ཁྲུང་ཁྲུང་མ་བུ་གཉིས།
དབུས་ཕྲུག་ཚེ་རིང་།
ཡར་ཀླུང་གཙང་པོའི་ངོགས་སུ་ཡུལ་ཐར་པ་གླིང་ཞེས་པའི་འདབས་རོལ་ན་དུས་བཞིར་སྔོ་ཐིང་ངེར་གནས་པའི་མཚེའུ་ཡིད་དུ་འོང་བ་ཞིག་ཡོད། ཁ་ཤར་ངོས་སུ་ཕྱོགས་པའི་མཚེའུ་དེའི་རྒྱབ་རི་ནི་ནགས་ཚལ་མཐུག་ཅིང་རི་བོ་མཐོ་ཞིང་གཟར། མདུན་ཕྱོགས་སུ་སྤང་རྒྱན་མེ་ཏོག་སོགས་དྲི་ཞིམ་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་པའི་སྤང་ལྗོངས་རྒྱ་ཆེ་ལ། ས་སྟེང་དུ་གཡུ་འབྲུག་སྔོན་མོ་ཞིག་འཁྱུག་པ་ལྟར་ཤང་ཤང་དུ་བཞུར་བའི་རྒྱུགས་ཆུ། གཅན་གཟན་གདུག་པ་ཅན་གྱིས་གནོད་འཚེ་ཅི་ཡང་མེད་པའི་ཡིད་འོང་གི་མཚེའུ་དེར། ལོ་ལྟར་བརྩེ་བ་ཤིན་ཏུ་ཟབ་པའི་ཁྲུང་ཁྲུང་མ་བུ་གཉིས་ཞི་བདེ་ལྷིང་འཇགས་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད།
ཉི་འོད་གསལ་ལ་རྫི་རླུང་བསིལ་བུ་ལྡང་བའི་ཉིན་ཞིག་གློ་བུར་དུ་ས་ཕྱོགས་གང་ཞིག་ནས་ཡོང་མིན་མི་ཤེས་པར་སྤྱོད་པ་ཤིན་ཏུ་རྩུབ་ཅིང་གཏུམ་ལ། གཤིས་ཀ་གྱོང་བའི་ཁྲུང་ཁྲུང་གསུམ་མཚེའུ་དེར་འཕུར་ནས་འོངས། ཁྲུང་ཁྲུང་ཨ་མ་དེས། ག་ལེར་ཁོང་གསུམ་གྱི་ཕྱོགས་སུ་བདེ་ལྕག་འཁྱུག་པོས་ཆུ་རྐྱལ་བརྒྱབ་སྟེ་ཕྱིན་ནས། ཁོང་གསུམ་པོར། སྐུ་ཁམས་བདེ་པོ་ཡིན་ནམ། ཞེས་འཚམས་འདྲི་ཞུས་རྗེས། ཁྱེད་རྣམ་ཡུལ་ཕྱོགས་གང་ནས་ས་འདིར་ཕེབས་པ་ཡིན་ནམ། ཞེས་སྐད་གདངས་འཇམ་པོས་དྲིས། ཁྲུང་ཁྲུང་གསུམ་གྱིས་ལན་ཅི་ཡང་མ་བརྒྱབ་པར། རང་རང་གི་ཆུ་རྐྱལ་ངོམས་བཞིན་མཚེའུ་དེའི་ཁ་ལ་ཕར་ལྡིང་ཚུར་ལྡིང་ལན་མང་པོ་བྱས་ནས་བསྡད། མཚེའུའི་ནང་དུ་གཡས་གཡོན་གང་སར་སྐྱེ་ཡོད་པའི་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་པད་མ་རྣམས་མཆུ་ཏོས་བཏོགས་ཏེ་ཕན་མེད་བཟོས། སྐབས་དེར་ཁྲུང་ཁྲུང་ཕྲུ་གུ་དེ་ནི་ཁྲུང་ཁྲུང་གཞན་གསུམ་པོར་འཇིགས་སྐྲག་སྐྱེ་ཐག་ཆོད་ནས། རང་གི་ཨ་མའི་རྒྱབ་ལ་ཡིབ་གང་ཐུབ་བྱེད་ཀྱིན་འདུག །དེ་ནས་ཁྲུང་ཁྲུང་གཞན་ཞིག་གིས། ཝ་ཡེ། གྲོགས་པོ་ཚོ། ང་ཚོ་ཁུ་སིམ་ཞིང་རྒྱ་ཆུང་བའི་མཚེའུ་འདི་འདྲར་སྡོད་པ་ལས་རང་གི་ཡུལ་དུ་ལོག་ན་དགའ། ཞེས་རྫིགས་མདོག་ཁ་པོས་བཤད། དེ་རྗེས་ཡང་བསྐྱར་ཁྲུང་ཁྲུང་གཞན་གཅིག་གིས་ཁྲུང་ཁྲུང་ཨ་མ་དེ་དང་ཕྲུ་གུའི་མདུན་དུ་རྒྱུགས་ཕྱིན་ཏེ། ཁ་སྙན་ངག་འཇམ་གྱིས། ཁྲུང་ཁྲུང་ཕྲུ་གུ་དེར། བུ་བུ། ཁྱེད་རང་ཞེད་སྣང་བྱེད་དགོས་ཀྱི་མ་རེད། ང་ཚོ་ཁྱེད་ཀྱི་གྲོགས་པོ་ཡག་ཤོས་དེ་ཡིན། ཁྱེད་རང་ཟས་རིགས་དཀོན་ལ། ས་ཆ་གུ་དོག་ཅིང་སྐྱིད་པོ་མེད་པའི་ས་འདི་འདྲར་མི་ཚེ་སྐྱེལ་བ་ལས། ང་ཚོ་མཉམ་དུ་ཕྱིན་ན། འདི་ནས་ཉིན་ཕྱེད་ཀྱི་ས། ལྷོ་ཕྱོགས་ཀྱི་རི་བོའི་རྒྱབ་ན་རྒྱ་ཆེ་ཞིང་འཁྲུགས་ཆ་དོད་ལ། ཟས་རིགས་ཞིམ་པོ་ཕུན་སུམ་ཚོགས་ཤིང༌། བྱ་རིགས་འདྲ་མིན་སྣ་ཚོགས་ཀྱི་ཕྲུ་གུ་དང་ཤིན་ཏུ་སྐྱིད་པའི་ས་ཆ་ཞིག་ཡོད་དེར་འགྲོ། ཞེས་ཁ་ཏ་དང་ངན་བསླབ་མང་པོ་བརྒྱབ་སྟེ་བསླུ་བྲིད་བྱས་མཐར། ཁྲུང་ཁྲུང་ཕྲུ་གུ་དེ་འགྲོ་འདོད་ཀྱིས་གཤོག་པ་གཡབ་གཡབ་ལན་མང་བྱེད་པ་དང༌། གྲོགས་པོ་ལགས་ང་འཁྲིད་རོགས་གྱིས། འཁྲིད་རོགས་གྱིས་ཞེས་བཤད། དེ་མུར་ཁྲུང་ཁྲུང་ཨ་མ་སེམས་ཁྲལ་ཆེན་པོ་བྱུང་སྟེ། བུ་ད་ལྟ་ཁྱེད་རང་ལོ་ན་ཆུང་བ་དང༌། གཤོག་རྩལ་ཡང་རྫོགས་མེད་པས་གང་བྱུང་དུ་འགྲོ་མི་ཉན། དེ་ལས་ང་རང་མ་བུ་གཉིས་ལ་སུས་ཀྱང་གནོད་འཚེ་བྱེད་མཁན་མེད་པའི་ས་ཆ་འདིར་ཧ་ཅང་སྐྱིད། ཆ་ཡོད་རྒྱུས་མེད་ཀྱི་ཡུལ་གཞན་དུ་ཁྱོད་ལ་གནོད་འཚེ་འཕོག་ངེས་རེད། ད་དུང་ཁྱེད་རང་ས་ཆ་གཞན་ལ་ཕྱིན་ན་ང་གནས་འདིར་རྩ་བ་ནས་འཚོ་མི་ཐུབ། ཅེས་ངག་འཇམ་འཇམ་དང་སེམས་གདུང་གདུང་གིས་ཇི་ལྟར་བཤད་ཀྱང༌། ཁྲུང་ཁྲུང་ཕྲུ་གུ་དེས་རང་གི་ཨ་མའི་ཁ་ལ་ཉན་རྒྱུ་ཕར་བཞག །དེ་ལས་ལྡོག་སྟེ། རང་གི་ཨ་མར་ཁ་ལོག་ཚིག་ལོག་གང་མང་བརྒྱབ་ནས་ཁྲུང་ཁྲུང་གཞན་གསུམ་དང་མཉམ་དུ་འཕུར་ཏེ་ས་ཕྱོགས་གཞན་དུ་ཕྱིན།
