གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་རྣམ་དང་། འཁྲུངས་ལོ་དཔྱད་པ།

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་རྣམ་དང་། འཁྲུངས་ལོ་དཔྱད་པ།

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཞེས་པ་ནི། སྔར་གྱི་གཡུ་ཐོག་རྙིང་མའི་རིགས་ལས་མཆེད་པའི་གདུང་རབས་བཅུ་གསུམ་པ་ན། གཙང་ཉང་སྟོད་ཀྱི་སའི་ཆ་སྒོ་བཞི་རེ་ཐང་དུ་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང༌། ཡུམ་པདྨ་འོད་ལྡན་གྱི་སྲས་སུ་དགེ་ལེགས་ཀྱི་མཚན་མ་བསམ་གྱིས་མི་ཁྱབ་པ་དང་བཅས་རབ་བྱུང་གཉིས་པའི་མེ་རྟ་སྤྱི་ལོ་༡༡༢༦ལོ་ལ་སྐུ་འཁྲུངས། ཆུང་ངུ་ནས་བག་ཆགས་བཟང་པོའི་སྣང་བས་སྨན་གྱི་ངོས་འཛིན་ལ་སོགས་པ་འཁྲུལ་བ་མེད་པར་མཁྱེན། ཉིད་ཀྱི་གསུང་ལས་ཀྱང༌། ཁོ་བོ་གཡུ་ཐོག་མགོན་པོ་ཡིས། །ལོ་བརྒྱད་ལོན་ནས་སྨན་དཔྱད་བསྐྱངས། །ཞེས་གསུངས་པ་ལྟར་འགྲོ་ཕན་གྱི་སྤྱོད་ཚུལ་བསྐྱངས། དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་མང་མཁར་ཚ་ལུང་པ་རོག་སྟོན་དཀོན་ཅོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས་རྒྱས་པ་འབུམ་དང༌། རྟ་སྒ་སྲབ་བཅས་འབུལ་བ་གྱ་ནོམས་པ་ཕུལ་ཏེ་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས་ནས་རེ་ཞིག་ཆིག་བརྒྱུད་ཀྱི་བཀའ་རྒྱ་མ་བཀྲོལ་བར་རང་གིས་ཟབ་བཞེས་སུ་མཛད། སྔ་ཕྱིར་རྒྱ་གར་དུ་ལན་དྲུག་དང༌། དེ་དུས་སིངྒྷ་ལ་དང་གསེར་གླིང་ཚུན་ཆད་ལ་ཕེབས། བཀའ་འགྱུར་དང་བསྟན་འགྱུར་ཐུགས་ཐོག་ནས་འཆད་པ་དང༌། རྒྱ་གར་རྡོ་རྗེ་གདན་དུ་པཎ་ཆེན་བརྒྱ་ཕྲག་དུ་མའི་ཚོགས་དཔོན་མཛད། སྐུ་ཚེའི་སྟོད་དུ་ཡན་ལག་བརྒྱད་པ་ཁོ་ནའི་འཕྲིན་ལས་བསྐྱངས།

