གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད།
སྐྱབས་ཆེན་བདེ་གྲོལ།
གང་ལྟར་བདག་གིས་མི་སྣ་ཞིག་གསར་དུ་བཟོས་ཟིན། ཁོའི་གཏམ་རྒྱུད་བཤད་རྒྱུ་ནི་ལོ་ན་ཕྲ་བའི་རྩོམ་མཁན་བདག་ལ་མཚོན་ན་འཛད་མཐའ་མེད་པའི་གཏེར་རྡོས་གཏམས་ཤིང་མིའི་རིགས་སྤྱིའི་ཐུན་མོང་གི་བགོ་སྐལ་དུ་གྱུར་བའི་རི་བོ་ཆེན་པོ་ཞིག་བརྐོ་དགོས་པ་དང་གཉིས་སུ་མ་མཆིས།
ཐོག་མར་གླེང་རྒྱུ་ནི་ཁོའི་རྐང་བའི་སྐོར་ཡིན་ལ་ཁོའི་ལྦ་བ་ཐོགས་པའི་རྐང་ཟུང་དེ་མཐོང་དུས་སུས་ཀྱང་ཁོ་ལ་འཚམས་པའི་ལྷམ་ཞིག་རྒྱལ་ཁབ་གང་གིས་ཀྱང་ཐོན་སྐྱེད་བྱས་མེད་པ་གསལ་བོར་ཤེས་ངེས། འོན་ཀྱང་ཁོས་ནམ་ཡང་རང་གི་རྐང་ཟུང་དེ་སྲ་ཞིང་མཁྲེགས་པའི་རྣོ་ལྕགས་ཀྱིས་གྲུབ་པར་འདོད་པས་ལྷམ་གྱིས་བཏུམས་པའི་རྐང་ཟུང་ཞིག་མཐོང་ཚེ“འདི་ནའང་བག་འཁུམས་ཤིང་སྒྱིད་ལུག་པའི་རྐང་ཟུང་ཞིག་འདུག”ཅེས་ཁྲེད་དགོད་བྱ་ངེས། མདོར་ན་ཁོའི་རྐང་བ་ནི་དཀའ་སྡུག་ལ་བཟོད་བསྲན་ཐུབ་ཅིང་མདུན་སྐྱོད་ཀྱི་སྤོབས་པས་ཕྱུག་པ་ཞིག་ཡིན་པ་ཁོས་བརྗོད་མྱོང་བའི་སྐད་ཆ་གཞན་ཞིག་སྟེ“སའི་གོ་ལར་སྐོར་བ་རྒྱག་རྒྱག་ནི་ལས་སླ་མོ་ཞིག་རེད”ཅེས་པ་འདིས་ར་སྤྲོད་ཐུབ། ཡིན་ནའང་སྐབས་འགར་ཁོས་འདང་རྒྱག་སྤུ་ཙམ་མེད་པར“ངེད་ཚང་གི་སྦྲ་ནག་ལ་སྐོར་བ་ཞིག་བརྒྱབ་པ་དེ་སའི་གོ་ལར་སྐོར་བ་ཞིག་བརྒྱབ་པ་དང་མཚུངས་པ་རེད”ཅེས་བརྗོད་ཀྱིན་འདུག་མོད་མིང་ལ་ཐེ་བ་ཟེར་བའི་ཁོའི་གྲོགས་པོ་དེས“སྐད་ཆ་དེ་ནི་ཆང་འཐུང་གི་གཏམ་དང་ནམ་གུང་གི་གཡག་ཡིན་པས་ཁོས་བརྗོད་མྱོང་བའི་སྐད་ཆའི་གྲས་སུ་བགྲང་མི་འོས”ཟེར།
བར་དུ་གླེང་རྒྱུ་ནི་ཁོའི་འཕར་མཚམས་མི་འཇོག་པའི་སྙིང་དང་སྐྱོ་ཉམས་ཆེ་བའི་མིག་ཟུང་གི་སྐོར་ཡིན། ཁོའི་སྙིང་ནི་དུས་ཚོད་ཀྱི་འགྲོས་དང་བསྟུན་ཐུབ་པའི་སྙིང་ཕལ་བ་ཞིག་ཡིན་ལ་དུས་ཚོད་ལ་བརྩི་བཀུར་མི་བྱེད་པའི་སྙིང“མ་རབས”ཤིག་ཀྱང་ཡིན། ཁོའི་ལུས་སེམས་གཉིས་ཀར་དྲོད་སྣང་སྩོལ་བའི་བུད་མེད་ཁ་ཤས་མེ་མདའ་དང་མཚོན་ཆ་གཞན་དག་གི་གདུག་རྩུབ་འོག་འཇིག་རྟེན་གཞན་དུ་ཕྱིན་ཚར་བའི་ཉིན་མོ་ཞིག་ལ་ཁོས“དུས་ཚོད་ཆུ་བོའི་རྒྱུན་ལྟར་བཞུར་ཅིག བདག་གི་སྙིང་གིས་ནི་འཕར་མཚམས་གཞག་པར་བྱའོ”ཞེས་ཟེར་མྱོང་། ཁོའི་མིག་ཟུང་ནི་དངོས་པོ་ཡོད་ཚད་ཀྱི་མཛེས་སྡུག་ལས་རྒྱལ་འདོད་པའི་མིག་ཟུང་ཞིག་ཡིན་ཕྱིར་ང་ཚོས་དེར“ཤེས་རབ་ཅན་གྱི་མིག”ཏུ་འབོད་ཆོག ཁོས་དུས་རྒྱུན་པར“ངས་སྔོན་ཆད་མཐོང་བ་ནི་རྡེའུ་འབུམ་དང་དར་ལྕོག་གི་ཕག་ཏུ་སྦེད་པའི་ངོ་གདོང་སྨུག་པོ་དེ་དག་རེད། ད་ལྟ་མཐོང་བ་ནི་ལག་པ་ཁོ་ནས་མ་གཏོགས་དབང་བོ་གཞན་དག་གིས་ཉམས་སུ་མྱང་མི་ཐུབ་པའི་མུན་ནག་ཅིག་རེད། ཧ་ཧ། ངས་འགལ་ཟླ་ཤོར་བའི་སྐད་ཆ་ཞིག་བཤད་བྱུང་།”ཟེར་བས་ང་ཚོས་ཁོའི་མིག་ཟུགང་གིས་ཡང་སྙིང་ཅི་ཞིག་མཐོང་གིན་ཡོད་པ་གསལ་བོར་སྨྲ་ཐབས་བྲལ།
མཐའ་མར་གླེང་རྒྱུ་ནི་ཁོའི་མིང་དང་ལོ་ཚོད་ཀྱི་སྐོར་རེད། ཁོའི་མིང་ལ་མེ་ལྕེ་ཟེར་ཞིང་ལ་ག་ཚོད་ཡིན་པ་ཁོས་བརྒལ་མྱོང་བའི་གངས་རི་དང་མཚོ་མོ་ལས་གཞན་སུས་ཀྱང་མི་ཤེས།
ལེའུ་དང་པོ། མ་ཡུམ།
མ་ཡུམ་དེ་ལ་རྒས་ཤིང་འཁོགས་པའི་དུས་སམ་ནུབ་པའི་དུས་ཤིག་ཡོད་ཚེ
སྙན་ངག་གི་བདག་མོས་ཁྱོད་ལ་ངག་གི་དངོས་གྲུབ་གང་ཞིག་གནང་སྲིད
—ལྗང་བུའི་སྙན་ངག་ཅིག་བཤུས་པ།
༡ ཡུལ་ལྗོངས།
ལུང་བ་ཆུང་ཆུང་འདི་རུ་སྦྲ་ནག་གི“གྲོང་ཁྱེར”ཞིག་ཆགས་ཡོད། ཁྱིམ་ཚང་སོ་སོའི་སྒོ་ཁྱི་དག་ལུང་མདོ་རུ་མངོན་པའི་ནག་ཡོར་ཡོར་གྱི་གྲིབ་གཟུགས་མང་པོར་ཅེར་ནས་མཚམས་མེད་དུ་ཟུག་བཞིན་པའི་དུས་སུ་ཁྱིམ་བདག་མ་ཁ་ཤས་ཀྱང་བྱིས་པ་གཅེར་བུ་འགའ་དང་ལྷན་དུ་སྒོར་འབུད་ངེས།
དྭངས་ཤིང་གསལ་བའི་ཆུ་མིག་ཕྲ་མོ་ནི་རྫི་བོ་ཚོའི་ཁ་བརྡ་དང་འགྲོགས་པའི་རོལ་དབྱངས་ཡིན། རོལ་དབྱངས་དེས་སྔོ་རྩྭ་ལྡོད་ཀྱིན་པའི་ནོར་ནག་ལའང་རང་བྱུང་ཁམས་ནི་མཛེས་སྡུག་དང་ཟིལ་ཤུགས་ཀྱིས་སྤྲས་པའི་སྐྱེ་འགྲོ་ཀུན་གྱི་ཐུན་མོང་གི་ལོངས་སྤྱོད་རིགས་ཤིག་ཡིན་པ་གསལ་བོར་སྟོན།
རླུང་བུ་བསིལ་མོས་ཁལ་མ་ཚོའི་རྒྱབ་ཀྱི་རྨ་ཁར་བདེ་སྣང་སྟེར་ཐེངས་རེར་ང་ཚོས་ལུང་བའི་ཕུག་གི་དུར་ཁྲོད་དེ་དྲན་འོས། དེའང་མཐོ་སྒང་གི་གྲུ་གཟིངས་སུ་འབོད་པའི་ཁལ་མ་འདི་ཚོས“གྲོང་ཁྱེར”འདི་ནས་ཚེ་ཡི་འཕེན་པ་རྫོགས་པའི་སྐྱེ་བོ་བགྲང་ལས་འདས་པ་ཞིག་ལུང་བའི་ཕུག་གི་དུར་ཁྲོད་དུ་སྐྱེལ་བའི་ལས་འགན་ལྕི་མོ་དེ་ཁུར་དུ་བཞེས་པ་ཡིན། དེ་བས་ཁལ་མ་ཕལ་ཆེ་བའི་སྣང་ངོར་མི་འདི་དག་ནི་རང་གཅེས་འཛིན་གྱི་ཆེད་དུ་འཚོ་བ་རོལ་མཁན་ཤ་སྟག་རེད། ཁོ་ཚོ་གསོན་དུས་ང་ཚོ་ཟས་སུ་རོལ་བ་དང་ཤི་དུས་ཀྱང་ང་ཚོའི་རྒྱབ་ཏུ་རྨ་ཁ་འཇོག་གིན་འདུག་སྙམ་གྱིན་ཡོད།
ཞིབ་ཏུ་བསམ་ཚེ་ཁལ་མ་ཚོའི་རྒྱབ་ཀྱི་རྨ་ཁ་དེ་བཀོད་དབྱིབས་མཛེས་པའི་ས་ཁྲ་ཞིག་མཚུངས། ང་ཚོས་སྔོན་ཐོན་དང་སྤུས་ལེགས་ཡིན་པའི་ཚན་རྩལ་གྱི་ཡོ་བྱད་ཤིག་བེད་སྤྱད་ནས་ས་ཁྲ་དེར་བལྟས་ཚེ“གྲོང་ཁྱེར”འདིར་དབང་བའི་ཡུལ་ལྗོངས་དེ་དག་གི་ཁོ་ར་ཁོར་ཡུག་ཏུ་གནས་པའི་འགྱུར་ལྡོག་ཅན་གྱི་ལྗོན་ཤིང་དང་། འཇག་སྐྱས་ཁེབས་པའི་འཚེར་ཤུལ། ས་གསེང་དུ་ཐིམ་པའི་རྡོ་ཆས། ཆུ་དང་མེ་ཡིས་ཁྱུར་མིད་དུ་བཏང་ཚར་བའི་དར་ཟབ་ཏུ་གླེགས་བམ་གྱི་ཚིག་རོ། ད་དུང་སྐྱེས་པ་ཚོ་དང་བུད་མེད་ཚོས་ཕན་ཚུན་ལ་དྲན་སྟེར་དུ་སྟེར་མྱོང་བའི་བཙས་ཟིན་པའི་རྒྱན་ཆ་སོགས་ཞིབ་མོར་མཐོང་ཐུབ།
བཀྲེས་ལྟོགས་སེལ་ཕྱིར་ཕྱུགས་ཟོག་རེ་གསད་འདོད་པའི་སྤྱང་ཀི་ཚོས་མེ་མདའ་ཁུར་རྫི་བོ་དག་ལ་འཇབ་རྒོལ་བྱ་མི་འདོད་ཀྱང་མཚམས་མེད་པར་ངུ་ཟུག་བྱེད་ཀྱིན་འདུག ཁོ་ཚོའི་དམིགས་ཡུལ་ནི་ཁལ་མ་ཚོའི་རྒྱབ་ཀྱི་རྨ་ཁ་ཇེ་ཆེར་བཏང་སྟེ“གྲོང་ཁྱེར”འདིར་སྔར་ལས་ལྷག་པའི་ཡུལ་ལྗོངས་མང་པོ་ཞིག་རག་ཐབས་བྱ་རྒྱུ་དེ་ཡིན་ཡང་མ་ཎི་བཏོན་ཏེ་ཤམ་བྷ་ལ་རུ་འགྲོ་འདོད་པའི་རྫི་བོ་ཚོས་དེ་དོན་ག་ལ་ཤེས།
2 མེ་ལྕེའི་ཉིན་ཐོ།
བདག་གིས་རྒྱ་ཆེ་བའི་ཤེས་རིག་གི་ཡུལ་ཁམས་ཡོངས་རྫོགས་ཉམས་སུ་མྱོང་ཚར་ཞེས་རང་གིས་རང་ལ་ངོ་བསྟོད་བྱེད་ཀྱིན་ཡོད་མོད་ནམ་ཡང་ཡིད་ངོས་ནས་འདོར་ཐབས་བྲལ་བ་ནི་འཇིག་རྟེན་གཞན་ཞིག་ལ་ཕེབས་ཟིན་པའི་དྲིན་ཆེན་གྱི་མ་ཡུམ་རེད། གང་ལྟར་ཁོ་མོའི་འཛུམ་མདངས་དང་ནུ་ཞོས་བདག་ལ་མངོན་སུམ་གྱི་འཚོ་བ་མུ་མཐུད་ཏུ་རོལ་བའི་སྐལ་བ་གནང་ཞིང་མ་འོངས་པའི་དུས་རབས་ཤིག་ལ་རེ་སྙེག་བྱེད་པའི་སྤོབས་པ་འང་བསྩལ་བྱུང་།
དེ་རིང་གི་མགྲོན་པོ་དེ་ནི་དངངས་འཚབ་ཆེ་ཞིང་ལུས་ལས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་བའི་བོད་མི་ཞིག་རེད། ཁོས་ང་ལ་སྤྲད་པའི་ཁུག་མ་ཆུང་ཆུང་དེར་མར་དང་རྩམ་པའི་བྲོ་བ་འཐུལ་གྱིན་འདུག་པས་ངས་ཁོ་དང་རང་གི་ཕ་ཡུལ་གྱི་བར་དུ་འབྲེལ་བ་ཞིག་ཡོད་པ་ཤེས་བྱུང་། ཁོས་ཅུང་ཟད་གཟབ་ནན་དང་བཅས“ཁུག་མ་ཆུང་ཆུང་དེར་ཁྱོད་ཀྱི་ཨ་མའི་རུས་ཐལ་བཅུག་ཡོད”ཟེར།ངའི་ངག་ལས་དབང་མེད་དུ་ཤོར་བ་ནི “ཨ”ཞེས་པའི་ཨག་རིང་དེ་རེད།
སྐད་ཅིག་ཙམ་གྱིས་དུས་ཡུན་ཐུང་ངུ་དེའི་ནང་ངའི་མིག་ལམ་གྱི་བྱ་དངོས་ཡོད་ཚད་རབ་རིབ་ཏུ་གྱུར་སོང་།
