་པོའི་ནང་འཕེལ་རྒྱས་ཇི་ལྟར་བྱུང་བ་གསལ། དེ་ཡང་། སྐྱེས་ལྡན་རིགས་ཀྱི་ཐོག་མ་ནི། ཕྲ་ཕུང་རྐྱང་ལྡན་དང་། དེ་ནས་རིམ་པས་ཕྲ་ཕུང་མང་ལྡན་བཅས་བྱུང་། ཕྲ་ཕུང་སྐྱེས་དངོས་རིགས་ངོ་བོ་དང་། རྣམ་གྲངས། དེ་དག་གིས་སྐྱེས་འཕེལ་བྱེད་ཚུལ་བཅས་ཀྱི་སྐོར་ཧ་ཅང་རྙོག་ཟིང་ཅན་དང་། ཤེས་དཀའ་བའི་གནས་ཤིག་ཡིན་མོད་ཀྱང་། དེང་རབས་ཚན་རྩལ་ཡར་རྒྱས་བྱུང་བའི་མངོན་འཐོན་ཅན་གྱི་འཕྲུལ་ཆས་མ་ལག་རིགས་བརྒྱུད་དེ། ཕྲ་ཕུང་རིགས་ལ་རྒྱུས་ལོན་བྱེད་ཐུབ་ཀྱི་ཡོད།

ལེའུ་བཅུ་པ་སྲོག་ལྡན་གྱི་འཕེལ་འགྱུར། ཞེས་པར་སྐྱེ་ལྡན་ཕྲ་ཕུང་རིགས་ནས་རིམ་པས། རློན་ཁོ་ནར་ཆགས་མཁན་དང་། སྐམ་རློན་ཅི་རིགས་སུ་སྐྱེས་འཕེལ་བྱེད་པའི་རིགས། ཡང་། སྐམ་ས་ཁོ་ནར་འཚོ་གནས་བྱེད་མཁན་གྱི་སྲོག་ཆགས་རིགས་ཇི་ལྟར་བྱུང་། ཁེམ་བྷེ་རཱེན་སྔ་མ་དང་། རྡོ་ཆགས་དུས་སྐབས། གདོད་སྐྱེས་སྲོག་ལྡན་བྱུང་འཕེལ་དང་། ཁེམ་བྷེ་རཱེན་གྱིས་དུས་རབས་དང་། ཨོར་ཌོ་ཝི་ཤཱིན་དུས་རབས། སི་ལུ་རིན་དུས་རབས། ཌི་ཝོ་ནཱིན་དུས་རབས། སོལ་ཆགས་དུས་རབས་བཅས་དུས་རབས་དེ་དག་སོ་སོར་སྐྱེས་ལྡན་རིགས་ཇི་ལྟར་འཕེལ་རྒྱས་བྱུང་གི་སྐོར་ཞིབ་ཚགས་གླེང་གནང་།