དེ་ནས་རྩ་དཔྱད་རིག་པ་དང་རང་གསལ་སྡེ་ཚན་ལྔ་པ་དང༌། ལག་ལེན་པོད་ཆུང༌། རྒྱུད་ཆུང་བདུད་རྩི་སྙིང་པོ། ཤོག་དྲིལ་སྐོར་གསུམ། ལྡེ་མིག་སྐོར་དྲུག་སོགས་སྨན་གཞུང་མང་པོ་བརྩམས་པར་མཛད། རྣམ་ཐར་ལས། གཡུ་ཐོག་མགོན་པོ་བདག་གིས་ནི། །མི་ལོ་བདུན་ཅུ་རྩ་བདུན་དུ། །རིན་ཆེན་གསོ་དཔྱད་སྲོག་བཞིན་བསྐྱངས། །ཞེས་གསུངས་པ་བཅས་མདོར་ན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྐུ་ཚེ་ཧྲིལ་པོ་ནི་ནད་པའི་འགྲོ་དོན་བསྐྱངས་ནས་བཞུགས་པའི་ཁར་སྐུ་ཚེའི་མཇུག་ཏུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་སྤེལ་ནས་རྩ་རྒྱུད་ཀྱི་ལེའུའི་གྲངས་དང༌། བཤད་རྒྱུད་དུ་ཇ་དང་སྨན་ཟས་ལེའུ་སོགས་སུ་ཐོར་བུའི་བསྣན་ཁ་བཅོས། ཕྱི་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངས་པ་རྩ་ཆུའི་བརྟག་པ་དང་མ་བུ་དགྲ་གྲོགས། ཇ་དཀར་ཡོལ་ལ་སོགས་པ་དང༌། མན་རྒྱུད་དུའང་དོན་གོང་མཚུངས་ཀྱི་བསྣན་ཁ་དང་ཞུས་ལེགས་པར་མཛད་དེ། བུའི་དོན་དུ་གསེར་མཆན་དང༌། སློབ་མའི་ངོར་ཟོང་མཆན་ཞེས་པའི་མང་ཉུང་གཉིས་བཀོད། རྒྱུད་བཞིའི་འཆད་ཐབས་སུ་ཆ་ལག་བཅུ་གསུམ་མམ་བཅོ་བརྒྱད་དུ་གྲགས་པ་ཁོག་འབུགས་ཁྱུང་ཆེན་ལྡིང་བ་དང༌། སྟོང་ཐུན་མཛེས་པའི་འཇའ་རིས། །ས་བཅད་སྟག་མོའི་རྔམས་ཐབས། །ཌིཀྐ་མུན་སེལ་གྲོན་མེ། འགྲེལ་བ་འབུམ་ནག་གསལ་སྒྲོན། རྩོད་བཟློག་གེགས་སེལ་འཁོར་ལོ། སྐོར་ཚོམས་སྟོང་ཐུན་བཅུ་གཅིག མིང་དོན་བརྡ་སྤྲོད་རྣམ་ལྔ། ལག་ལེན་རིན་ཆེན་གཏེར་སྤུངས། ཁ་ཐོར་རིན་ཆེན་སྤུངས་པ། ལག་ལེན་སྨར་ཁྲིད་ཡིག་ཆུང༌། །མེད་ཐབས་མེད་པ་རྣམ་གསུམ། གབ་པ་བཅོ་བརྒྱད། ཟབ་པ་རྣམ་གསུམ། མཁས་ཁྱད་ངོ་མཚར་བཞི་སྤྲུགས། རྒྱུད་ཆུང་བདུད་རྩི་སྙིང་པོ། །གསོ་དཔྱད་མུ་ཏིག་ཕྲེང་བ། ཕན་བྱ་སྔགས་འབུམ་དཀར་པོ་བཅས་རྣམས་ཡོད་པ་ལས། སྐོར་ཚོམས་སྟོང་ཐུན་བཅུ་གཅིག་དང༌། ལག་ལེན་སྨར་ཁྲིད་ཡིག་ཆུང༌། གབ་པ་བཅོ་བརྒྱད། །མེ་ཐབས་མེད་པ་རྣམ་གསུམ། ཁ་ཐོར་རིན་ཆེན་སྤུངས་པ། ཁྱད་པར་ཟབ་པ་རྣམ་གསུམ། མཁས་ཁྱད་ངོ་མཚར་བཞི་སྤྲུགས། བདུད་རྩི་སྙིང་པོ། མུ་ཏིག་ཕྲེང་བ་རྣམས་གཡུ་ཐོག་པ་རང་གི་གསུང་ཡིན་པར་ཕལ་ཆེར་བཞེད་པ་དང༌། གཞན་མ་རྣམས་རྫ་ཡེ་ཤེས་གཟུངས་དང༌། ཤག་རམ་པ་ཉི་མ་དཔལ། འབལ་སྨན། བྲང་ཏི། རོག་སྟོན་དཀོན་ཅོག་སྐྱབས་སོགས་ཀྱིས་བརྩམས་ཤིང༌། དེ་མིན་ཌཱིཀྐ་མུན་སེལ་སྒྲོན་མེ་དང༌། མིང་དོན་བརྡ་སྤྲོད་རྣམ་ལྔ་སོགས་བཻ་རོས་མཛད་ཅེས་ཟེར།