མགྲོན་པོ་དེ་ཨ། མགྲོན་པོ་དེ། མགྲོན་པོ་དེས་ད་དུང་ངའི་རྣ་རྩར་ཤབ་ཤུབ་ཀྱི་ངང་ནས་སྐད་ཆ་འགའ་བཤད། སྡུག་བསྔལ་གྱིས་གློ་བུར་དུ་མནར་བའི་དབང་གིས་ངས་ཁོས་བཤད་པའི་ཚིག་འབྲུ་རེ་རེ་ཡིད་ལ་འཛིན་དཀའ་ཡང་ཆེས་མཐའ་མའི་གཏམ་གཅིག་བུ་སྟེ“ང་མྱུར་བར་བཙོན་ཁང་དུ་འགྲོ་དགོས།ཁྱོད་ཀྱིས་ཨ་མའི་རུས་ཐལ་ཁྱེར་ཡོང་བའི་དབང་གིས་བཙོན་ཁང་དུ་འགྲོ་དགོས”ཞེས་པ་ནམ་ཡང་བརྗེད་མི་སྲིད། ངས་ཁོར་གཏམ་དེའི་ཁུངས་ལུང་དྲིས་མ་ཐག་ཁོ་མྱུར་བར་ང་དང་བྲལ་སོང་།
ཁེར་རྐྱང་ཏུ་བསམ་གཞིགས་གཏོང་རྒྱུ་ནི་ང་ལ་མཚོན་ན་ཉི་མ་འཁྱོལ་བྱེད་ཀྱི་ཐབས་ལེགས་ཤོས་ཤིག་ཡིན།ངའི་ཨ་མ་འདས་ནས་ལོ་ངོ་དྲུག་ཙམ་འགོར་བར་མ་ཟད་ཁོ་མོའི་བེམ་རོའང་ཕ་ཡུལ་གྱི་དུར་ཁྲོད་དེའི་བྱ་རྒོད་ཚོའི་ཁ་ཟས་སུ་གྱུར་མོད་མགྲོན་པོ་ཁྱད་མཚར་བ་དེས་ཐབས་ཅི་ཞིག་ལ་བརྟེན་ནས་རུས་ཐལ་དེ་རྙེད་པ་ཡིན་ནམ། ཁོས་ང་ལ་རུས་ཐལ་དེ་སྤྲོད་སྐབས་ངའི་ངག་ལས་ཀྱང་ཅིའི་ཕྱིར་ཨག་རིང་ཞིག་ཤོར་བ་ཡིན་ནམ།
མི་ནི་རང་ཉིད་ལ་ཁ་ལོ་སྒྱུར་མི་ཐུབ་པའི་སེམས་ཅན་ཉམ་ཆུང་ཞིག་ཡིན་པ་བདེན་པར་འདུག གནད་དོན་མང་བོས་ཡིད་སུན་པའི་དབང་གིས་ང་རང་གི་སྡོད་ཤག་དང་བྲལ་ཏེ་ཕྱི་རོལ་ཏུ་འཆམ་འཆམ་ལ་མི་འགྲོ་ཀ་མེད་བྱུང་།
ངས་ཕྱི་རོལ་ནས་མཐོང་བ་ནི་ནམ་རྒྱུན་བཟའ་བཏུང་གི་འཁྲུག་རྩོད་ལ་རེམ་པའི་མི་ཚོགས་དང་དེས་བསླངས་པའི་ཟིང་ཆ་རེད། ཁོ་ཚོའི་གསེབ་ཏུ་ཐིམ་རྗེས་ངས་ཀྱང་གུས་ཞབས་ཆེ་མདོག་གིས“ཨ་ཅག་ལགས། ང་ལ་ཞོག་ཁོག་རྒྱ་མ་གང་བཙོང་རོགས”དང་། “སྐུ་ཞབས་ལགས། ཁྱོད་ཀྱི་ཚོང་ཁང་དུ་འཛམ་གླིང་གྲགས་རྩོམ་དེབ་གཅིག་ཀྱང་མེད་དོན་ཅི་ཡིན”སོགས་སྔོན་ཆད་ཀྱི་སྐད་ཆ་དེ་དག་བསྐྱར་ཟློས་བྱེད་ཀྱིན་ཡོད།འོན་ཀྱང་ཁྲོམ་སྲང་དུ་འཚངས་ཁ་རྒྱག་པའི་སྐྱེ་བོ་གཞན་དག་དང་བསྡུར་ན་ང་ལ་རང་ཉིད་ཀྱི་ཁྱད་ཆོས་ཤིག་ཡོད་པ་ནི་རྐང་བ་གཉིས་པོར་གཏན་འཁེལ་བྱས་ཟིན་པའི་ཁ་ཕྱོགས་ཤིག་གམ་དམིགས་འབེན་མེད་པ་དེ་རེད། དེའི་ཕྱིར་ངས་གྲོང་ཁྱེར་གྱི་འབངས་མི་ཚང་མས་གཅེས་སྐྱོང་བྱེད་འོས་པའི་མིས་བཟོས་རྩྭ་ལྗང་དང་མེ་ཏོག་ཀྱང་རྡོག་རྫིས་གཏོང་གིན་ཡོད་ལ་ལམ་ཐིག་མང་བོ་དྲ་བ་དྲ་ཕྱེད་དུ་བྲེས་པའི་བཞི་མདོ་དག་ཏུ་འབུ་སྲིན་འཕྱུར་འདྲའི་རླངས་འཁོར་ཁྲི་འབུམ་མངོན་དུས་ཀྱང་འགྲིམ་འགྲུལ་ཉེན་རྟོག་པའི་མདུན་ནས་ཕར་འགྲོ་ཚུར་འགྲོ་བྱེད་ཀྱིན་ཡོད། སྐབས་ལ་ལར་ང་རང་གྲགས་འགུལ་ཅི་ཡང་མེད་པའི་སྡོང་སྐམ་ཞིག་དང་འདྲ་བར་མངོན་སུམ་འཛེམ་མེད་ངང་མཆུ་སྦྱོར་བྱེད་ཀྱིན་པའི་ན་གཞོན་ཕོ་མོ་ཚོར་ཧད་ཡོད། ངས་ཁོ་ཚོར་ཡིད་སྨོན་བྱེད་ཀྱིན་མིག་ཆུ་འང་ཤམ་ཤམ་དུ་གཏོང་བཞིན་པའི་དུས་སུ་མིག་ཟུང་ལས་ཧམ་སེམས་རིགས་ཤིག་གི་འོད་སྣང་འཚེར་བའི་བུད་མེད་རེ་གཉིས་ཀྱིས “ཝེ། ཁྱོད་ཀྱི་མིག་ཆུས་ངས་གསར་དུ་ཉོས་པའི་གྱོན་གོས་འདིའི་ཕུ་ཐུང་བརླན་སོང་བས་ང་ལ་དངུལ་ཁ་ཤས་སྐྱིན་ཚབ་ཏུ་སྤྲོད་རོགས”ཞེས་ཀྱང་ཟེར་སྲིད།
ང་རང་ཁྱིམ་དུ་ལོག་དུས་ང་ཡོངས་སུ་རུབ་ཟིན་པར་མ་ཟད་ཁྱིམ་ཚང་ཕལ་ཆེ་བས་མལ་གཟིམས་པར་སྟ་གོན་བྱེད་གྱིན་ཡོད། ཡ་མཚར་བ་ཞིག་ལ་ངའི་སྡོད་ཤག་གི་སྒོ་དང་སྒེའུ་ཁུང་ཡོངས་རྫོགས་ཕྱེ་འདུག་ལ་ནང་དུ་ད་དུང་ང་རང་ཆེས་ཉན་པར་དགའ་བའི་རོལ་དབྱངས་དེ་གྲགས་ཀྱིན་འདུག ངས་སྡོད་ཤག་ནང་མི་དེ་ཨ་མའི་རུས་ཐལ་ཁྱེར་ཡོང་མཁན་གྱི་བོད་པ་དེ་ཡིན་པར་སེམས་ཐག་བཅད་ནས་ཅུང་ཟད་སྐྲག་སྣང་དང་བཅས་ནང་དུ་འཛུལ་བ་ཡིན། བསམ་ཡུལ་ལས་འདས་པར་དེ་ནི་གདོང་ལ་སྐེག་ཚོས་བྱུགས་ཤིང་འདོད་པའི་ཉམས་ཀུན་རྫོགས་པའི་ན་ཆུང་མ་ཞིག་རེད།
ཁོ་མོས་རང་ཉིད་ནི་ངའི་སྡོད་ཤག་གི་བདག་མོ་ཡིན་པའི་ཚུལ་གྱིས་ང་ལའང་“བཞུགས་གདན་འཇགས”ཟེར་ཞོར་དུ་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ཏེ་གཏད་བྱུང་། ངས་རྒྱུས་མེད་ཀྱི་ན་ཆུང་མ་འདི་ལ་བསྟུན་ཐབས་བྱ་ཆེད “བཀྲ་ཤིས་བདེ་ལེགས”ཞེས་པ་ལས་ཅི་ཡང་ཟེར་རྒྱུ་མ་བྱུང་།
ཁོ་མོས་ཅུང་ཟད་ཁྲོས་ཉམས་དང་བཅས་པའི་ལུས་ཡོངས་ལ་ཞིབ་བལྟ་ཞིག་བྱས་རྗེས(ངའི་ཝ་བ་ཐོགས་པའི་རྐང་ཟུང་ལ་ལྟ་དུས་ཁོ་མོའི་མིག་ཟུང་ལྷག་པར་ཆེ་རུ་ཕྱིན།)ད་གཟོད་རང་ཉིད་ཀྱི་འབྱུང་ཁུངས་གླེང་འགོ་བཙུགས།
“གྲོང་ཁྱེར་འདི་རུ་རང་ཅག་ལྟ་བུའི་སྡུག་བསྔལ་ཅན་གྱི་སྐྱེ་བོ་ཅི་འདྲའི་མང་ཨང་། འཚོ་སྡོད་དང་ཐོབ་ཐང་གི་ཕྱིར་དུ་མི་ཕལ་ཆེ་བ་གྲོགས་པོ་དང་གྲོགས་མོ་ཞེས་པའི་ཐ་སྙད་ལ་ཁ་བྲལ་གྱིན་འདུག དཔེར་ན་ཁྱོད་ཀྱིས་ཀྱང་ང་སུ་ཡིན་པ་མི་ཤེས་པ་ལྟ་བུའོ།།”
“ཁྱོད་སུ་ཡིན”ངའི་ལག་ལས་དབང་མེད་དུ་ཚིག་དེ་ཤོར་ཞིང་དེ་ནི་ཁོ་མོ་དང་ངའི་བར་དུ་འབྲེལ་བ་ཁྱད་པར་བ་ཞིག་ཡོད་ན་ཅི་མ་རུང་སྙམ་པས་ཡིན།
“ང་ནི་ཁྱོད་ཀྱི་ཁྱིམ་མཚེས་ཀྱི་བུད་མེད་དེ་སྐྱེས་པ་ནས་ད་ལྟའི་བར་དུ་རང་གཤིས་ཁོ་ནར་བརྩི་བཀུར་བྱེད་མཁན་ཞིག་ཡིན། མི་སུས་ཀྱང་ངའི་འཚོ་བར་ཐེ་གཏོགས་བྱེད་མ་མྱོང་ལ་ངས་ཀྱང་མི་སུ་ལའང་བདེ་སྐྱིད་དམ་སྡུག་བསྔལ་སྟེར་མ་མྱོང་། གསལ་བོར་བཤད་ན་ང་ནི་མོ་རྐྱང་ཞིག་ཡིན། དཔེ་་དེབ་ཀློག་པ་ཁོ་ན་ལས་སྤྲོ་སྣང་འཚོལ་བའི་མོ་རྐྱང་ཞིག་ཡིན།”
“དེས་ན་ཁྱོད་ངའི་སྡོད་ཤག་ཏུ་འོངས་དོན་ཅི་ཡིན”
“དེ་རིང་སྔ་དྲོ་ཁྱོད་ལ་མགྲོན་པོ་ཁྱད་མཚར་བ་ཞིག་གིས་ཁུག་མ་ཆུང་ཆུང་ཞིག་སྤྲད་བྱུང་ངམ།”
“སྤྲད་བྱུང་། དེ་ནི་ངའི་མ་ཡུམ་གྱི་རུས་ཐལ་རེད”
“འགྲིག་སོང་། ངའི་དངོས་པོ་རྩ་ཆེན་དེ་རྐུ་མཁན་ཏག་ཏག་ཁོ་རེད། ང་ཁྱོད་ཀྱི་སྡོད་ཤག་ཏུ་འོངས་དོན་ནི་རྐུན་མ་ལང་ཤོར་དེ་ཉེན་རྟོག་པར་འཛིན་བཟུང་བྱེད་དུ་འཇུག་རྒྱུ་དེ་ཡིན། ཁྱོད་ཀྱིས་ང་ལ་ཁོའི་བྱད་དབྱིབས་དང་ཆ་ལུགས་སོགས་གསལ་བོར་ཤོད་རོགས།”
ང་རེ་ཞིག་ཧད་སོང་། རྒྱུ་མཚན་ནི་མགྲོན་པོ་དེས་སེམས་བཟང་གི་སྒོ་ནས་ང་ལ་ཨ་མའི་རུས་ཐལ་སྤྲོད་སྐབས་ཀྱི་ཉམ་ཆུང་བའི་ཉམས་འགྱུར་དེ་དང་“ང་བཙོན་ཁང་དུ་འགྲོ་དགོས་”ཞེས་པའི་ཚིག་དེ་བརྗོད་སྐབས་ཀྱི་སྐད་གདངས་ཕྲ་མོ་དེ་སླར་ཡངས་ངའི་ཡིད་ངོས་ནས་ཐེངས་གཅིག་མངོན་པས་ཡིན།
“ཁོས་ཡང་སྙིང་ཁྱོད་ལ་ཅི་ཞིག་བརྐུས་སོང་།”ངས་སྒམ་བརླིང་གི་ངང་ནས་དེ་ལྟར་དྲིས།
“ཁོས་ངས་ལོ་དྲུག་གི་དུས་ཡུན་སྤྱད་དེ་གསར་རྩོམ་གནང་བའི་འཁྲབ་གཞུང་ཞིག་བརྐུས་སོང་། འཁྲབ་གཞུང་དེ་རུ་རང་ཅག་གིས་རོལ་གྱིན་པའི་འཚོ་བ་ཡོད་ཚད་ཆུ་ཚོད་སྐར་མ་ཁ་ཤས་ཀྱི་རིང་ལ་འཁྲབ་སྟོན་བྱེད་ཆོག་པར་བྱས་ཡོད།ཁོས་ཁྱོད་ལ་སྤྲད་པའི་རུས་ཐལ་དེ་འང་འཁྲབ་གཞུང་དེ་ལས་བླངས་པའི་དངོས་པོ་ཞིག་ཡིན་པ་ལས་དོན་དངོས་སུ་ཁྱོད་ལ་ཨ་མའི་རུས་ཐལ་ཞིག་གང་ན་ཡོད།”
“དེས་ན་རུས་ཐལ་དེ་མཐོང་བ་དང་ང་ལ་སྡུག་བསྔལ་སྐྱེ་དོན་ཅི་རེད།”
“དེ་ནི་ཁྱོད་ཀྱི་སེམས་སུ་རྟག་བརྟན་གྱི་མ་ཡུམ་ཞིག་ཡོད་པས་རེད།”
གང་ལྟར་ངས་མགྲོན་པོ་དེ་ཉེན་རྟོག་པར་རྩིས་སྤྲོད་བྱ་མི་འདོད་པས་ཁོའི་བྱད་དབྱིབས་དང་ཆ་ལུགས་ཚང་མ་རྫུས་བཟོ་བྱས་ཏེ་མི་ལ་བཤད་མཐར་མོས་ཀྱང་ངའི་ངག་སྒྲོས་གཞིར་བཟུང་སྟེ་མགྱོགས་པོར་ཁོའི་འདྲ་དཔེ་ཞིག་བྲིས་བྱུང་། ཡིན་ནའང་འདྲ་དཔེ་དེ་ནི་དུས་རྒྱུན་པར་ངའི་རྨི་ལམ་དུ་འཛུལ་ཡོང་བའི་བཤན་པ་ཞིག་དང་འདྲ་བས་ང་ལ་འཇིགས་སྐྲག་ཅིག་སྐྱེས་ཤིང་དེ་འཕྲལ་ཁོ་མོར “ངའི་ལུས་པོར་ཁྲུས་རྒྱག་དགོས་པས་རང་ཅག་གཉིས་ཀས་གཏམ་གླེང་གི་མཚམས་བཞག་ན་རན་འདུག་”ཅེས་བརྗོད་པ་ཡིན།