དེ་ནས་བཟུང་ཁྲུང་ཁྲུང་ཨ་མ་དེས་ཉིན་ལྟག་པར་དཀོན་མཆོག་ལ་སྨོན་ལམ་འདེབས་ཀྱིན་རང་གི་སྙིང་ལས་གཅེས་པའི་ཕྲུ་གུ་དེར་ངང་སྒུག་ཡུན་རིང་བྱས་ནས་བསྡད། ཉིན་མང་པོ་དེ་འདྲ་ཕྱིན་ཀྱང་ད་དུང་རང་གི་ཕྲུ་གུ་རང་ཡུལ་དུ་ཕྱིར་ལོག་བྱེད་མཁན་མེད་པས་ཁྲུང་ཁྲུང་ཨ་མ་དེ་སེམས་སྐྱོ་ཐག་ཆོད་དེ། ཤ་སྐམ་རུས་ལ་ཐུག་ཅིང་སེམས་ཀྱིས་མ་བཟོད་པར་མཐར་རང་ཉིད་ཀྱི་ཕྲུ་གུ་འཚོལ་བར་བསྐྱོད། ས་ཐག་རིང་པོར་ཕྱིན་རྗེས་གང་མཚམས་ནས་རྒྱ་ཆེ་བའི་རྫིང་བུ་ཞིག་མིག་གི་མདུན་དུ་གསལ་ལྷང་ངེར་མཐོང༌། རྫིང་བུ་དེར་ག་ལེར་མར་བབས་པས། དེར་རུས་སྦལ་ལོ་ན་རྒས་ཤིང་ཁོག་པ་ཅིག་སྐྱོ་གདུང་ཆེན་པོས་ངུ་གིན་མིག་ཆུ་ཁྲུམ་ཁྲུམ་བཞུར་བཞིན་འདུག །ཁྲུང་ཁྲུང་ཨ་མ་དེས་གདུང་སེམས་མཉམ་སྐྱེས་ཀྱིས་རུས་སྦལ་དེར་གནས་ཚུལ་ག་རེ་བྱུང་བ་ཡིན་ནམ་བསམ་སྟེ། རུས་སྦལ་གྱི་འཁྲིས་ལ་ཕྱིན་ཏེ། བྱང་སེམས་ཆེན་པོས། ཝ་ཡེ། ཨ་ཁུ་རུས་སྦལ་ལགས། ཨ་ཁུ་རུས་སྦལ་ལགས། ཁྱེད་རང་ལ་གནས་ཚུལ་སྡུག་པ་ག་རེ་བྱུང་སོང་ངམ། ཞེས་སྐད་ཤུགས་ཆུང་ངུས་དྲིས། རུས་སྦལ་དེས། ཨ་ཅག་ལགས། དེ་རིང་ལུང་པའི་ཕུ་ནས་འོངས་བའི་རྔོན་པ་སྡུག་རྩུབ་ཅན་ཞིག་གིས་ངའི་གྲོགས་པོ་ཁྲུང་ཁྲུང་གསུམ་དང༌། ས་ཕྱོགས་གང་ནས་སླེབས་མིན་མི་ཤེས་པའི་ཁྲུང་ཁྲུང་ཕྲུ་གུ་གཅིག་བཅས་ཚང་མ་བསད་སོང༌། ད་ཆ་རྫིང་བུ་ཆེན་པོ་འདིའི་ནང་ང་ལ་ཞེན་ཆགས་བྱེད་ཡུལ་གྱི་གྲོགས་པོ་སུ་གཅིག་ཀྱང་མེད། ཅེས་ངུ་ཤུམ་ཤུམ་གྱིས་བཤད། ཁྲུང་ཁྲུང་ཨ་མས་རུས་སྦལ་གྱི་སྐད་ཆ་དེ་ཐོས་མ་ཐག །ད་ཆ་རང་ཉིད་ཀྱི་ཕྲུ་གུ་ཚར་སོང་སྙམ་སྟེ་སེམས་པ་ཤིན་ཏུ་སྐྱོ་ནས་ཅུང་ཟད་དྲན་པ་འཐོར། ཡུད་ཙམ་ནས་དྲན་པ་གསོས་ཏེ་ཁྲུང་ཁྲུང་ཨ་མ་དེས་སྔར་བྱུང་བའི་རང་མ་བུ་གཉིས་ཀྱི་ལོ་རྒྱུས་ཤོད་ཀྱིན། རུས་སྦལ་རྒས་པོ་རང་གི་རྒལ་པར་ཁུར་ནས་གཤོག་པ་ལྡེམ་ལྡེམ་ངང་ཤིན་ཏུ་སྐྱིད་པའི་རང་གི་ལུང་པར་འཕུར་ནས་ལོག་ཕྱིན།།