གཞན་ཡང་སྨན་པའི་རྒྱལ་པོ་གཡུ་ཐོག་གསར་མ་ཞེས་པ་དེས་སྔོ་འབུམ་ཆེན་མོ་དང༌། མན་ངག་སྙིང་པོ་དྲིལ་བ་འབུམ་ཁུ་ཚུར། ཐོར་བུ་མེ་ལེན། དེབ་ཆིངས་སྐྱོགས་ཀྱི་དཔེ་རིས། བྱང་ཁོག་གི་རྩ་པྲ། སྨུག་པོ་གསོ་བ་ཆུ་རྒྱུན་གྱི་གདམས་པ། ལག་ལེན་པོད་ཆུང༌། ཆུའི་འཁོར་ལོ། པྲ་གསལ་བའི་མེ་ལོང༌། བུ་དོན་མ། འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ། དུག་ནད་ཞི་བ། མོ་ནད་བཅོས་ཐབས་ཡིག་སྣ་བཅུ་བཞི་པ། གཟེར་སྨན་གཉེན་པོ་ལྔ་སྦྱོར། སྨན་པའི་བྱ་བ་མདོར་བསྡུས་སོགས་མཛད་དེ་བོད་གངས་ཅན་གྱི་ཡུལ་དུ་གསོ་དཔྱད་ཀྱི་བསྟན་པའི་སྒྲོན་མེ་ཆེས་ཆེར་སྤར་བར་མཛད། དམ་པ་དེ་ལ་རྗེས་འཇུག་གི་སློབ་མ་ཀུན་བསྡོམས་ན་གནམ་གྱི་སྐར་མ་དང་སའི་དྲེག་པའི་དཔེ་བཞིན་བྱུང་བ་ནས་ཡོངས་གྲགས་ནི་ལྗང་སྨན་ལེབ་སེ། འབལ་སྨན་ཉི་མ་དཔལ། རྫ་ཡེ་ཤེས་གཟུངས། སྟོན་པ་ཨ་ཚེས། ཤག་རམ་པ་ཉི་མ་དཔལ། གཡུ་ཐོག་འབུམ་སེང་དང༌། བསོད་སེང༌། སུམ་སྟོན་ཡེ་ཤེས་གཟུངས། དགེ་བཤེས་རོག་ཆུང་རྣམས་ཡིན་ནོ།། །།

གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་ལོ་གང་ཡིན་ནམ།

  ཁོ་བོས་འདི་ལྟར་གླེང་དོན་ནི་མྱང་སྟོད་སྒོ་བཞི་རེ་ཐང་དུ་འཁྲུངས་པའི་གཡུ་ཐོག་ཡོན་ཏན་མགོན་པོ་ཁོང་ནི་བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཐོག་དཔལ་ལྡན་རྒྱུད་བཞི་ཞེས་པ་དེ་ཉིད་དངོས་སུ་སྤེལ་བའི་བདག་ཉིད་ཆེན་པོ་ཟླ་བྲལ་ཞིག་ཡིན་ནའང་། ནམ་ཞིག་ལ་འཁྲུངས་པའི་ལོ་ཚིགས་གསུངས་པ་དག་ལ་ཅུང་ཟད་དཔྱད་འོས་པར་མཐོང་སྟེ། གསོ་རིག་སྐོར་སྔ་མ་རྣམས་སུ་འཁྲུངས་ལོ་ཁ་གསལ་གསུངས་མེད་ལ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཻ་སྔོན་ཕྱི་མ་རྒྱུད་དུ་འབྲོམ་སྟོན་དང་དུས་མཚུངས་པར་བཞེད་པ་དང་། ཉེ་རབས་དུས་སུ་ལྷ་ལྡན་སྨན་རྩིས་ཁང་གིས་ལོ་ཐོའི་ཐོག་བསྟན་རྩིས་སྐབས་བཀོད་ཚུན་ནས་༼ཐོག་མར་སུས་བཀོད་བརྟག་རྒྱུ་༽རིམ་པས་བརྩམས་པའི་གསོ་རིག་ལོ་རྒྱུས་ཁག་དང་བསྟན་རྩིས་ཀུན་གསལ་བཻ་ཌཱུརྱའི་མགུལ་རྒྱན་དུའང་། ༡༡༢༦ མེ་རྟ། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་འཁྲུངས། ཞེས་འཁོད་ཡོད་པས་ཐེ་ཚོམ་མེད་པ་ལྟ་བུར་སྣང་ན་ཡང་། གཤམ་གསལ་གྱི་གནའ་དཔེ་འགའ་ལ་བསྐྱར་གཞིགས་གནང་ན། ལོ་རྒྱུས་དངོས་དང་མི་འཚམས་པའི་གནད་དེ་གསལ་བར་མཐོང་ངོ་།།