སྐད་ཆ་དེ་ཐོས་པ་དང་ཁོ་མོ་མྱུར་བར་ཡར་ལངས་ཤིང་“དེས་ན་ཉིད་ཀྱིས་སྨྲས་པ་ལྟར་བྱེད། འོན་ཀྱང་ཁྱོད་ཀྱིས་རང་གི་སྒེའུ་ཁུང་ལ་ཞིབ་ལྟ་ཞིག་བྱེད་རྒྱུ་བརྗེད་མི་ཉན། དེ་རུ་ངས་ཁྱོད་ལ་སྦྱིན་པའི་ལེགས་སྐྱེས་དང་བོ་ཡོད། ཨོ། ད་དུང་གསལ་བོར་བཤད་རྒྱུ་ཞིག་ལ་ཁྱོད་ཀྱིས་ལུས་པོར་ཁྲུས་རྒྱག་སྐབས་རང་གི་ཀེང་རུས་ལའང་ཁྲུས་རྒྱག་པར་སྨོན།”ཟེར་བཞིན་བུད་སོང་།སྐབས་དེར་ངས་གསལ་བོར་མཐོང་བ་ནི་ཁོ་མོས་ངེད་གཉིས་ཀྱི་བར་གྱང་མཐུག་པོ་དེ་རྩ་བ་ནས་བརྟོལ་ཟིན་པ་དེ་རེད།
ངས་ཐེ་ཚོམ་དང་བཅས་རང་གི་སྒེའུ་ཁུང་ལ་བལྟས་པ་ན་དེ་རུ་སྲ་ཞིང་གྲིམ་པའི་ལྕེབས་ཐག་ཅིག་དཔྱངས་འདུག ངས་ལྕེབས་ཐག་དེ་འཕྲལ་མར་མེར་བསྲེགས་པ་ཡིན། ཚིག་དྲི་བཙོག་པོས་ངའི་སྡོད་ཤག་ཡོངས་སུ་བཀང་བས་ང་རང་ཆུ་ཚོད་གཉིས་གསུམ་ཙམ་གྱི་རྗེས་ནས་མ་གཏོགས་གཉིད་མ་ཁུག གཉིད་ཁུག་རྗེས་ངའི་རྨི་ལམ་དུ་མངོན་པ་ནི་མ་ཡུམ་གྱི་བྱམས་བརྩེའི་འཛུམ་ཞལ་ཁོ་ན་རེད།
3 གཏམ་རྒྱུད།
ཁོ་ནི་ཡུལ་འདིར་སྐད་གྲགས་ཆོད་པའི་ཇག་པ་དམར་བོ་རེད། ཁོའི་མཐའ་བསྐོར་བའི་དཔུང་རོགས་ཚོར་ཁོའི་མིང་ལ་དམར་བོ་ཇི་ལྟར་ཐོགས་པའི་སྐོར་ཡང་ཉིན་ཞག་གསུམ་ཙམ་ཤོད་རྒྱུ་ཡོད།
ཁོས་ཤིང་སྒོ་ཆུང་ཆུང་དེ་ཤུགས་ཆེན་གྱིས་རྡོག་པ་འགའ་བརྒྱབ་ནས་དུམ་བུར་བཅགས་ཤིང་“ངས་རང་གི་ཁུ་བོའི་དགྲ་ཤ་ལེན་པའི་དུས་ལ་བབས་སོང་།”ཟེར། ནང་དུ་ཡོད་པའི་ན་གཞོན་ཕོ་མོ་གཉིས་ལས་བུད་མེད་དེ་ནི་མིང་ལ་བཟང་མོ་ཟེར་བའི་མེ་ལྕེའི་མ་ཡུམ་རེད། ཁོ་མོས་དམར་བོའི་ལག་གི་རྣོ་འོད་ལམ་ལམ་དུ་འཕྲོ་བའི་རལ་གྲི་དེ་མཐོང་བ་དང་ཅི་བྱ་གཏོལ་བྲལ་གྱི་ངང་ནས་ཕྱིར་སྣུར་འགའ་བྱས། སྐྱེས་ཕོ་དེས་ཞེ་སྡང་གི་མིག་ཟུང་བགྲད་ནས་རལ་གྲི་ཤུབས་ལས་བཏོན་ཏེ་དམར་བོའི་གདོང་བསུས།ཅུང་ཙམ་འགོར་རྗེས་སྐྱེས་པོ་དེའི་ཁྲག་དམར་འཕྱོ་བའི་མགོ་བོ་བཟང་མོའི་མདུན་དུ་འགྲིལ་ཞིང་དེ་མ་ཐག་བཟང་མོ་དྲན་མེད་དུ་བརྒྱལ་སོང་།
རྗེས་སུ་དམར་བོས་བཟང་མོར་ཡིད་ཚིམས་པའི་བར་དུ་བཙན་གཡེམ་བྱས་ཤིང་“གལ་ཏེ་ཁྱོད་ཀྱིས་བྲོས་བྲོལ་བྱེད་པའམ་རང་སྲོག་གཅོད་རྒྱུའི་གཡོ་ཇུས་ཤིག་དྲན་ཚེ་ངས་ཁྱོད་ཀྱི་ཕ་མ་གཉིས་གཙོ་བྱས་པའི་གཉེན་ཉེ་མ་ལུས་པ་ཚར་གཅོད་རྒྱུ”ཞེས་འཇིགས་སྣང་བསྐུལ།
དེ་ནས་བཟུང་བཟང་མོའི་མིག་གི་སྤྱོད་ཡུལ་དུ་གྱུར་བ་ནི་དམར་བོས་ཉིན་རེ་རེ་བཞིན་བསྟུད་མར་གཡུལ་ཆེན་བཤམས་ནས་དགྲ་ཟླ་མ་ལུས་པ་རྩ་མེད་དུ་གཏོང་བའི་འཇིགས་སུ་རུང་བའི་བཀོད་པ་དག་རེད། ཁོའི་ཁྲག་གིས་སྦགས་པའི་ལག་པ་དེ་གཉིས་ལྕགས་ཀྱི་དབྱུག་པ་གཉིས་དང་འདྲ་བར་དུས་ནམ་ཡང་རྒྱལ་ཁའི་དར་ཆ་ཞིག་ལ་འཇུ་བས་དཔུང་རོགས་ཚོས་ཁོ་ལ་ཡིད་ཆེས་བྱེད་པའི་ཚད་མཐོ་ནས་མཐོ་རུ་ཕྱིན།
འོན་ཀྱང་ཐེངས་ཤིག་ལ་ཁོ་ལས་སྟོབས་འབྱོར་ཆེ་བའི་ཡུལ་གཞན་གྱི་ཇག་པ་ཞིག་གིས་ཁོའི་དཔུང་རོགས་ཕལ་ཆེ་བ་ལྔ་བའི་ལམ་དུ་བརྫངས། ཁོས་ཁོང་ཁྲོ་ཆེན་པོས་ཨམ་གཙིགས་བསྡམས་ཏེ་ཕ་རོལ་བོའི་དམག་མི་དག་གི་མགོ་སྐེ་བར་མེད་དུ་འབྲེག་བཞིན་པའི་དུས་སུ་སྟབས་མ་ལེགས་པར་བཟང་མོ་དགྲ་ལག་ཏུ་ཤོར་སོང་།དེ་ནས་སྲོག་དང་བསྡོས་ཏེ་འཛིང་མོ་བཀྱེས་པས་བཟང་མོ་སྐྱོབ་ཐུབ་ཙམ་བྱུང་ཡང་ཁོང་རང་གི་ལག་པ་ཡ་གཅིག་དགྲ་བོས་དུམ་བུར་གཏུབས་ཏེ་མཆོད་རྟེན་ནག་པོ་ཞིག་གི་འོག་ཏུ་མནན་པར་གྲགས།
ཡ་ང་བའི་དོན་རྐྱེན་དེའི་དབང་གིས་བཟང་མོས་ཀྱང་དམར་བོར་བཅོས་མ་མིན་པའི་བརྩེ་སེམས་ཤིག་བཅངས་ཏེ “ཁྱོད་ཀྱིའ་མི་གསོད་རྒྱུ་ཅུང་ཙམ་ཉུང་ཉུང་བྱས་ན་འགྲིག”ཅེས་ཁ་ཏ་བྱས།
དམར་བོས “དེ་ནི་ལས་སླ་མོ་ཞིག་རེད། ཡིན་ནའང་ཁྱོད་ཀྱིས་ཀྱང་ངའི་ཕྱོགས་ལ་སྡང་མིག་བགྲད་རྒྱུ་ཅུང་ཙམ་ཉུང་ཉུང་བྱས་ན་འགྲིག”ཅེས་ལན་བཏབ།
ལོ་ཟླའི་འཁོར་ལོ་དེ་འཇིག་རྟེན་སྐྱེ་བོ་ཀུན་གྱི་སྤྱི་གཙུག་ནས་མཚམས་མེད་དུ་འཁོར་བ་དང་བསྟུན་ནས་ཁོང་ཁྱོ་ཤུག་གཉིས་ཀ་བུ་བུ་མོ་གཉིས་ཀྱི་བདག་པོར་གྱུར་ཞིང་ཁོང་གཉིས་ལ་དབང་བའི་སྦྲ་ནག་ཆུང་ཆུང་དེའང་དུ་དྲེག་གིས་ཡོངས་སུ་བཏུམས་པར་གྱུར།
སྨག་རུམ་མཐུག་པོས་གནམ་ས་ཁེབས་པའི་མཚན་མོ་ཞིག་ལ་གློ་བུར་དུ་སྔར་མེད་པའི་རླུང་ཆེན་ཞིག་འཚུབ་ཅིང་དེ་དང་ལྷན་དུ་སྤྱང་ལྟོགས་འགས་མཉམ་གཅིག་ཏུ་ངུ་ཟུག་བྱས། ཕོ་རྒོད་ཅེས་པའི་ཐོབ་ཐང་གཅེས་འཛིན་བྱེད་མཁན་གྱི་དམར་བོ་མེ་མདའ་ཞིག་བཟུང་སྟེ་སྒོར་བུད། ལོ་བཞི་ཙམ་ལ་ཉེ་བའི་བུ་ཆུང་གིས་ཁོའི་ཕུ་ཐུང་ནས་བཟུང་སྟེ་ཐེངས་འགར་ཐེན་པས་ཁོས“ཨ་ཕ་མྱུར་བར་བསླེབ་ཡོང་བས་སྐུ་སྲས་ཁྱོད་ཀྱིས་དགོངས་པ་གནང་བར་ཞུ”ཞེས་ཀུ་རེ་ཞིག་བརྩེས།
འོན་ཀྱང་ཀུ་རེ་དེ་དོན་ཐོག་ཏུ་འཁྱོལ་ཐུབ་མིན་ནི་སུས་ཀྱང་བཤད་དཀའ་བ་ཞིག་རེད། བཟང་མོས་རང་གི་ཕྲུ་གུ་གཉིས་ཀྱི་སྐྱོ་སྣང་ངམ་སྐྲག་སྣང་སེལ་ཕྱིར་སྤྲོ་སེམས་བཅོས་མ་ཞིག་དང་ལྷན་དུ་བརྗོད་བྱ་ལྷ་ཡུལ་ཡིན་པའི་གཏམ་རྒྱུད་མང་པོ་ཞིག་བཤད། གཏམ་རྒྱུད་དེ་དག་གི་ཁྲོད་ནས་ཕྲུ་གུ་གཉིས་ཐེངས་མང་བོར་གཉིད་དུ་ཡུར་ཏེ་ཕུན་སུམ་ཚོགས་པའི་རྨི་ལམ་ལ་རོལ་བཞིན་པའི་དུས་སུ་བཟང་མོས་ཁེར་རྐྱང་དུ་མཆི་མ་གཏོར་བཞིན་ཡོད།
དམར་བོ་རང་ཁྱིམ་དང་བྲལ་བའི་མཚན་མོར་ལྔ་བར། སྐྱེ་བ་ཞིག་གིས་ཀི་རིང་འགའ་བཏབ་སྟེ་བཟང་མོའི་མིང་ནས་བོས། འབོད་སྒྲ་དེས་ཕྲུ་གུ་གཉིས་པོར་ཡང་སྤྲོ་སྣང་ཞིག་བསྩལ་བས་མ་བུ་གསུམ་ཀ་བྲེལ་འཚབ་ངང་སྐྱེ་བ་དེའི་གམ་དུ་བརྒྱུགས། དེ་ནི་རྟ་ནག་པོར་བཅིབས་ཤིང་ལྭ་བ་ནག་པོ་གྱོན་པའི་སྐྱ་མི་ཞིག་རེད། ཁོས་བཟང་མོར་གསེར་རྩི་བྱུགས་པའི་སྒམ་ཆུང་ཞིག་སྤྲད་དེ“འདི་ནི་དམར་བོས་ཁྱོད་མ་བུ་ཚོར་བསྐུར་བའི་དངོས་པོ་རྩ་ཆེན་ཞིག་ཡིན། ཁོ་དོན་ཆེན་ཞིག་གི་ཕྱིར་དུ་ས་ཐག་རིང་ཞིག་ལ་བུད་སོང་བས་ཟླ་བ་འགར་ཕྱིར་རང་ཡུལ་དུ་ལོག་མི་ཐུབ”ཟེར། བཟང་མོས་ “དེས་ན་ཁྱོད་སུ་ཡིན”ཞེས་དྲིས་མ་ཐག་ཁོ་བྱ་འཕུར་བ་ལྟར་བརྒྱུགས་སོང་།
རང་ཁྱིམ་དུ་འབྱོར་རྗེས་ཁོ་ཚོས་མཆོད་མེའི་འོད་ཟེར་གྱི་འོག་ནས་སྒམ་ཆུང་དེའི་ཁ་ཕྱེས། བྲེད་ཤ་ལངས་པ་ཞིག་ལ་སྒམ་ཆུང་དེའི་ནང་དུ་ཁྲོ་ཉམས་ཆེ་བའི་མི་མགོ་ཆ་ཚང་ཞིག་ལས་ཅི་ཡང་མེད་ལ་མི་མགོ་དེའང་བཟང་མོའི་ཁྱོ་ག་དང་ཕྲུ་གུ་གཉིས་ཀྱི་ཨ་ཕ་སྟེ་ཇག་དཔོན་དམར་བོའི་མགོ་བོ་རེད།
ཉིན་འགའ་འགོར་རྗེས་ལོ་ན་ཕྲ་བའི་བུ་ཆུང་(ད་ལྟའི་མེ་ལྕེ)གིས་ཨ་ཕའི་མགོ་བོ་དུར་དུ་འཇུག་རྒྱུའི་ལས་འགན་ལྗི་མོ་ཕྲག་ཏུ་བླངས། སྐབས་དེར་ཁོས་དར་ལྕོག་གི་འཚངས་ཁའི་གསེབ་ནས་ངོ་མཚར་བའི་བྱ་རྒོད་མང་བོ་མཐོང་ལ་ཁོ་ཚོས་རང་གི་ཨ་ཕའི་མགོ་བོ་སྐད་ཅིག་ཙམ་དུ་ཁྱུར་མིད་བཏང་སྟེ་སླར་ཡང་རྒྱང་རིང་རྒྱང་རིང་གི་མཁའ་དབྱིངས་སུ་གཤོག་འགྱུར་རྩེན་བཞིན་འཕུར་སོང་། ཁོས་དེ་དོན་ཨ་མར་བཤད་པ་ན་མོས་“བྱ་རྒོད་དེ་ཚོ་ཤམ་བྷ་ལ་ནས་འཕུར་འོངས་པ་རེད། ད་ལྟ་ཁྱོད་ཀྱི་ཨ་ཕའང་ཤམ་བྷ་ལ་རུ་ཡོད”ཟེར། དེ་ནས་བཟུང་ཁོས་ཤམ་བྷ་ལ་ཞེས་པའི་ཚིག་དེ་ཐེངས་མང་བོ་ཞིག་ལ་བཟླས།
ཕྱིས་སུ་མི་མང་བོས་མ་གྲོས་གཅིག་མཐུན་གྱི་ངང་ནས“ང་ཚོའི་སྡེ་བའི་འབྲོང་ཉལ་ལུང་བའི་ཕུ་རུ་ལག་པ་གཅིག་ལས་མེད་པའི་སྤྱང་ཀི་ཞིག་འདུག”ཅེས་བཤད་ཅིང་གཏམ་དེ་རྩྭ་སྐྱར་མེ་ཤོར་བ་བཞིན་བཟང་མོ་མ་བུ་གསུམ་གྱི་རྣ་ལམ་དུ་མཆེད། མེ་ལྕེས་བློ་ཐག་རྦད་ཆོད་ཀྱི་ངང་ནས “ང་སྤྱང་ཀི་དེ་འཚོལ་བར་འགྲོ་རྒྱུ”ཞེས་སྨྲས་པར་བཟང་མོས་ཡང་ནས་ཡང་དུ་བཀག་འགོག་བྱས། མཐར་མོས་དམར་བོ་འཇིག་རྟེན་ན་ཡོད་དུས་ཆེས་དད་སའི་བླ་མ་དེར་དོན་དེ་ཞུས།