ཚན་རིག་པའི་འཇིག་རྟེན་ཁམས་ཞེས་པའི་ཕྱག་དེབ་འདི་ཞིབ་བཀླག་རེ་གནང་ཚེ། འདི་ལས་རྒྱ་ཆེའི་ཀློག་པོར་དེང་སྐབས་སྐྱེས་བུ་ཀུན་གྱིས་གཏམ་དུ་བྱེད་པའི་བརྗོད་གཞི་ཚན་རིག་གི་འདོད་ལུགས། དངོས་པོའི་རྩོམ་གཞི་ནུས་པ་དང་། རྡུལ་ཕྲན་ནས་ཆེན་པོ་རི་ལུང་དང་། སའི་གོ་ལའི་སྐམ་ས་དང་། ཆུ་གཏེར། མཁའ་དབྱིངས། བར་སྣང་དུ་འཁོར་ལྡིང་བྱེད་པའི་གཟའ་སྐར་ཉི་ཟླ་ལ་སོགས་པའི་ཕྱི་སྣོད་ཀྱི་སྐོར་དང་། ནང་བཅུད་སེམས་ཅན་ཕྲ་ཕུང་ནས་ཆེན་པོ་ཉ་ཆེན་དང་། གླང་ཆེན་སོགས་སྲོག་ཆགས་ཀྱི་འཕེལ་རྒྱས་དང་། འགྱུར་ལྡོག།འཚོ་གནས། འགྲན་རྩོད། གཅིག་རྟེན་གཅིག་བྱུང་གི་རྣམ་གཞག་ངོ་མཚར་ཅན་གྱི་སྐོར་ཆ་རྒྱུས་ངེས་ཅན་ཡོང་བར་ཐེ་མི་ཚོམ། ཞེས་གླེང་བསླང་བའི་ཚུལ་དུ་བརྗོད་པའི་གཏམ་འདི་ཡང་། གྲོགས་ལ་སྟོད་བཀྲ་ཤིས་ལགས་ནས་བསྐུལ་ངོ་མ་ལྡོག་པའི་གཡར་ཁྲལ་ཙམ་དུ། དོན་དང་ལྡན་པའི་རིག་པའི་གནས་ལ་ཐོས་པ་མང་དུ་སློང་བའི་ཡིད་ཅན་བྱང་པ་རིག་འཛིན་ལྷུན་གྲུབ་ཏུ་འབོད་པས། གསལ་ལྡན་ཡུལ་གྲོང་གི་གནས་མཆོག་མཉམ་མེད་བུ་རམ་ཤིང་པའི་བསྟན་པ་དབུ་བརྙེས་ས། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་འདབས་སུ་ཆགས་པའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རང་ཤག་རིག་པའི་གུར་ཁང་དུ། ས་ཕག་ལོའི་ཁྲུམས་ཟླ་བའི་ཚེས་ཉེར་བརྒྱད་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༠ པའི་ཚེས་ ༢༦ ཉིན་བཟང་པོར་སྦྱར་བ་དགེའོ།། །།

 

<<གྲོགས་ཀྱི་དཔེ་དེབ་གསར་ཐོན་ལ་འཚམས་འཕྲིན།>>

 

རང་བཞིན་ཞི་བར་དུལ་པའི་རིག་གྲོགས་ཤིག །
ཤེས་རིག་གང་ལ་མཁས་ཀྱང་སྒམ་པོའི་ཚུལ།།
རིགས་བཟང་འཁྲུངས་ཀྱང་ཡོད་ཚད་བཏང་སྙོམས་ལྟ།།
ཁོང་གི་མཚན་ལ་བདེ་ཁང་བཀྲ་ཤིས་ཟེར།།

 

རིག་པའི་གྲོང་ཁྱེར་གཙང་སྟོད་ས་ཁུལ་དུ།།
ལྟེ་ཁྲག་དམར་པོ་འཐོར་ཏེ་ལང་ཚོ་དར།།
གཉའ་ལམ་སློབ་འབྲིང་འགྲིམས་པའི་བར་སྐབས་ཤིག །
གྲོགས་བཟང་འུ་གཉིས་ངོ་ཤེས་བྱུང་འགོ་ཚུགས།།

 

ས་མཐར་གྱར་བའི་ཇོ་རིའི་རྒྱབ་ཕྱོགས་སུ།།
ལོ་ཡུན་རིང་པོར་དཀའ་དཔྱད་འབད་བརྩོན་བསྲིངས།།
གང་དུ་ལྟ་སྤྱོད་ཡངས་པོའི་གྲོགས་བཟང་ཁྱེད།།
གཞུང་ལུགས་གང་ལ་སྐུ་ཡོན་མཚོ་ལྟར་ཟབ།།

 

དེ་རིང་སྔ་ཞོགས་བྱ་སྐད་སྒྲོག་པའི་སྐབས།།
གློག་ཀླད་སྒོ་ཞིག་འབྱེད་དེ་གསར་འགྱུར་བལྟས།།
གནམ་འོག་འདི་རུ་གསར་འགྱུར་དགའ་ཤོས་ནི།།
ཁྱེད་ཀྱི་དཔེ་དེབ་གསར་ཐོན་ཨེ་མ་མཚར།།