དེ་ཡང་རྗེ་གཡུ་ཐོག་པ་ཉིད་ཀྱི་ཞལ་གསུང་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ལས། བོད་དུ་སྲོང་བཙན་སྒམ་པོ་དང་། དྭགས་པོ་ལྷ་རྗེ། དེ་ཐམས་ཅད་ཁོ་བོ་རང་ཡིན་ཞིང་། ཞེས་བསྟན་པ་དེ་ཡིས་དྭགས་པོ་ལྷ་རྗེའི་སྐྱེ་བ་ཡིན་པར་གསལ་ཡོད་ལ། དེ་ལྟར་ན་དྭགས་པོ་ལྷ་རྗེ་ནི་ཆུ་བྱ་༡༡༥༣་ལོར་གཤེགས་པས་ན། དེའི་ཕྱི་ལོ་༡༡༥༤ལོའམ། དེའི་ཕྱི་ལོ་ཤིང་ཕག་༡༡༥༥ལོ་ཙམ་ལ་འཁྲུངས་པར་གསལ་པོར་གྱུར་ཡོད། གཞན་ཡང་རྒྱུ་མཚན་ཡོད་དེ། གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་དྭགས་པོ་ལྷ་རྗེའི་སློབ་མ་འགྲོ་མགོན་ཕག་མོ་གྲུ་པའི་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པའི་ཕྱིར། དེ་ཡང་ཕག་གྲུའི་སློབ་མ་རྔོག་སེང་གེ་ཁ་པའི་སློབ་མ་ཆོས་དཔལ་ཡེ་ཤེས་ཀྱིས་མཛད་པའི་འགྲོ་མགོན་རྣམ་ཐར་ལས། གཙང་པ་ཇོ་བཙུན་གཡུ་ཐོག་དང་། དགེ་བཤེས་བཟང་མ་གཉིས་ཀྱིས་ལམ་འབྲས་ཀྱི་ཁྲིད་ནན་གྱིས་ཞུས་པ་ལ། ཞེས་སྐུ་གཤེགས་པའི་ལོ་དེར་ཡིན་འདུག་ལ། ཇོ་བཙུན་ཟེར་བ་དེས་གཡུ་ཐོག་དགུང་ལོ་གཞོན་ནུ་ཡིན་པའང་བསྟན་ཡོད། དེ་བཞིན་དུ་སྟག་ལུང་ཆོས་འབྱུང་ལས་ཀྱང་། གཙང་པ་ཇོ་སྲས་གཡུ་ཐོག་པ། ཞེས་འཁོད་འདུག་པ་དང་། གུ་བཀྲའི་ཆོས་འབྱུང་ངོས་༥༩༦འང་། རབ་བྱུང་གསུམ་པར། རྗེ་གྲགས་པ་རྒྱལ་མཚན་དང་། གཡུ་ཐོག་པ། སུམ་སྟོན། ར་མོ་ཤེལ་སྨན། ཞེས་འཁོད་པ་དང་དུས་མཐུན་པའི་ཕྱིར།