བླ་མས་འབྲོང་ཉལ་ལུང་བའི་ཕྱོགས་སུ་དམིགས་པ་ཡུན་རིང་གཏད་རྗེས“ཁོས་མི་ཚེ་གང་བོར་མི་གསོད་པ་དེ་རྩེད་འཇོ་རིགས་ཤིག་ཏུ་བརྩིས་པས་སྐྱེ་བ་སྔ་མའི་བག་ཆགས་སླར་གསོ་བྱེད་པ་ལྟ་ཅི་སྨྲོས་ཐ་ན་བཀྲེས་སྐོམ་སེལ་བའི་འཚོ་ཐབས་ཙམ་ཡང་སྒྲུབ་ག་ལ་ཐུབ། དེ་བས་མཐའ་མེད་པའི་སྡིག་སྒྲིབ་ཀྱི་དབང་གིས་ཁོས་རང་གི་བུ་ཡང་བཟའ་ངེས་རེད”ཅེས་གསུངས། མེ་ལྕེས“ངས་རང་ཉིད་ཨ་ཕར་བཟའ་རུ་འཇུག་པ་དེ་བདེ་སྐྱིད་ཅིག་ཏུ་སེམས་ཡོད”ཅེས་པར་བླ་མས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང་ཞིང་ཨ་མས་ཁོ་རང་བྲང་ཁར་སྦྱར་ཏེ“ཡིན་ནའང་ཨ་མར་ཁྱོད་ཉིད་མཁོ། ཁྱོད་ཉིད་མེད་ཚེ་ཨ་མའང་འཚོ་ཐབས་བྲལ”ཟེར། ཨ་མའི་སྐྱོ་ཉམས་ཆེ་བའི་ངོ་གདོང་དེ་མཐོང་བས་ཁོས་སྤྱང་ཀི་དེ་འཚོལ་བར་མི་འགྲོ་རྒྱུའི་དམ་བཅས་ཏེ་སྔར་བཞིན་ཨ་མས་བཤད་པའི་གཏམ་རྒྱུད་ལ་ཉན།
འོན་ཀྱང་བསམ་ཡུལ་ལས་འདས་པའི་དོན་ནི་དྲག་ཤུགས་ཆེ་བའི་ཆུ་ལོག་ཅིག་དང་འདྲ་བས་སུས་ཀྱང་བཟློག་མི་ཐུབ། ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་ཉིན་མོ་ཞིག་ལ་སྡེ་མི་ཡོངས་ཀྱིས “ལག་པ་གཅིག་ལས་མེད་པའི་སྤྱང་ཀི་དེས་སྡེ་དཔོན་གྱི་བུ་མི་ཟོས་སོང”ཞེས་པའི་གསར་འགྱུར་དེ་ཐོས།
དཔའ་ངར་དང་དབང་ཐང་འཛོམས་པའི་སྡེ་དཔོན་གྱིས་དོན་དེ་ཤེས་འཕྲལ་མེ་མདར་མཁས་པའི་རྔོན་པ་འགར་བཀའ་བསྒོས་ཏེ་སྤྱང་ཀི་དེའི་ཤ་རང་གི་སྒོ་ཁྱི་ཚོའི་ཁ་ཟས་སུ་འགྱུར་བར་བསྒུགས། ཡིན་ནའང་འབྲོང་ཉལ་ལུང་བའི་ནང་དུ་སྔར་ཡོད་མ་མྱོང་བའི་སྨུག་པ་མཐུག་པོ་ཞིག་ཉིན་མཚན་མེད་པར་འཐིབས་འདུག་པས་ཁོའི་རེ་བ་ཡོད་ཚད་སྟོང་ཟད་དུ་གྱུར། མཐའ་མར་ཁོས་བཟང་མོ་མ་བུ་གསུམ་ཡུལ་གཞན་དུ་མཐར་སྐྲོད་གཏོང་རྒྱུའི་བཀའ་ཁྲིམས་བསྒྲགས།བཟང་མོས་ཕྲུ་གུ་གཉིས་ཀ་གཡས་གཡོན་དུ་ཁྲིད་དེ་རང་ཡུལ་ལ་བྲལ་ཕྱག་ཞུ་པའི་སྐབས་སུ་རྔ་སྦུབ་འབུད་རྡུང་ལ་བྲེལ་བའི་གྲྭ་བ་མང་བོ་ཞིག་གིས་ཁོ་ཚོར“སྐྱེལ་མ”བྱས། དེ་ལས་གྲྭ་བ་ཞིག་གིས་ཁོ་ཚོའི་ཕྱོགས་སུ་རྔམ་བརྗིད་ཆེ་བའི་གཏོར་མ་ཞིག་འཕངས་ཏེ“སྡིག་ཅན་སྐྱེ་བོ་དག་བསྟན་པ་རིན་པོ་ཆེས་བླ་མེད་ཀྱི་བྱམས་དང་སྙིང་རྗེར་བརྟེན་ནས་གདུལ་བར་བྱའོ།།”ཟེར།
མི་ལོ་ཉི་ཤུའི་འཁྱམས་ཉུལ་གྱི་འཚོ་བ་མཇུག་གྲིལ་རྗེས་མ་ཡུམ་གྱི་ལུས་ཡོངས་ལ་སྔར་ལས་ལྷག་པའི་གཉེར་མ་མང་པོ་ཞིག་བབས་འདུག་ཅིང་གཉེར་མ་རེ་རེའི་ལྟེ་བ་ཁུག་ཏུ་ཁ་ཆར་ཁྲོད་བསྐྱལ་ཟིན་པའི་ལོ་ཟླ་མང་པོ་ཞིག་བསྐུངས་འདུག གང་ལྟར་ཁོ་ཚོར་ཕྱིར་ཕ་ཡུལ་དུ་ལོག་པའི་སྐལ་བ་བཟང་བོ་དེ་བྱུང་། ཡིན་ཡང་གཟུགས་གཞི་ཆེ་ལ་སྤོབས་པ་རྒྱས་པའི་བུ་ཆུང་མེ་ལྕེས“མ་ཡུམ་ལགས། ངས་ནམ་ཡང་གནས་གཅིག་ནས་འཚོ་བ་ཞིག་བསྐྱར་ཟློས་བྱེད་མི་འདོད། འཇིག་རྟེན་གྱི་གྲུ་ག་རེ་རེ་ནས་གྱ་ནོམ་པའི་ལོངས་སྤྱོད་རེ་འཚོལ་རྒྱུ་ནི་བུ་ཆུང་ངའི་རེ་བ་ཉག་གཅིག་ཡིན”ཟེར།
མ་ཡུམ་གྱིས“ཁྱོད་རང་གང་འདོད་གྱིས་ཤིག མི་ཞིག་ལ་མཚོན་ན་རང་དབང་ནི་ཁོའི་བླ་སྲོག་གི་འགུལ་སྐྱོད་ཁྲོད་ནམ་ཡང་མེད་མི་རུང་བའི་གྲུབ་ཆ་ཞིག་རེད”ཅེས་ལན་བཏབ། མེ་ལྕེས་ “དེས་ན་མ་ཡུམ་ཁྱོད་ཀྱིས་ལོ་ངོ་བཅུ་གྲངས་ཞིག་འགོར་རྗེས་བུ་ཆུང་ངའི་རྐང་ཟུང་ལ་གཟིགས་དང་། མཚམས་མེད་པའི་འགྲུལ་བཞུད་ཀྱི་དབང་གིས་བུ་ཆུང་ངའི་རྐང་ཟུང་ལ་ཡིད་དུ་མི་འོངས་པའི་ཝ་བ་ཞིག་ཐོགས་ཡོད་པར་ཐེ་མི་ཚོམ།”ཟེར།
རྗེས་སུ་ཐེ་བས་མེ་ལྕེས་བསྐུར་བའི་འཕྲིན་ཡིག་ཅིག་ཏུ “ཁྱོད་མ་ཡུམ་དང་ཁ་བྲལ་མི་འོས་པ་ཞིག་རེད། རྒྱུ་མཚན་ནི་ཡུལ་གཞན་ན་ཁྱོད་ལ་མ་ཡུམ་མེད”ཅེས་བྲིས་འདུག་མོད་མེ་ལྕེས “ཕོ་རྒོད་ཚོ་དང་འགྱོད་པ་ཞེས་པའི་ཐ་སྙད་ཀྱི་བར་དུ་འབྲེལ་བ་སྤུ་ཙམ་མེད”ཅེས་སྨྲས།གང་ལྟར་ང་ཚོས་ཉི་འོད་དང་རྫི་གླུས་བསྐྱངས་པའི་མ་ཡུམ་ཚོ་ཡང་ཡང་དྲན་འོས།
4 རྩོམ་པ་པོའི་ཆིག་ལབ།
སྒྲུང་གཏམ་བྲིས་ནས་མཚམས་འདིར་སླེབས་དུས་ངས་ཕྱི་རོལ་གྱི་སྒྲ་དབྱངས་མཐའ་དག་གི་ཕྱོགས་སུ་རྣ་བ་བླགས་ཏེ་གནའ་བོའི་མི་རིགས་འདིར་ཐོག་མ་ནས་ཡོད་པའི་གླུ་སྐད་ཅིག་རྙེད་ཐབས་བྱས། ངའི་ཁྲག་རྩའི་སྦུབས་སུ་གནས་པའི་དངོས་པོ་མཐའ་དག་གླུ་སྐད་དེ་རིགས་དང་འཚམས་མིན་མི་ཤེས་ཀྱང་འཇིག་རྟེན་གྱི་ངོ་མཚར་བའི་གཏམ་རྒྱུད་བགྲང་ལས་འདས་པ་ཞིག་གིས་ང་རང་མདུན་ནས་མདུན་དུ་འདེད་ཀྱིན་ཡོད། དེ་བས་ང་རང་གླུ་སྐད་དེའི་ཤི་གསོན་ལ་སྒུག་པའི་ཡུལ་གྱར་བ་ཞིག་ཡིན་ཆོག
མི་སྣ་གཙོ་བོ་མེ་ལྕེ་འཚོ་སྡོད་བྱེད་སའི་གྲོང་ཁྱེར་དེ་ནས་བལྟས་ན་རང་ཅག་ལ་དབང་བའི་རྩྭ་ཐང་དང་གངས་རི་ནི་རྗེས་ལུས་ཀྱི་རྨོངས་ཞྭ་གྱོན་པའི་རྒས་འཁོགས་རེ་དང་འདྲ། འོན་ཀྱང་མེ་ཏོག་གི་ཚལ་དུ་གཅེར་བུར་འགྲོ་འདོད་པའི་ཁྱེའུ་ཆུང་ཆུང་འགས “རླངས་སྣུམ་དང་འཕྲུལ་ཆས་མེད་པའི་འཇིག་རྟེན་དེ་ན་ང་ཚོར་གཏན་དུ་མི་འཇིག་པའི་རྩེད་ར་ཞིག་ཡོད་ངེས་”ཟེར།
གང་ལྟར་ངས་མེ་ལྕེའི་ངོ་གདོང་ལས་གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད་མཐོང་བྱུང་། མུ་མཐུད་དུ… …
5 མེ་ལྕེའི་ཉིན་ཐོ།
ཉི་མ་འདི་ཚོར་ང་ལ་སོས་བདེ་བག་ཕེབས་སུ་འཚོ་བ་རོལ་བའི་གོ་སྐབས་དེ་གཏན་ནས་མ་མཆིས། ཁྱད་མཚར་གྱི་མགྲོན་པོ་དེས་ངའི་ཁྱིམ་མཚེས་མའི་འཁྲབ་གཞུང་བརྐུས་བའི་སྐོར་ཚགས་པར་སོ་སོའི་ངོས་སུ་ཞིབ་ཕྲའི་ངང་བཀོད་འདུག ལྷག་པར་དུ་རང་རློམ་ཆེ་བའི་གསར་འགོད་པ་ཞིག་གིས་ “རྐུན་མ་དེ་དང་མིང་ལ་མེ་ལྕེ་ཟེར་བའི་མི་སེར་ཞིག་གི་བར་དུ་འབྲེལ་བ་དམ་པོ་ཡོད་པས་ཉེན་རྟོག་པ་ཚོས་དེའི་སྐོར་ལ་རྩད་གཅོད་ལེགས་པོ་བྱས་ཚེ་ང་ཚོས་མཁྱེན་ལྡན་མ་ཨ་མོས(ངའི་ཁྱིམ་མཚེས་མ)བརྩམས་པའི་འཁྲབ་གཞུང་དེ་རྙེད་ཐུབ”ཅེས་བྲིས་འདུག སྐབས་འདིར་ངས་གསར་འགོད་པ་དེ་ཤ་ཉོག་རུས་ཉོག་ཏུ་གཏོང་འདོད་པ་ལས་རང་ཉིད་ལ་དག་སེལ་བྱེད་སྙམ་པའི་བློ་དེ་ཡེ་ནས་མེད། ཐོག་མར་གནས་ཚུལ་འདིའི་སྐོར་རང་གི་གྲོགས་པོ་ཐེ་བ་ལ་ཞིབ་མོ་ཞིག་གླེང་ཚེ་ཁོས་གསར་འགོད་པ་དེ་ང་ལ་རྩིས་སྤྲོད་གནང་རྒྱུ་ཐག་གིས་ཆོད། རྒྱུ་མཚན་ནི་གནམ་འོག་ན་ཐེ་བའི་སྟོབས་ཤུགས་དང་དབང་ཐང་ལ་འགྲན་ནུས་པའི་སྐྱེ་བོ་ཞིག་སུས་ཀྱང་རྙེད་མི་ཐུབ། དེའང་ང་རང་གི་འཆར་སྣང་ལྟར་ན་ཁོ་ནི་ཨ་མེ་རུ་ཀའི་ཧ་ཧྥོའི་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་ལ་དུས་ཚིགས་བཞི་བོར་ནོར་ལུག་གི་རྗེས་སུ་སྙེག་པའི་རྫི་བོ་ཞིག་ཀྱང་ཡིན། ད་དུང་ཐེངས་དུ་མར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་ལུས་རྩལ་འགྲན་ཚོགས་ནས་གྲུབ་འབྲས་མི་དམན་པ་བླངས་པའི་ལུས་རྩལ་བ་ཞིག་དང་ལྟ་མཁན་དུང་ཕྱུར་དུ་མས་དགའ་བསུ་བྱེད་མྱོང་བའི་གློག་བརྙན་འཁྲབ་སྟོན་པ་ཞིག་ཀྱང་ཡིན་ཆོག
ངས་ཁོའི་ཁ་པར་གྱི་ཨང་གྲངས་གནོན་བཞིན་པའི་དུས་སུ་ཨ་མོ་ངའི་གམ་ལ་བུད་ཡོང་། མོས་ཅུང་ཟད་ཉམ་ཐག་པའི་ཉམས་ཀྱིས“ཁྱོད་ཀྱིས་ངའི་ཚབ་བྱས་ཏེ་རྐུན་མ་དེ་འཛིན་པར་ཞུ།དེ་མིན་ཚེ་ཉེན་རྟོག་པ་ཚོར་ཁོའི་སྐོར་གྱི་རྒྱུ་ཆ་གཅིག་ཀྱང་མི་འདུག གལ་ཏེ་ཟླ་བ་འགའི་ནང་འཁྲབ་གཞུང་དེ་ཕྱིར་མ་རྙེད་ཚེ་ངས་ཀློག་པ་པོ་མང་བོར་ཁྲེལ་མེད་བྱས་པ་མ་ཡིན་ནམ།”ཟེར།
“ཡིན་ནའང་ཁྱོད་ཀྱིས་ཅིའི་ཕྱིར་གསར་འགོད་པ་ཚོར་ང་དང་རྐུན་མ་དེའི་བར་དུ་འབྲེལ་བ་ཡོད་ཚུལ་བཤད་པ་ཡིན། དངོས་དོན་ཡོད་ཚད་ལ་སྒྲོ་འདོགས་བྱེད་མཁན་གྱི་བུད་མེད་ཁྱོད་འཇིག་རྟེན་འདི་དང་མི་འགྱངས་པར་ཁ་བྲལ་ན་འགྲིག་”