 

བཤེས་གཉེན་དུ་མར་བསྟེན་པའི་སློབ་རྒྱུན་ཁྲོད།།
བསླབས་པའི་ལོ་རྒྱུས་གཞུང་ལུགས་མཁས་དང་མཁས།།
རིག་གནས་གསར་པ་ཚན་རྩལ་ཐད་ལའང་མཁས།།
མཁས་པར་མ་ཚད་ཚན་རིག་གླེགས་བམ་བྲིས།།

 

རྣམ་དཔྱོད་བཀྲ་བའི་ནུས་སྟོབས་རྒྱ་སྐྱེད་ཀྱིས།།
ད་ལོ་ཤོག་དཀར་ཐོག་ཏུ་ཚན་རིག་ཕྱུང་།།
གཞི་རྐང་ཚུགས་སའི་ཚན་རིག་དེབ་གསར་དེ།།
རིག་གྲོགས་དུ་མས་དཔེ་ཀློག་ཐུབ་པར་རེམས།།

 

མཁུར་མཚོས་དམར་པོའི་མི་རིགས་རིག་གཞུང་ཕྱུག།
ཚན་རྩལ་རིག་གནས་རྗེས་ལུས་ཡིན་པར་རྟོགས།།
སྤྱི་ཚོགས་འདི་ལ་སྨན་པའི་དཔེ་དེབ་དེ།།
མི་རིགས་འདི་ལ་བཞག་པའི་ལེགས་སྐྱེས་མཚོན།།

 

སྣག་ཚའི་ཐིག་རིས་རིམ་པ་ལྟར་རྩོམ་དུས།།
རྔུག་ཆུའི་ཐིགས་པས་རེ་རེ་བཞིན་བརླན་སྐད།།
བློ་སེམས་དཀར་པོའི་ཁ་བཏགས་ཤིག་འཕྱོས་ཏེ།།
འབྲས་བཟང་ལེགས་གྲུབ་བྱུང་བར་འཚམས་འདྲི་ཞུ།།

༢༠༡༩/༡༢/༡༩ཉིན། རྩོམ་པ་པོ་ཨ་མའི་བུ་བསྟན་ཚེ་རིང་གིས་གཡག་ཟ་ཁང་དུ་གཤའ་མར་བྲིས། བདག་གི་བློ་མཐུན་གྱི་སློབ་གྲོགས་བདེ་ཁང་བཀྲ་ཤིས་ལགས་ཀྱིས་ལོ་ཤས་རིང་སློབ་ཞོར་དུ་བྲིས་པའི་<<ཚན་རིག་གི་འཇིག་རྟེན་ཁམས་>>ཞེས་པའི་ཚན་རིག་གི་ཕྱི་ནང་སྣོད་བཅུད་ཆགས་ཚུལ་ཐད་ལེའུ་བཅུ་ཅན་གྱི་དེབ་ཅིག་ད་ཆ་དཔར་སྐྲུན་དངོས་སུ་བྱས་ཟིན་པས། དེ་ནི་ད་ལྟའི་གཟི་བརྗིད་དང་། འབྱུང་འགྱུར་གྱི་མི་རབས་རྣམས་ཀྱི་མིག་མདུན་དུ་མིག་དཔེ་བཟང་པོ་ཞིག་ཡིན་པར་སྨྲ་ཅི་ལ་དགོས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་རྒྱབ་སྐྱོར་དང་མངགས་ཉོ་གང་མང་ཡོད་པར་མཁྱེན་མཁྱེན། ཨ་མའི་བུ་བསྟན་པ་ཚེ་རིང་གིས།

ཁོང་གི་འབྲེལ་གཏུག་ཨང་གྲངས། 7607165592

 

 

 

བརྒྱུད་སྐུལ།

མཆན་སྤེལ།