གཞན་ཡང་བདེ་མཆོག་སྙན་བརྒྱུད་པའི་བླ་རབས་ལས། རས་ཆུང་པའི་སློབ་མ་ཁྱུང་ཚང་པ། དེའི་སློབ་མ་མ་གཅིག་ཨོང་ཇོ། དེའི་སློབ་མ་ཞང་ལོ་ཙཱ་བ་གྲུབ་པ་དཔལ་ནི་རབ་བྱུང་གསུམ་པའི་ཆུ་ཡོས་སྤྱི་ལོ་༡༡༨༣ལོར་འཁྲུངས། རབ་བྱུང་བཞི་པའི་མེ་བྱ་ལོ་༡༢༣༧ལོར་གཤེགས། དེའི་སློབ་མ་རྦ་དྷ་ར་ཤྲཱི་རབ་བྱུང་གསུམ་པའི་ལྕགས་ཁྱི་ལོ་༡༡༩༠ལོར་འཁྲུངས། རབ་བྱུང་བཞི་པའི་མེ་རྟ་ལོ་༡༢༤༦ལོར་གཤེགས་པ་དེ་ཡིས་ཆུང་དུས་གཡུ་ཐོག་ཡོན་ཏན་མགོན་པོ་ལས་གསོ་རིག་སྦྱངས་པ་ཡིན་འདུག་པའང་། བརྒྱུད་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ལས་རྦ་ཡི་སྐབས། དེ་ནས་ཕ་སྤུན་ཕུ་བོ་རྦ་ལྷ་རྗེ་ཁོང་ནོར་ཆེ་བས་འབུལ་བ་ཆེན་པོ་ཁྱེར་ནས་དཔོན་གཡུ་ཐོག་མགོན་པོ་ལ་སྨན་སློབ་པའི་ཞབས་ཏོག་ལ་བྱོན་པས་རྒྱུད་ཆེ་ཆུང་དང་སྟོང་ཐུན་སྐོར་དང་། ཞལ་གདམས་སྐོར་ཊིཀྐ་ཆེ་ཆུང་ལ་སོགས་གཡུ་ཐོག་པའི་གདམས་ངག་ཆེ་ཆུང་མ་ལུས་པ་ཆོད་གདའ། ཞེས་འཁོད་འདུག ལྷོ་རོང་ཆོས་འབྱུང་དུ་ཕུ་བོ་ནི་གཡུ་ཐོག་པའི་སློབ་མ་ཡིན་པས་དེ་ལས་གསོ་རིག་བསླབ་པར་གསལ་ཡོད་པས་སོ།། གལ་ཏེ་བསྟན་རྩིས་སོགས་རབ་བྱུང་གཉིས་པའི་མེ་རྟར་འཁྲུངས་པར་ཨུ་ཚུགས་ཀྱིས་འདོད་ན། དགུང་གྲངས་དོན་བདུན་ལ་སྐུ་གཤེགས་པ་ཡིན་པས། ཕག་གྲུའི་སྐུ་ཚེ་སྨད་ཀྱི་སློབ་མ་ཡིན་པ་སོགས་གོང་གསལ་དག་རྫུན་ཡིན་པར་འདོད་དགོས་སོ།།

གང་ལྟར་རང་རེའི་རིག་གནས་རྣམས་ཁ་གསལ་ཁུངས་དག་ཤེས་དགོས་ན། ཐོག་མར་ལོ་རྒྱུས་ཁ་གསལ་ཁུངས་དག་ཤེས་དགོས་པའི་གནད་ཀྱིས་ཕག་གྲུ་བཀའ་བརྒྱུད་ཆོས་འབྱུང་དུ་བཀོད་ཡོད་ལ། འདིར་ཡང་གནད་བསྡུས་སུ་བཀོད་ནས་ཚང་མས་དོ་སྣང་གིས་ལོ་རྒྱུས་ཡང་དག་པར་ངེས་པ་བཙུད་ཐུབ་པའི་ཆེད། ཀློག་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོས་ལྷག་བསམ་གྱིས་༢༠༢༠/༡/༢༠ལ་སྤེལ་བ་ཡིན་ནོ།། ཞིབ་ཆ་ལོགས་སུ་འགོད་དོ།།

 

 

བརྒྱུད་སྐུལ།

མཆན་སྤེལ།