“དྲང་མོར་བཤད་ན་ང་རང་འཇིག་རྟེན་འདི་དང་ཁ་བྲལ་ནས་ལོ་ངོ་མང་བོ་འདས་ཟིན། ཁྱོད་ཀྱི་མ་ཡུམ་ཡང་འཇིག་རྟེན་འདི་དང་ཁ་བྲལ་ཟིན་པ་མ་ཡིན་ནམ། དེས་ན་ཁྱོད་ཀྱིས་ང་ལ་སྙིང་རྗེ་གཟིགས་འོས། ངའི་ཤ་ཁྲག་རུས་གསུམ་ལ་ཁྱོད་ཚོའི་ལུས་སྟེང་གི་དྲོད་སྣང་ལྟ་བུ་ཞིག་གང་ན་ཡོད། སྐུ་མཁྱེན། ཁྱོད་ཀྱིས་ངའི་འཁྲབ་གཞུང་དེ་འཚོལ་རོགས།”
མ་གཞི་མོ་ནི་ཤི་བོ་ཞིག་རེད། ངས་ཁོ་མོའི་འོད་མདངས་ཉམས་པའི་མིག་ཟུང་དང་བཅོས་མ་ཡིན་པའི་སྨིན་མ། ད་དུང་མཐུག་ཅིང་སྦོམ་པའི་སེན་མོ་བཅས་ལས་ཤི་བོ་ཚོ་ཁོ་ནར་ཡོད་པའི་ཁྱད་ཆོས་དེ་མཐོང་བྱུང་། དེ་མ་ཐག་ངས་གསར་འགོད་པ་དེར་རྒོལ་ལན་སྤྲོད་རྒྱུ་རྩིས་མེད་དུ་བཏང་ནས་མོ་ལ་འཁྲབ་གཞུང་དེ་འཚོལ་རོགས་བྱེད་རྒྱུ་ཁས་བླངས། གང་ལྟར་ཐེ་བར་ཁ་པར་ཞིག་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་སུ་སྣང་།
ཕར་ཕྱོགས་ནས་སྐད་ཆ་བཤད་མཁན་ནི་ཏག་ཏག་ཐེ་བ་རེད། ཁོས་དེ་རིང་ནི་གནམ་གཤིས་ཧ་ཅང་འཁྱག་པའི་ཉིན་མོ་ཞིག་ཡིན་པས་ཁོའི་ལུག་ཁྱུ་ལས་ན་སོ་མཐོ་བའི་མ་མོ་ཁ་ཤས་དང་ལུ་གུ་མང་པོ་ཞིག་འཁྱག་ཤི་ཐེབས་སོང་ཚུལ་དང་འདི་ལྟར་ཐབས་རྡུགས་ཀྱི་འཚོ་བ་རོལ་ཚེ་སེམས་ལ་སྡུག་བསྔལ་ཆེ་ཚུལ། སང་ཉིན་ཞོགས་པར་རང་ཉིད་གནས་འདི་དང་ཁ་བྲལ་ཏེ་གནམ་གྲུར་བསྡད་ནས་མིང་ལ<<ཕམ་ཁ>>ཟེར་བའི་གློག་བརྙན་ཞིག་འཁྲབ་སྟོན་བྱེད་པར་དབྱིན་ཇིའི་རྒྱལ་ས་རུ་འགྲོ་དགོས་ཚུལ་སོགས་ང་ལ་གསལ་བོར་བཤད།
ངས་ཁོར་ཨ་མོའི་འཁྲབ་གཞུང་སྐོར་གྱི་དོན་རྣམས་ཡར་ཞུ་བྱས་པ་ན་ཁོས“འཁྲབ་གཞུང་དེ་རྐུ་མཁན་ནི་ཕལ་ཆེར ‘བླུན་སྡེ’ནས་ཡོང་བ་ཡིན་ངེས་རེད”ཟེར།
“བླུན་སྡེ”ང་མིང་དེ་ལ་ཡ་མཚར་བར་གྱུར།
“‘བླུན་སྡེ’ཞེས་པ་ནི་བླུན་པོ་མང་བའི་སྡེ་བ་ཞིག་རེད། ད་ལྟ་སྡེ་བ་དེ་འབྲོང་ཉལ་ལུང་བར་ཆགས་ཡོད། ཁོ་ཚོའི་སྡེ་དཔོན་གྱི་མིང་ལ་ཐར་བ་མགོ་ལེབ་ཟེར་ཞིང་ཁོ་ནི་སྡུག་བསྔལ་ཡོད་ཀྱང་ངུ་མི་ཤེས་པའི་མི་ཞིག་ཡིན། སྡེ་དཔོན་གྱི་བུའི་མིང་ལ་སེ་བ་སྐྱབས་ཟེར་ཞིང་ཁོ་ནི་མིག་ཡོད་ཀྱང་ལྟ་མི་ཤེས་པའི་མི་ཞིག་ཡིན། སྡེ་དཔོན་གྱི་བུ་མོའི་མིང་ལ་ཆོས་སྐྱིད་ཟེར་ཞིང་མོ་ནི་མཛེས་སྡུག་ཡོད་ཀྱང་ངོམ་མི་ཤེས་པའི་མི་ཞིག་ཡིན།ཁྱོད་ཀྱིས་མི་འདི་དག་བཙལ་ཚེ་རྐུན་མ་དེ་འཛིན་ཐུབ་པའི་གདེང་ཚོད་ང་ལ་ཡོད།”
“ཐུགས་རྗེ་ཆེ། བདག་ལ་དཀའ་ཚེགས་ཆེ་བའི་དོན་རྣམས་བདེ་བླག་ཏུ་བསྒྲུབ་པར་མཐུན་རྐྱེན་སྦྱོར་བའི་སྒྱུ་འཕྲུལ་གྱི་མི་ཁྱོད་འཇིག་རྟེན་འདིར་དུས་ཡུན་རིང་བོ་ཞིག་ལ་འཚོ་ཞིང་གཞེས་པར་སྨོན”
“ཐུགས་རྗེ་ཆེ”ངའི་གམ་གྱི་ཨ་མོའི་ངག་ལས་ཀྱང་ཚིག་དེ་ཤོར་བས་དམིགས་ཡུལ་ཅི་ཡོད་མི་ངེས་ཀྱང་ཐེ་བས་སྐད་ཆ་བཤད་མཚམས་བཞག
ཕྱི་དྲོ་དེར་ང་ཚོའི་སེམས་པ་བརླན་ཐུབ་པའི་ཆར་བ་ཟ་ཟི་ཞིག་བབས་ཤིང་ང་དང་ཨ་མོ་གཉིས་ཀྱིས་ན་འདམ་བརྒལ་ཐུབ་པའི་རླངས་འཁོར་ཆུང་བ་ཞིག་གླས་ཏེ་འབྲོང་ཉལ་ལུང་བར“བླུན་སྡེ”འཚོལ་བར་ཕྱིན།
བསྟུད་མར་ཉིན་ཞག་གཉིས་ཙམ་ལ་དཀའ་ལས་མྱོང་མཐར་གཞི་ནས་“བླུན་སྡེ”སླེབས་ཐུབ་པ་བྱུང་། སྐབས་དེར་དྲོད་ཁོལ་ཆེ་བའི་ཉི་འོད་དེ་དྲང་ཐད་དུ་“བླུན་སྡེ”འིཕྱོགས་སུ་འཕྲོས་པ་འདྲ་བས་ཚ་གཏུག་ཤིན་ཏུ་ཆེ་མོད་གྲལ་འགྲིག་པོའི་ངང་ཉི་མར་ལྡེ་བཞིན་ཁ་བརྡ་ལྷུག་པོར་གློད་པའི་སྡེ་མི་ཚོར་མཚོན་ན་ཚ་གདུག་ནི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་འདྲ། ངས་ངང་ཚུལ་དེ་མཐོང་བ་དང་ཆུ་ཚོད་འཁོར་ལོར་ཞིབ་ལྟ་ཞིག་བྱས་པ་ན་ཉིན་གུང་གི་ཆུ་ཚོད་དང་བོ་ཡོལ་ནས་སྐར་མ་འགའ་ལོན་འདུག
ཨ་མོས་ངེད་ཅག་གི་མདུན་ཕྱོགས་སུ་བལྟས་ཏེ“ནུབ་ཕྱོགས་ནས་ཀྱང་སྡེ་བ་འདིར་མགྲོན་པོ་ཞིག་སླེབས་བྱུང་།”ཟེར་ཞིང་སྐད་ཆ་དེས་ངེད་ཅག་ཤར་ཕྱོགས་ནས་ཡོང་བ་ར་སྤྲོད་བྱས།
རླངས་འཁོར་ཁ་ལོ་བས“མགྲོན་པོ་དེ་ནི་རྡོག་ཁྲེས་ལྗི་མོ་ཞིག་ཁུར་བའི་སྤྲང་བོ་ཞིག་རེད”ཟེར།
རླངས་འཁོར་གྱི་དུང་བརྡས་སྡེ་འདབས་ཀྱི་ནོར་ནག་འགའ་དཀྲོག་རྗེས་བྱིས་པ་གཅེར་བུ་མང་པོ་ཞིག་རྒྱུགས་རྩལ་འགྲན་པ་བཞིན་ངེད་ཅག་གི་ཕྱོགས་སུ་བརྒྱུགས་ཡོང་། ངས་བྱིས་པ་དེ་ཚོའི་མིག་ཟུང་ལས་དྭངས་ཤིང་གཙང་ལ་བསླད་མ་འདྲེས་པའི་སེམས་ཁམས་ཤིག་གསལ་བོར་མཐོང་བས་དེ་མ་དེ་ཉིད་དུ་ཁོ་ཚོ་པར་དུ་བརྒྱབ་པ་ཡིན། ཨ་མོས་ངའི་ཕྱོགས་སུ་སྡང་མིག་ཅིག་བགྲད་དེ“ཁྱོད་ཀྱིས་བྱིས་པ་འདི་ཚོ་པར་དུ་རྒྱག་རྒྱུ་ཅུང་སྔ་སོང་། རྒྱུ་མཚན་ནི་ཁོ་ཚོ་དུས་ནམ་ཡང་ཁྱོད་ཀྱི་ཤེས་རིག་གི་འཇིག་རྟེན་དུ་འཛུལ་མི་སྲིད།མི་རློམ་ན་ཁྱོད་ཀྱིས་ཁོ་ཚོའི་དཔྲལ་བ་དང་བྲང་གཞུང་ལ་ལྟོས་དང་།”ཟེར། ཡིད་ཕངས་པ་ཞིག་ལ་ཁོ་ཚོ་ཚང་མའི་དཔྲལ་བ་རུ་ཡོ་འཁྱོག་བྲལ་བའི་གཡུང་དྲུང་གི་རི་མོ་རེ་དང་བྲང་གཞུང་དུ“རྫི་བོ”ཞེས་པའི་ཡིག་འབྲུ་གཉིས་གསལ་བོར་བརྐོས་འདུག ངས“དེ་ནི་ཁོ་ཚོར་དབང་བའི་ཤེས་རིག་གི་འཇིག་རྟེན་རེད།འཇིག་རྟེན་དེ་ནི་གསོན་པོ་ཚོ་ལས་ཤི་བོ་ཚོར་དབང་མི་སྲིད”ཅེས་ལན་བཏབ། ཨ་མོའི་ངོ་གདོང་སྐྱ་བོ་ནས་སྐྱ་བོར་གྱུར།
བྱིས་པ་ཚོའི་རྗེས་ནས་སྡེ་དཔོན་ཡང་ངེད་ཅག་བསུ་བར་སླེབས་བྱུང་། ཁོས“ངས་ཁྱོད་ཚོ་ན་ནིང་འདི་ཀར་འོངས་མྱོང་བའི་དབུལ་སྐྱོབ་རུ་ཁག་དེ་རེད་སྙམ་བྱུང་།”ཟེར།
ཨ་མོས་རང་ཉིད་ཀྱི་འཁྲབ་གཞུང་དང་དེའི་རིན་ཐང་གི་སྐོར་མཚམས་སྦྱོར་མདོར་བསྡུས་ཙམ་བྱས་རྗེས་སྡེ་དཔོན་གྱི་རུམ་དུ་ཤོག་དངུལ་མང་བོ་ཞིག་བཙན་གྱིས་བཅུག་ཅིང“རྐུན་མ་ཞིག་འཛིན་པ་ནི་ཁྱོད་ལ་མཚོན་ན་ཅི་འདྲའི་ལས་སླ་མོ་ཞིག་ཡིན་ཨང”ཟེར། ཕར་བལྟས་ན་སྡེ་དཔོན་ནི་འཇིག་རྟེན་སྟེང་གི་ཤོག་དངུལ་ལ་མིག་དགའ་བའི་དཔོན་པོ་གཅིག་བུ་ཡིན་པ་འདྲ། ཁོས་ཨ་མོར་བལྟས་ནས་ཁྲེལ་དགོད་ཅིག་བྱས་ཤིང་ཤོག་དངུལ་ལ་བལྟས་ནས་ཁྲེལ་དགོད་ཅིག་བྱས་ཏེ“ཁྱོད་ཀྱིས་ང་ཚོའི་སྡེ་བར་བཙན་འཛུལ་བྱེད་འདོད་དམ། འོན་ཀྱང་དེ་ནི་སྟོང་བསམ་ལས་མ་འདས”ཟེར་བཞིན་ཤོག་དངུལ་མཐའ་དག་རླུང་རྟ་བཞིན་བར་སྣང་ལ་གཙུབས་པས་རིམ་གྱིས་ཉི་མར་ལྡེ་བཞིན་པའི་སྡེ་མི་ཚོའི་པང་དུ་ལྷུང་། ཁོ་ཚོས་ཤོག་དངུལ་དེ་དག་དུམ་བུར་གཤགས་རྗེས “གནའ་སྔ་མོའི་དུས་ཀྱི་ཤོག་བུ་སྔོན་པོ་དེ་འདི་འདྲ་ཞིག་ཏུ་གྱུར་འདུག་པས་ངོ་མ་ཡ་ང་བ་ཞིག་རེད”ཟེར།
གང་ལྟར་ཉིན་དེར་ང་ཚོར་ལག་ཡོང་ཕྲན་བུ་ཙམ་ཡང་མེད་པས་ཁོ་ཚོ་དང་མཉམ་དུ་ཉི་མར་མི་ལྡེ་ཀ་མེད་བྱུང་། སྐབས་དེར་ངས་མཉམ་འཇོག་བྱེད་སའམ་ཟུར་མིག་འཕེན་ས་ནི་སྡེ་དཔོན་གྱི་བུ་མོ་ཆོས་སྐྱིད་དང་ནུབ་ཕྱོགས་ནས་འོངས་པའི་སྤྲང་བོ་དེ་རེད། ཆོས་སྐྱིད་ཀྱིས་ཅི་ཞིག་ལ་ངང་སྒུག་བྱེད་པ་ཇི་བཞིན་ཡང་ནས་ཡང་དུ་ཉི་མར་ལྟ། བདག་གི་སྣང་ངོར་ཉི་འོད་ཁོ་མོའི་ལུས་ཀྱི་བར་གསེང་རེ་རེར་ཐིམ་ནས་དུས་ཡུན་རིང་བོ་འགོར་བ་འདྲ། སྤྲང་བོ་དེས་ཚི་དྲེག་ཆགས་པའི་དཔེ་དེབ་མཐུག་པོ་ཞིག་ཡར་བསློག་མར་བསློག་བྱེད་བཞིན་རྐང་བ་གཉིས་མདུན་དུ་བརྐྱངས་ཏེ་ཉི་འོད་རོལ་གྱིན་འདུག མི་གཞན་པ་ཚང་མས་རང་རང་གི་བུ་དང་མནའ་མའི་སྐོར་ཁོ་ན་གླེང་ཞིང་གླེང་གིན་གླེང་གིན་བརྗོད་བྱ་ཡོངས་སུ་ཚར་ཏེ་བསྐྱར་ཟློས་ལ་བྲེལ། མཐའ་མར་བསྐྱར་ཟློས་ཀྱང་བྱ་ཐབས་བྲལ་བའི་ཚད་དུ་སླེབས་པས་ད་གཟོད་སྐྱེ་བ་ཕྱི་མ་དང་དམྱལ་བ་ཡི་དྭགས་དུད་འགྲོ་སོགས་གླེང་བྱུང་།
མཚན་མོའི་དུས་སུ་སྡེ་བའི་དཀྱིལ་ནས་མེ་སྒོང་ཆེན་པོ་ཞིག་བརྒྱབ་སྟེ་ང་ཚོ་ཚང་མས་སྒོར་བྲོ་འཁྲབ། རབ་ཏུ་གསལ་བའི་མེ་ལྕེའི་འོག་ཏུ་ཆོས་སྐྱིད་ཡིད་དབང་འཕྲོག་པའི་གར་སྟབས་ཀྱིས་མྱོས། སྤྲང་བོ་རང་ཉིད་ཀྱི་རྡོག་ཁྲེས་སྔས་སུ་བྱས་ཏེ་གཉིད་དུ་ཡུར་འདུག མཚམས་ཤིག་ལ་ཆོས་སྐྱིད་ངའི་གམ་དུ་བཅར་ཞིང་ངོ་གདོང་ལག་པས་བཀབ་སྟེ་ཡུན་རིང་ངུས་རྗེས“ཨ་ཇོ། ཁྱོད་ཀྱིས་ང་ས་ཐག་རིང་ཞིག་ཏུ་འཁྲིད་རོགས་མཛོད།”ཟེར། ངས་ཁོ་མོར་ལན་ཅི་ཞིག་འདེབས་དགོས་པ་གཏན་ནས་མ་ཤེས།
ཉིན་གཉིས་པའམ་ཉིན་དང་བོ་བཞིན་འདས་སོང་།
ཉིན་གསུམ་པར། མགོ་སྐྲ་དུང་ལྟར་དཀར་བའི་བགྲེས་མོ་ཞིག་དང་སྤྲང་བོ་དེ་གཉིས་ཀྱིས་དུས་གཅིག་ཏུ་ངུ་འབོད་བྱས་བྱུང་། བགྲེས་མོས “ཨ་ཧོ། ངའི་ཚེ་སྨད་ཀྱི་འཁར་བ་ལྟ་བུའི་བུ་ཆུང་རི་ལོ་གྱེས་བརྡ་ཙམ་ཡང་མེད་པར་ཡུལ་གཞན་དུ་བྲོས་སོང་ཚར་འདུག”ཟེར། སྤྲང་པོས “ངའི་རྡོག་ཁྲེས་སུ་བཅུག་པའི་ཆེས་རྩ་ཆེ་བའི་ནོར་བུ་སྟེ་མིང་ལ<<མ་ཡུམ>>དུ་འབོད་པའི་འཁྲབ་གཞུང་ཞིག་རྐུན་ལ་ཤོར་སོང་།དེའི་ཕྱིར་ཁྱོད་ཚོའི་སྡེ་བས་མ་ཡུམ་ཁོ་ནར་ཡོད་པའི་གཏིང་ཟབ་ཅིང་རྒྱ་ཆེ་བའི་མཛེས་སྡུག་དེ་མཐོང་ཐབས་བྲལ”ཟེར།
ངས་ཨ་མོར“ཁྱོད་ཀྱིས་བརྩམས་པའི་འཁྲབ་གཞུང་དེའི་མིང་ལ་མ་གཞི<<མ་ཡུམ>>ཟེར་རམ།”ཞེས་དྲིས།
ཨ་མོས་བདེན་པའི་ལམ་དུ་མགོ་བོ་ལྕོག་ལྕོག་དུ་ལྡེམ།
སྡེ་དཔོན་དང་ང་ཚོས་འཁྲབ་གཞུང་དེ་རི་ལོས་བརྐུས་པ་ཐག་གིས་བཅད་ཅིང་དེ་འཕྲལ་རྩད་གཅོད་པའི་ཡི་གེ་ཞིག་ཀྱང་བྲིས་པ་ཡིན། ཡི་གེ་དེ་ཕྱུགས་ཟོག་བོར་རྗེས་སུ་བཀྲམས་པའི་རྩད་ཡིག་ཅིག་དང་འདྲ་བས་བགྲེས་མོས་སྡེ་དཔོན་གྱི་གདོང་ལ་མཆིལ་མ་འགའ་བཏབ་ནས “ཁྱོད་ཀྱིས་ངའི་བུ་ཆུང་ཕྱུགས་ཟོག་ཅིག་དང་གཉིས་སུ་མེད་པ་བཟོས་སོང་།”ཟེར།
སྡེ་དཔོན་གྱིས “འཁྲབ་གཞུང་དེ་རྙེད་ཕྱིར་ང་ཚོས་ཐབས་ཤེས་ཅི་ཞིག་སྤྱད་ཀྱང་གཅིག་འདྲ་མ་ཡིན་ནམ།”ཞེས་རྫིག་ཉམས་དང་བཅས་བགྲེས་མོར་འགྲམ་ལྕག་ཅིག་གཞུས།
བགྲེས་མོས་སྡེ་མི་ཀུན་གྱི་མདུན་དུ་རང་གི་དཔྲལ་གཉེར་དང་ངོ་གདོང་།ནུ་འབུར་སོགས་སྐྱི་གཉེར་གྱིས་བཏུམས་པའི་ལུས་ཀྱི་གྲུབ་ཆ་མང་བོ་ཞིག་གཏམ་རྒྱུད་རེ་རེ་དང་སྦྲགས་ནས་མཚམས་སྦྱོར་བྱས་མཐར“འོན་ཀྱང་རི་ལོའི་ཨ་མ་ནི་རླབས་ཆེ་བའི་མ་ཡུམ་ཞིག་ཡིན་པ་ཀུན་གྱིས་ངེས་དགོས།”ཟེར་བས་སྡེ་དཔོན་ཡང་ཁ་རོག་ཏུ་བསྡད།
ངེད་ཅག་“བླུན་སྡེ”དང་ཁ་བྲལ་སྐབས་སྤྲང་བོ་དེས་རང་སྲོག་བཅད་ཅིང་“མི་རབས་ཤིག་གི་སྐྱེ་རྒྱུན་ཆད་སོང་”ཞེས་པ་ནི་ཁོས་འཇིག་རྟེན་འདི་ནས་ཆེས་མཐར་མར་བཤད་པའི་སྐད་ཆ་ཡིན། ང་དང་ཨ་མོ་གཉིས་ཀྱིས་ཡང་ནས་ཡང་དུ་རྩད་གཅོད་པའི་ཡི་གེ་དེར་བལྟས།
“རི་ལོ། ཕོ། ལོ་ཉེར་གཅིག བོད་རིགས། གཟུགས་རིང་ལ་ཤ་རྩི་སྨུག་ཅིང་སྐྲ་ལོ་རིང་། བྲང་གཞུང་དུ་ཨ་ཡིག་གི་ཐམ་ཀ་ཞིག་དང་སྤྱི་གཙུག་ཏུ་ཤམ་བྷ་ལའི་དཀྱིལ་འཁོར་གྱི་རི་མོ་བསྡུས་འབྲི་བྱས་པ་ཞིག་ཡོད།གལ་ཏེ་སུ་ཞིག་གིས་ཁོ་རང་རྙེད་ན་སྐེ་ལ་ལྕགས་ཐག་ཅིག་བསྐོན་ཏེ་‘བླུན་སྡེར’བསྐྱལ་ཡོང་བར་འཚལ།”
ཨ་མོས “ཁོ་ནི་ཅིའི་ཕྱིར་ང་ཚོས་མཐོང་བའི་བྱིས་པ་སྔོན་མ་ཚོ་དང་མི་འདྲ་བ་རེད”ཅེས་ང་ལ་དྲིས།
ངས“དེ་ནི་ཁྱོད་ཀྱི་འཁྲབ་གཞུང་དེའི་ཁ་བྱང་ལ<<མ་ཡུམ>>ཟེར་བས་རེད”ཅེས་ལན་བཏབ། སྐབས་དེར་ང་ཚོའི་རླངས་འཁོར་སྡེ་འདབས་སུ་སླེབས་ནས་སྡེ་མི་ཚོའི་མཐོང་ལམ་ནས་ཡལ་བར་ཉེ། ངས“ཉི་མར་ལྡེ་བཞིན་པའི་རྒྱང་རིང་གི་བོད་མི་ཚོ་ད་ལྟ་ནག་ཐིགས་རེ་རེར་གྱུར་འདུག་མོད་ངས་ནག་ཐིགས་དེ་དག་ལས་གང་ཞིག་ཆོས་སྐྱིད་ཡིན་པ་དབྱེ་འབྱེད་ཐུབ་ངེས། ཨ། བླུན་སྡེ། ངས་ཁྱེད་ཅག་ལ་རང་ཉིད་སུ་ཡིན་པ་ཤོད་མ་ནུས།”ཞེས་ཆིག་ལབ་ཅིག་བརྒྱབ།
ཨ་མོ་དང་ཁ་ལོ་བ་གཉིས་ཀ་ངལ་དུབ་ཀྱི་དབང་གིས་གཉིད་དུ་ཡུར་སོང་། དེ་བས་རླངས་འཁོར་ལ་ངས་ཁ་ལོ་བསྒྱུར་བ་ཡིན། དེ་ནི་སྙན་ངག་ལ་རང་དབང་དུ་ཁ་ལོ་བསྒྱུར་བ་དང་འདྲ།
6.ཡུལ་ལྗོངས།
སྤྱང་ཀི་ཚོས་ཉག་ག་རེ་རེ་ནས་ཡང་ཡང་དུ་ལུང་བ་འདིའི་ཕྱོགས་སུ་སོ་ལྟ་བྱེད། ཆེས་མཐའ་མར་སོ་བལྟ་བྱེད་མཁན་ལ་སྤྱང་ཀི་གཅིག་ལས་མི་འདུག་ཅིང་དེས་ཀྱང་ཆེས་མཐའ་མའི་སོ་ལྟ་དེ་བྱེད་སྐབས་ལུང་བ་འདིར་བཞད་པའི་མེ་ཏོག་ཡོད་ཚད་ས་འོག་ཏུ་ཐིམ་ཚར་ཞིང་ལུང་བ་འདིར་འཚོ་ཞིང་གཞེས་པའི་འབྲོག་མོ་ཡོད་ཚད་གནས་གཞན་དུ་སྤོས་ཚར་འདུག དེར་མ་ཟད་ལུང་བ་འདིའི་ཁོ་ར་ཁོར་ཡུག་ཡོངས་རྫོགས་ཧ་ཅང་སྐྱ་བའི་བྱེ་མ་དང་ས་རྡུལ་གྱིས་གཡོགས་འདུག སྤྱང་གི་དེས་བསམ་བློ་ཞིབ་མོར་བཏང་མཐར་ལུང་བ་འདིའི་ལས་དབང་ནི་རང་ཉིད་ཀྱི་དམར་ཞིང་རྣོ་བའི་མཆེ་བ་དང་། མཐུག་ཅིང་རྫོབ་པའི་པགས་པ། ད་དུང་གསལ་ཞིང་གཏུམ་པའི་མིག་ཟུང་གི་བར་གསེང་དུ་འཚངས་ནས་ཡུན་རིང་འགོར་བར་སྙམ་ཞིང་དེ་མུར་རི་ལུང་འགས་པའི་ངུ་ཟུག་ཅིག་བྱས།སྤྱང་ཀི་དེ་ནི་མོ་རིགས་ཤིག་ཡིན་པའི་དབང་དུ་བཏང་ན་ང་ཚོས་སྤྱང་ཀི་ཡོད་ཚད་ཀྱི་མ་ཡུམ་ནི་འདི་ཁོ་ན་ལས་གཞན་སུ་ཡང་མིན་ཞེས་སྨྲ་བར་སྤོབས། མོས་ལྕགས་ལས་ཀྱང་མཁྲེགས་པའི་སྡེར་མོས་མདུན་གྱི་བྱེ་མ་ཡོངས་རྫོགས་ཞིབ་མོར་བསློག་མཐར་ད་གཟོད་རྙིང་ཞིང་རལ་བའི་དར་ལྕོག་རེ་གཉིས་ང་ཚོའི་མིག་ལམ་དུ་མངོན་པར་གྱུར། རྒྱང་རིང་ནས་ཁྲག་མཚོ་ལྟ་བུའི་མཚམས་སྤྲིན་ཞིག་འཕྱུར་ཞིང་དེས་སྤྱང་ཀི་དེར་འཇིག་རྟེན་འདི་ནས་མུ་མཐུད་དུ་འཚོ་བ་རོལ་བའི་སྤོབས་པ་གནང་། དེའི་ཕྱིར་མོས་རང་དང་རིགས་མཐུན་པའི་སྐྱེས་པ་ཞིག་བཙལ་ཏེ་མཚམས་མི་ཆད་པར་རིགས་རྒྱུད་སྤེལ་ནས་ལུང་བ་འདིར་སླར་ཡང་གསོན་ཤུགས་བསྩལ་འདོད། འོན་ཀྱང་དེ་ནི་སྟོང་བསམ་རང་རེད། མོའི་རྨི་ལམ་དུ་སྤྱང་ཀི་ཕོ་ཞིག་གི་གཟུགས་བརྙན་གསལ་ལ་མི་གསལ་བ་ཞིག་བྱུང་རྗེས་མོའི་ཚེ་སྲོག་ཆད་སོང་།
དེ་ལྟར་ལུང་བ་དེ་མི་ལོ་གྲངས་མེད་ཅིག་ལ་གྲགས་འགུལ་མེད་པར་གནས། སྤྱང་ཀི་དེའི་རོ་ས་འོག་ཏུ་ཐིམ་རྗེས་མཚམས་སྤྲིན་གྱིས་སྔར་ལྟར་ཆུ་དང་རི་བོ་ལ་ཚོན་མདངས་སྦྱར་མ་ཐུབ།
རིམ་གྱིས་ཉི་འོད་ཀྱང་རབ་རིབ་ཏུ་གྱུར་ནས་འཇིག་རྟེན་ལ་ཆེས་ཡིད་དུ་མི་འོངས་པའི་མུན་པ་འཐིབས། མུན་པའི་ཁྲོད་ནས་འབྱུང་ཁུངས་མེད་པའི་སྤྱང་ཀི་ཆུང་ཆུང་ཞིག་འཚར་ལོངས་བྱུང་ཞིང་དེས་གོ་རིམ་དང་བཅས་གླལ་མོ་ཞིག་བྱས་པ་ན་ལུང་བ་འདིར་སྔར་ལས་ལྷག་པའི་མཛེས་སྡུག་ཅིག་བྱུང་། སྣོལ་མོར་འཛིངས་པའི་དུད་སྤྲིན་དང་གཡུང་དྲུང་གི་རི་མོས་མཚོན་པའི་བསང་ཁྲི། ནགས་ཚལ་འཁྲིགས་འདྲའི་དུར་ཁྲོད་ཀྱི་དར་ལྕོག གློ་བུར་བའི་སྣང་ཚུལ་འདིས་ས་གཞི་ཆེན་པོ་དང་དེའི་རུམ་དུ་འཁྱིལ་བའི་ཆུ་དང་རླུང་བུ་ཧ་ལས་སུ་བཅུག
གླུ་སྐད་གསར་བ་ཞིག་གིས་སྤྱང་ཀི་ཆུང་ཆུང་དེའི་མདུན་དུ་འཁྱག་སོབ་སོབ་ཀྱི་ཁ་བ་ཞིག་ཕབ། ཁ་བའི་ཁྲོད་དུ་ན་གཞོན་ཕོ་མོ་གཉིས་ཀྱིས་མུ་མཐུད་དུ་མདུན་སྐྱོད་བྱེད་ཀྱིན་འདུག དེ་ལས་ཕོ་དེ་ནི་གསོན་པོ་ཞིག་དང་མོ་དེ་ཤི་བོ་ཞིག་རེད།
7 .གཏམ་རྒྱུད།
ཉི་འོད་ཧ་ཅང་འཇམ་པའི་ཕྱི་དྲོ་ཞིག་ལ། བགྲེས་མོ་དེས་རི་ལོའི་སྐྲ་ལོར་བྱིལ་བྱིལ་འགའ་བྱས་རྗེས “ཁྱོད་ཀྱིས་བོད་ཡུལ་ནི་གར་སྟེགས་ཤིག་རེད་ཅེས་བཤད་ཕོད་དམ།”ཟེར།
རི་ལོས “ཨ་མ་ལགས། ངས་ཁྱོད་དང་མཁྱེན་ལྡན་མ་ལྷ་མོ་ཆོས་སྒྲོན་གྱི་ཆེད་དུ་བོད་ཡུལ་ནི་གར་སྟེགས་ཤིག་རེད་ཅེས་བཤད་ཕོད”ཅེས་ལན་བཏབ།
གསལ་བོར་ཤེས་དགོས་པ་ཞིག་ལ་ལྷ་མོ་ཆོས་སྒྲོལ་ཞེས་པ་ནི་མེ་ལྕེའི་གཅུང་མོ་ཡིན།
“དེས་ན་ཨ་མས་ཁྱོད་ལ་སྙན་ཅིག་ཀློག་ཆོག
ཁྱོད་ཀྱིས་ལྕེབས་ཐག་དེ་གསར་གཏོད་བྱེད་མཁན་གྱི/བུ་མོ་མཛེས་མ་ཞིག་དང་/དེའི་ལང་ཚོར་འགོས་པའི/སྡིག་སྒྲིབ་དང་རྔུལ་ཆུ་མཐོང་ངེས/མདུན་ལ་སྒྱིད་ལུག་པའི་ཉི་འོད་འཁྱིལ་བས/ཉེ་འགྲམ་གྱི་མི་དག་ཁྱོད་ཀྱི་ཤེས་རབ་ཁྲོད་མ་འཛུལ/ཡོད་མི་འོས་པ་དེ་སྟོང་བསམ་ཁྲོད་ཡང་ཡང་གསོན/རྨི་ལམ་ཅུང་ཟད་ཡན་པོར་བཏང་རྐྱེན/ཁྱོད་ཀྱིས་མིག་དང་བཅས་པའི་རང་ཉིད/སུ་ལ་སྤྲོད་དགོས/ཁྲལ་བ་གཞན་ཞིག་གིས་ཀྱང་ཁྱོད་ལ་དེ་ལྟར་འདྲི”
“ཨ་མ་ལགས། སྙན་ངག་དེའི་མིང་ལ་ཅི་ཟེར”
“སྙན་ངག་དེའི་མིང་ལ<<ཁྲལ་བའི་སྡུག་བསྔལ>>ཟེར། སྙན་ངག་དེ་ཁོ་ནས་ཁྱོད་ལ་གཞན་དང་མི་འདྲ་བའི་ཚེ་སྲོག་ཅིག་གནང་ཟིན་པ་ཁྱོད་རང་གིས་ཀྱང་མི་ཤེས་ག་ལ་སྲིད།”
རི་ལོས་ངག་སྒོ་ཕྱེ་བར་རྩོམ་པའི་དུས་སུ་ལྷ་མོ་ཆོས་སྒྲོལ་ནང་དུ་སླེབས་བྱུང་། མོས་བཅོས་བསླད་མེད་མ་འདྲེས་པའི་དགའ་འཛུམ་ཞིག་དང་ལྷན་དུ“རང་ཅག་གིས་མི་ཀུན་ལ་སྤྲོ་སྣང་སྐྱེད་བྱེད་ཀྱི་དུས་སྟོན་དེ་རོལ་བར་བྱ། ”ཟེར་བ་ན་རི་ལོ་དང་བགྲེས་མོ་གཉིས་ཀྱིས “དུས་སྟོན་དེ་ནི་སྙན་ངག་དང་འབྲེལ་བའི་ཚེ་སྲོག་གི་རོལ་རྩེད་ཅིག་མ་ཡིན་ནམ”ཟེར།
ཡུད་ཙམ་གྱི་རྗེས་ནས་ཁོང་ཚང་གི་སྦྲ་ནག་ཆུང་ཆུང་དེའི་ཁ་ཚུབ་ལས་གསུར་དྲི་དང་ཁྱད་པར་བ་ཞིག་འཐུལ་བྱུང་། དེའང་རི་ལོ་དང་ལྷ་མོ་ཆོས་སྒྲོལ་གཉིས་ཀྱི་རུས་སྒྲོམ་ཆ་ཚང་དེ་མཆོད་པའི་སྟེགས་བུ་རུ་མེ་ཡིས་འཚིག་བཞིན་འདུག་ལ་མེ་ལྕེ་ནི་ནོར་བུ་ཟླུམ་པོའི་དབྱིབས་སུ་སྣང་། བགྲེས་མོས་རི་ལོ་དང་ལྷ་མོ་ཆོས་སྒྲོལ་གྱི་རྣ་རྩར་ཤབ་ཤུབ་ངང “ཁྱོད་གཉིས་ཀྱིས་མེ་ནང་གི་མཛེས་ལྗོངས་མཐའ་དག་ཉམས་སུ་མྱོང་དང་། རང་ཅག་གི་ལོ་རྒྱུས་ནི་འདི་ལྟ་བུའི་ཟིལ་ཤུགས་རྫོགས་པ་ཞིག་རེད། ཁྱོད་གཉིས་ཀྱི་རུས་ཚིགས་རེ་རེ་དུས་རབས་ཀྱི་དཀྱོགས་མཚམས་རེ་རེ་ཡིན་ན་མེ་ལྕེ་དེ་ནི་དམག་འཁྲུག་གི་མེ་ལྕེ་དང་། ནད་ཡམས་ཀྱི་མེ་ལྕེ། འཐབ་རྩོད་ཀྱི་མེ་ལྕེ། རྒྱལ་ཁའི་མེ་ལྕེ་དང་བདེ་སྐྱིད་ཀྱི་མེ་ལྕེ་བཅས་ཡིན་ངེས”ཞེས་བཤད།
ལྷ་མོ་ཆོས་སྒྲོན་གྱིས“ཁྱོད་ཀྱིས་དེ་ལྟར་བཤད་ན་ངས་མིང་ལ་མེ་ལྕེ་ཟེར་བའི་མི་གཞི་དྲན་ཡོང་། ཁོ་ནི་ངའི་ཕུ་བོ་ཡིན།”ཟེར།
“ཁོ་ད་ལྟ་གང་དུ་ཡོད།”བགྲེས་མོར་དངངས་འཚབས་ཤིག་ལངས།
“ངས་ཁོའི་ཤི་གསོན་ཡང་མི་ཤེས། ཆུང་ངུའི་དུས་སུ་ཁོ་གྲོང་ཁྱེར་ལ་ཧ་ཅང་དགའ། གོ་ཐོས་ལྟར་ན་གྲོང་ཁྱེར་དུ་སློབ་གྲྭ་མང་བོ་ཡོད་སྐད།”
“སློབ་གྲྭ”བགྲེས་མོས་ཐ་སྙད་དེ་ཐེངས་དང་བོར་ཐོས་པ་ཡིན་མོད་རི་ལོས “ཨ་མ་ལགས། ང་རང་སློབ་གྲྭར་གཏོང་བར་ཞུ”ཟེར། དེ་མ་ཐག་བགྲེས་མོས་ལྷ་མོ་ཆོས་སྒྲོལ་ལ་སློབ་གྲྭ་ཞེས་པའི་གོ་དོན་ལ་གསལ་བོར་བཤད་དུ་བཅུག་ནས “མ་གཞི་དེ་ནི་བཙན་འཛུལ་རིགས་ཤིག་རེད། སྔོན་ཆད་དགོན་པ་ཞེས་པ་དེས་ཀྱང་ང་ཚོར་འཇིགས་བསྐུལ་ཏེ་འགལ་བ་མཐའ་དག་གོམས་སྲོལ་ལ་སྒྱུར་དུ་འཇུག་མྱོང་།”ཟེར།
“འོན་ཀྱང་ལས་དབང་གི་མདུན་ནས་མགོ་བོ་སྒུར་བ་ནི་ཁྱེད་ཚོ་མ་ཡུམ་རྣམས་ལ་ཡོད་པའི་ཐུན་མིན་གྱི་ཁྱད་ཆོས་དེ་མ་ཡིན་ནམ།”
རི་ལོས་དེ་ལྟར་ཟེར་བཞིན་ཞལ་ཕུ་ཆེན་པོ་ཞིག་བཏབ་པ་ན་མདུན་གྱི་མེ་ལྕེ་དེ་སྐད་ཅིག་ཙམ་དུ་གཞིལ་བར་གྱུར་ཞིང་དེར་མཐུད་ནས་རླུང་འཚུབ་ཆེན་པོ་ཞིག་གཡུགས་པས་རུས་པའི་ཚིག་རོ་དག་ཐག་རིང་དུ་ཁུར་སོང་།
དཔའ་ངར་ཆེ་བའི་བགྲེས་མོ་སྣང་ཚུལ་འདི་ལ་ཅེར་ནས་རེ་ཞིག་ཧད་པར་གྱུར། མོས་ཐོག་མར་རི་ལོར་འགྲམ་ལྕག་ཅིག་གཞུས་ཤིང་དེ་ནས་ལྷ་མོ་ཆོས་སྒྲོལ་གྱི་སྐྲ་ལོ་བཙན་ཤེད་ཀྱིས་བཞར་ཏེ “ལོ་རྒྱུས་ལ་རྒྱབ་འགལ་བྱེད་མཁན་ཁྱོད་གཉིས་ཀྱིས་ང་ལ་གོང་གི་དུས་སྟོན་དེ་ལས་ཀྱང་རིན་ཐང་ཆེ་བའི་ནོར་བུ་ཞིག་འཚོལ་དགོས”ཟེར།
“ནོར་བུ?”ལྷ་མོ་ཆོས་སྒྲོལ་གྱིས་རང་གི་གྲུ་གུ་ལྟ་བུའི་མགོ་བོ་ལ་རེག་ཞོར་དུ“ང་ཚོས་ནོར་བུ་དེ་སྒུག་པར་བྱ”ཟེར།
མཚན་མོའི་དུས་སུ་བགྲེས་མོས་རི་ལོ་དང་ལྷ་མོ་ཆོས་སྒྲོལ་གཉིས་སྒོར་ཕུད་དེ་ལྷས་ར་ནས་ཉལ་དུ་བཅུག་ཅིང་རང་ཉིད་གཅིག་བུས་སྦྲ་ནག་ཆུང་ཆུང་དེའི་དྲོད་འཇམ་ལོངས་སུ་སྤྱད། ཕྱི་ཉིན་རི་ལོས “ངས་རང་ཅག་ལ་མཁོ་བའི་ནོར་བུ་རྨི་ལམ་ལས་མཐོང་བྱུང་།དེ་ནི་ཤི་ཟིན་པའི་བུད་མེད་ཅིག་གིས་གསར་རྩོམ་མཛད་པའི་འཁྲབ་གཞུང་ཞིག་རེད། རང་ཅག་གིས་མུ་མཐུད་དུ་བོད་ཡུལ་འདི་གར་སྟེགས་ཤིག་རེད་ཅེས་བཤད་ན་འགྲིག”ཟེར།
8.རྩོམ་པ་པོའི་ཆིག་ལབ།
བགྲེས་མོ་དེས “སློབ་གྲྭ”ཞེས་པའི་ཐ་སྙད་ཐེངས་དང་བོར་ཐོས་པ་ཡིན་མོད་འོན་ཀྱང་མོའི་སེམས་པའི་རྩ་བར་ཟུག་པ་ནི་ཆེས་གཏིང་ཟབ་པའི་སྙན་ངག་དང་ལོ་རྒྱུས་ཀྱི་གསང་བ་རེད། དེ་བས་འཕྲིན་གསར་གྱི་དུས་རབས་ལ་འཚོ་སྡོད་བྱེད་པའི་མི་ཞིག་ཁོ་མོའི་འཇིག་རྟེན་དུ་འཛུལ་དཀའ།
ཨ་མོའི་འཁྲབ་གཞུང་རྐུ་མཁན་ནི་སྤྲང་བོ་དེ་ཡིན་མི་སྲིད། ཁོ་བོ་ལྟར་ན་སྤྲང་བོ་དེས་མི་ཚེའི་ཕྱེད་ཀ་བཙོན་ཁང་ནས་བསྐྱལ་ལ་བཙོན་སྲུང་བས་ཁོ་རང་བཙོན་གྲོགས་ཚོ་དང་ཁ་བྲལ་དུ་འཇུག་སྐབས་སྲོག་ཁྲིམས་བཅད་པའི་བཙོན་མ་ཞིག་གིས་ཁོའི་ལག་ལ་ཨ་མོའི་འཁྲབ་གཞུང་བཞག་སྟེ “ཁྱོད་ཀྱིས་འདི་ཕྱི་རོལ་གྱི་འཇིག་རྟེན་ལ་འཁྱེར་རོགས”ཟེར་མྱོང་། གང་ལྟར་བཙོན་མའི་འཚོ་བ་མཇུག་གྲིལ་རྗེས་ཁོ་རང་སྤྲང་བོར་གྱུར་བ་ཡིན།
རི་ལོས་འཁྲབ་གཞུང་དེ་བརྐུས་ནས་ཐད་ཀར་ཨ་མར་སྤྲད་ཅིང་ཨ་མ་དང་ལྷ་མོ་ཆོས་སྒྲོལ་གྱིས་ཁོའི་བློ་རིག་ལ་བསྟོད་བསྔགས་བྱེད་ཀྱིན་པའི་སྒང་ལ་ཁོ་རང་དམིགས་ཡུལ་གཞན་ཞིག་བསམ་བཞིན “བླུན་སྡེ”དང་ཁ་བྲལ་བ་ཡིན།
གོང་གི་གནས་ཚུལ་དེ་དག་ཤེས་མཁན་ལ་འཇིག་རྟེན་འདི་ན་ང་དང་ཐེ་བ་ལས་གཞན་སུ་ཡང་མེད་པས་ད་ལྟ་ང་རང་ཆེས་སྐྲག་ས་ནི་ཐེ་བས་གནས་ཚུལ་དེ་དག་མེ་ལྕེ་ལ་བཤད་སྲིད་མིན་དེ་རེད། གལ་ཏེ་ཐེ་བས་གནས་ཚུལ་དེ་དག་མེ་ལྕེ་ལ་དྲང་མོར་བཤད་ཚེ་ངས་ཁོ་རང་སྒྲུང་གཏམ་འདི་ལས་གཏན་ཕུད་བྱེད་རྒྱུ་ཡིན།
དེ་རིང་ནི་ནམ་མཁའ་སྤྲིན་དཀར་གྱིས་ཡོངས་སུ་བཟུང་བའི་ཉིན་མོ་ཞིག་སྟེ་ལྡིང་སྐོར་རྒྱག་གིན་པའི་བྱ་རྒོད་དག་ལ་ཆེས་མཛེས་པའི་རྒྱབ་ལྗོངས་ཤིག་ཐོབ་བྱུང་།
9. མེ་ལྕེའི་ཉིན་ཐོ།
རྨི་ལམ་ལས་ཡང་ཡང་མངོན་པའི་མི་དེ་ནི་རི་ལོ་རེད། ཁོས“ཁྱོད་ཀྱིས་ང་རང་ཉེན་རྟོག་པར་འཛིན་དུ་མི་འཇུག་པར་འཚལ།རྒྱུ་མཚན་ནི་ངས་འཁྲབ་གཞུང་དེ་བརྐུས་མེད། རྒྱུ་མཚན་ནི་ང་ལའང་མ་ཡུམ་ཞིག་ཡོད”ཟེར་བཞིན་ཨག་རིང་འགའ་བརྒྱབ་པས་ང་རང་གཉིད་ལས་སད་བྱུང་། ངའི་སྒེའུ་ཁུང་གི་ངོས་སུ་བ་མོ་སྲབ་བུ་ཞིག་ཆགས་འདུག་མོད་ཕྱི་རོལ་གྱི་ཡུལ་ལྗོངས་ལ་ཞིབ་བལྟ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་སྟེ་ཐོག་མར་རང་གི་མིག་སྐྱག་ཕྱིས་ཤིང་དེ་ནས་བ་མོ་སྲབ་བུ་དེའི་ཕྱོགས་སུ་ཁ་རླངས་དྲོན་པོ་བཏང་བ་ཙམ་གྱིས་འཐུས།
སྔོན་ཆད་ཀྱང་ངས་སྒེའུ་ཁུང་འདི་ལས་དེ་རིང་བཞིན་ཞིབ་བལྟ་བྱས་ལ་མི་ཚོགས་ཀྱིས་འཚངས་ཁ་དང་ཁྲ་ཁྲ་རིག་རིག་གི་ཚོང་ཟོག་གིས་གདོད་མ་ནས་དྭངས་ཤིང་གསལ་བའི་ངའི་མིག་ཟུང་སུན་པོར་བཟོ་མྱོང་། འོན་ཀྱང་དེ་རིང་ནི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པ་འདྲ་སྟེ་ཁྲོམ་སྲང་དུ་མི་གཅིག་ཀྱང་མེད་པར་མ་ཟད་ཤོག་ཧྲུལ་ཁ་ཤས་བར་སྣང་ལ་རླུང་གིས་འཁུར་གྱིན་འདུག་པས་ཁེར་རྐྱང་ཞེས་པའི་འཚོ་བ་དེའི་བྲོ་བའང་མི་རོལ་ག་མེད་ཡིན་པའི་སྣང་བ་ཞིག་སྟེར། ངས་རང་ཉིད་ཀྱི་མིག་ཤེས་འཁྲུལ་བ་མིན་ནམ་སྙམ་སྟེ་མིག་ཟུང་ལ་ཕུར་ཕུར་ཞིག་བྱས་པ་ན་བསམ་ཡུལ་ལས་འདས་པར་ཁྲོམ་སྲང་དུ་ཤ་མདོག་དང་ལས་རིགས་མི་འདྲ་བའི་མི་ཁྲི་སྟོང་ཞིག་འདུས་འདུག་ལ་ཀུན་གྱིས་ལྕགས་ཐག་གིས་དམ་པོར་བསྡམས་པའི་བུད་མེད་ཅིག་རུབ་བཞིན་མཆིས།
དྲག་ཆས་སྤྲས་པའི་སྐྱེ་བོ་ཞིག་(ཕལ་ཆེར་ཁོ་ནི་ནག་ཚོགས་ཀྱི་འགོ་དཔོན་ཞིག་ཡིན་པ་འདྲ)གིས་སྐད་གསེང་མཐོན་པོས་“འདི་ནི་རང་རེའི་བདེ་སྐྱིད་ཀྱི་འཚོ་བར་བར་ཆད་གཏོང་མཁན་གྱི་ཡུགས་མོ་ཞིག་ཡིན། མི་གསོད་རང་འཁྲིད་རྒྱུའི་ལས་འགན་དེ་མི་ཕོ་ངས་དང་དུ་ལེན་གྱིན་ཡོད་ལ་དེར་རྒྱབ་སྐྱོར་བྱེད་པའི་ལས་འགན་དེ་ཁྱེད་ཚོས་དང་ལེན་བྱེད་རོགས་མཛོད”ཟེར། ངས་སླར་ཡང་རང་གི་མིག་ཟུང་ཕུར་ཕུར་ཞིག་བྱས་པ་ན་ཡུགས་མོ་དེ་སྐྱེ་ཕོ་ཞིག་ཏུ་གྱུར་འདུག་ཅིང་ཁོ་ལས་གཞན་མཐའ་འཁོར་དུ་མི་གཅིག་ཀྱང་མི་འདུག ལྷག་པར་དུ་ཁོ་ནི་ང་ལ་ཨ་མའི་རུས་ཐལ་སྤྲོད་མཁན་གྱི་བོད་པ་དེ་རེད། ཁོས་རང་ལུས་སྡོམ་བྱེད་ཀྱི་ལྕགས་ཐག་དེ་དྲུད་ནས་ཡར་ཉུལ་མར་ཉུལ་འགའ་བྱས་ཤིང་རིམ་གྱིས་ཁོའི་ཤ་ཁྲག་དུམ་བུ་རེ་རེ་བཞིན་ས་ལ་འཐོར་ཏེ་ཀེང་རུས་གཅིག་བུར་གྱུར། ཀེང་རུས་དེས་ཤུགས་ཆེན་པོས“མ་ཡུམ-”ཞེས་ཐེངས་འགར་བོས་མ་ཐག་ངས་དབང་མེད་དུ་སྐྲག་འདར་འགའ་རྒྱག་དགོས་བྱུང་ཞིང་ལྟག་རྒྱབ་ནས་ལག་པ་འཁྱག་པོ་ཞིག་གིས་བདག་གི་མིག་ཟུང་བསྒྲིབས་བྱུང་། ལག་པ་དེ་ནི་ཨ་མོའི་ལག་པ་རེད།
“མེ་ལྕེ་ལགས།དཔའ་རྒོད་ཅིག་གིས་རྐུན་མ་རི་ལོ་བཟུང་སྟེ་ཁྲིམས་ལ་སྦྱར་འདུག འོན་ཀྱང་ཡིད་ཕངས་པ་ཞིག་ལ་ཁོའི་ལག་ཏུ་འཁྲབ་གཞུང་མི་འདུག”
“དཔའ་རྒོད་དེ་སུ་རེད”
“དཔའ་རྒོད་དེ་ཀུན་སྤྱོད་རེད། ཁོའི་མིག་དང་རྣ་བ། འདོམས་དང་ལག་པ་ཚུད་པའི་དབང་བོ་ཚང་མ་མི་རྣམས་ལ་ལྟ་རྟོག་བྱེད་པའི་ཚན་རྩལ་གྱི་ཐོན་རྫས་རེ་རེ་དང་འདྲ། ཁོས་རི་ལོ་སྨྱོ་ནད་ཅན་གྱི་སྐྱེ་བོ་ཞིག་གི་རུམ་ནས་རྙེད་པ་རེད།”
ཀུན་སྤྱོད་ཟེར་བའི་མི་དེ་ངས་སྔོན་ཆད་ཐེངས་མང་བོར་མཐོང་མྱོང་། ཁོས་རང་བྱུང་ཁམས་ནི་བསམ་གྱིས་མི་ཁྱབ་པའི་དབྱིབས་དང་ཁ་དོག་གིས་གྲུབ་ལ་དེའི་མཛེས་སྡུག་ལོངས་སུ་སྤྱོད་མཁན་དག་གིས་དེ་ཉིད་སྲུང་སྐྱོབ་བྱེད་དགོས་ཚུལ་ཐེངས་མང་བོར་གླེང་མྱོང་།
ཉིན་ཞིག་གི་ཕྱི་དྲོར།ཁོའི་བུ་ཆུང་བས་ཁོང་ཚང་གི་སྒོ་འགྲམ་གྱི་སྡོང་ཕྲུག་སྙིང་རྗེ་བོ་དེའི་ལོ་འདབ་ཡོངས་སུ་བཅད་པས་ཁོས་དེ་མ་ཉིད་དུ་བུ་ཆུང་བའི་དཔྲལ་བར་སྟེ་རེ་གཞུས་ཏེ་ལྔ་བའི་ལམ་དུ་བསྐྱལ། ཕྱིས་སུ་ཟླ་བ་འགའི་རིང་ལ་བསྟུད་མར་ཁ་བ་བབས་ནས་འབུད་ཤིང་དང་རྡོ་སོལ་ཡོངས་སུ་ཚར་དུས་ཁོས་སྒོ་འགྲམ་གྱི་སྡོང་ཕྲུག་སྙིང་རྗེ་བོ་དེ་དུམ་བུར་གཏུབས་ཏེ་མེ་ལ་བུས།གང་ལྟར་ཁོ་ནི་ངོ་མ་དཔའ་རྒོད་ཅིག་རེད།
ཨ་མོས་མུ་མཐུད་དུ་བཤད་རྒྱུར“སང་ཉིན་ཞོགས་པར་རི་ལོའི་གྱོད་དོན་ལ་ཞིབ་བཤེར་བྱེད་པའི་ཚོགས་ཆེན་བསྡུ་རྒྱུ་རེད། གལ་ཏེ་ཁྱོད་རང་ང་ལ་དགའ་ན…།”མིན། གལ་ཏེ་ཁྱོད་རང་འཁྲབ་གཞུང་དེར་དགའ་ན་ཅིས་ཀྱང་ཚོགས་རར་ཞུགས་དགོས། ཁྱོད་ཀྱིས་འཁྲང་གཞུང་དེ་ལས་སླར་ཡང་ཨ་མའི་རུས་ཐལ་རྙེད་འདོད་དམ། མེ་ལྕེ་ལགས། དཔའ་རྒོད་དེ་དང་ཁྱོད་གཉིས་ཀྱིས་མནའ་ཤག་བསྒྲིག་ན་ཇི་འདྲ་འདུག … ..’’
ངས་ཁོ་མོར་ཁ་ཡང་མ་བྱས་པས་ང་རང་གཉིད་དུ་ཡུར་སོང་།རྨི་ལམ་དུ་ཁེངས་ཉམས་ཆེ་བའི་ཁྲིམས་དཔོན་ཞིག་གིས་ལྟད་མོ་བའི་ཕྱོགས་སུ་མིག་ཟུར་འཕེན་ཞོར་དུ་རི་ལོར་འདྲི་གཅོད་བྱེད་ཀྱིན་པའི་མི་དེ་ལ་“ཁ་རོག་སྡོད”ཟེར་གྱིན་འདུག དེའང་ལྟད་མོ་བའི་ཁྲོད་དུ་ཁོ་རང་ཆེས་དགའ་སའི་བུད་མེད་དེ་ཡོད།
མཚམས་ཤིག་ནས་རི་ལོས་ཨམ་ཕྲག་ཏུ་ལག་སྙོབས་འགའ་བྱས་ཏེ་ཤོག་བུ་བརྩེགས་མ་ཞིག་བཏོན་ཡོང་། ཁོ་ན་རེ “ཁྲིམས་དཔོན་ལགས། དྲང་མོར་བཤད་ན་ཁོ་ཚོས་བཤད་པ་ནོར་མེད། འཁྲབ་གཞུང་དེ་རྐུ་མཁན་ང་ཡིན། ཡིན་ཡང་ཁྱོད་ཚོས་ང་ལ་ཆད་པ་གཅོད་མི་འོས་ཏེ་འཁྲབ་གཞུང་འདིས་ངའི་སེམས་སུ་གོས་ཆས་ལེགས་པོ་ཞིག་གི་ནུས་པ་ཐོན་ཡོད། དེའང་ངས་འཁྲབ་གཞུང་འདིར་བརྟེན་ནས་བྲག་ཡེར་བའི་གསུང་རབ་ཀྱི་སྐུ་རགས་གསར་བ་ཞིག་ཏུ་བརྗེ་འདོད་པ་ཡིན།རྒྱུ་མཚན་ནི་ལྷ་སར་ཤིག་དང་མུན་པའི་འཇིགས་པ་བྱུང་འདུག”
ཁྲིམས་དཔོན་གྱིས་ཤོག་བུ་བརྩེགས་མ་དེར་ཐེངས་འགའ་བལྟས་ཏེ “མ་གཞི་སྙན་གྲགས་ཆེ་བའི་འཁྲབ་གཞུང་འདི་ནི་ཤོག་སྟོང་བརྩེགས་མ་ཞིག་རེད་ཨང་”ཟེར་ཞིང་ཚང་མ་ཚོགས་རར་གཙུབས་པས་མི་རྣམས་ཀྱིས་དེ་དག་ཤོག་དངུལ་ཇི་བཞིན་འཕྲོག་རྩོད་བྱས། ངས་ཀྱང་རྒས་མོ་ཞིག་གིས་འཛིན་ལ་ཉེ་བའི་ཤོག་བུ་མཐའ་གཅིག་གི་ཕྱོགས་སུ་ལག་པ་བསྲིངས་པ་ན་མཐར་དེ་དུམ་བུ་གཉིས་སུ་གྱུར་ཏེ་ང་ལའང་དུམ་བུ་ཞིག་ཐོབ་བྱུང་། དེ་འཕྲལ་རི་ལོས་སྐད་གསེང་མཐོན་པོས་ “རྒས་མོ་དེ་ལ་ཐོབ་པ་ནི་འོད་ཟེར་དང་ཁྱོད་ལ་ཐོབ་པ་ནི་མུན་ནག་རེད། ད་ལྟ་ཁོ་མོར་འཁྲབ་གཞུང་ངན་པ་ཞིག་དདང་འོད་ཟེར་ཞིག་ཐོབ་བྱུང་། ཁྱོད་ལ་ཤོག་སྟོང་ཞིག་དང་མུན་ནག་ཅིག་ཐོབ་བྱུང་། ཁོ་མོ་ནི་ཁྱོད་ཀྱི་མ་ཡུམ་རེད། ཁྱོད་ནི་འཁྲབ་གཞུང་དེའི་ཁྲོད་ཀྱི་མི་སྣ་ཞིག་རེད། རྒྱ་ཆེ་བའི་ལྟད་མོ་བ་རྣམ་པ། གཤམ་ནས་འཁྲབ་གཞུང་འདིའི་ནང་དོན་རགས་ཙམ་ཁྱེད་ཅིག་གི་མཐོང་ལམ་ཏུ་མངོན་རྒྱུ་རེད། ངའི་ཉེས་པའང་ཡོངས་སུ་དག་རྒྱུ་རེད།”ཟེར།
སྐབས་དེར་རྒས་མོ་དེས་ཤོག་བུ་དུམ་བུ་དེ་རྒས་མོ་གཞན་ཞིག་ལ་སྤྲད་བྱུང་། མོས་ཤོག་བུ་དུམ་བུ་དེ་སིལ་བུར་གཤགས་ནས་“ངས་འོད་ཟེར་ལ་བརྙས་བཅོས་བྱེད་རྒྱུ་ཡིན། འཁྲབ་གཞུང་ངོ་མ་འདི་གར་ཡོད།”ཅེས་རུམ་ནས་ཕྲེང་བ་ཞིག་བླངས་བྱུང་། ཕྲེང་བ་དེར་ཕྲེང་རྡོག་སུམ་ཅུ་སོ་བཞི་ཡོད་ལ་དེ་ནི་དབྱངས་གསལ་སོ་བཞི་རེད། ཕྲེང་བའི་མདོ་འཛིན་གྱི་མིང་ལ་མ་ཡུམ་ཟེར། དེ་མ་ཐག་ཨ་མོ་ལྟད་མོ་བའི་ཁྲོད་ནས་ཡར་བརྒྱུགས་ཡོང་སྟེ་ཕྲེང་བ་དེ་ལ་འཐམས་ནས་ངུ་འབོད་ལ་བྲེལ། ཁྲིམས་དཔོན་གྱིས “ཨ་མོ། ཁྱོད་ཀྱིས་གསར་གཏོད་བྱས་པའི་འཁྲབ་གཞུང་དེ་རྒྱལ་ཁབ་ཀྱིས་གཞུང་བཞེས་བྱས་པ་ཡིན།འོན་ཀྱང་ང་ཚོས་རི་ལོའི་འདོད་པ་བཞིན་དེའི་ནང་དོན་རགས་ཙམ་ལྟད་མོ་བར་རྒྱུས་ལོན་བྱེད་དུ་འཇུག་ཆོག ཨོ། ད་དུང་གསལ་བོར་འདྲི་རྒྱུ་ཞིག་ལ་ཕྲེང་བ་བཟུང་བའི་རྒས་མོ་དེ་སུ་རེད། ”ཟེར།
“རི་ལོའི་མ་ཡུམ་རེད”ཨ་མོས་ལན་བཏབ།
སྐབས་དེར་ཚོགས་ར་དེའི་སྒོ་ཆེན་རང་ཤུགས་ཀྱིས་ཕྱེས་ཤིང་དེ་ལས་ཕྱི་རོལ་གྱི་མི་ཁྲི་འབུམ་མང་བོའི་མིག་ཟུང་མངོན། ཁྲིམས་དཔོན་གྱིས “སྒོ་ཆེན་འདི་ནི་འཁྲབ་ཡོལ་ཡིན། ང་ཚོ་ཚང་མ་འཁྲབ་པར་གྱུར་ཚར།”ཟེར།
འཁྲབ་གཞུང་དེའི་བརྗོད་གཞི་གཙོ་བོ་ནི་ང་འཇིམ་བཟོས་ཀྱི་བུད་མེད་ཅིག་ལ་འཐམས་རྒྱུ་དེ་རེད། བུད་མེད་དེའི་དགྱེས་འཛུམ་གྱི་ཞལ་རས་དེ་མེ་ལོང་ཞིག་དང་འདྲ། ངས་དེ་ལས་ང་དང་འདྲ་བའི་སྐྱེ་བོ་ཞིག་མཐོང་། ཁོས་རང་ཉིད་མཚམས་སྦྱོར་བྱས་རྗེས “བུད་མེད་འདི་ནི་རྗེ་བཙུན་སྒྲོལ་མ་རེད། ཁོ་མོའི་དབུ་ན་ཆར་འབེབས་པའི་གཏེར་ཡོད། ཁོ་མོའི་ནུ་མ་གཡས་པ་བྱིས་པ་འབྱུང་བའི་གཏེར་ཡོད། ཁོ་མོའི་ནུ་མ་གཡོན་པ་ན་ཚེ་ཆུའི་གཏེར་ཡོད། ཁོ་མོའི་བྷ་ག་ན་གཙང་བོ་དང་ས་ཞིང་གི་གཏེར་ཡོད། ཁོ་མོའི་ཁྲག་དང་རུས་པ་རུ་སྙན་ངག་གི་གཏེར་ཡོད།”ཟེར། ངས་ཁོ་མོ་བྲང་ཁ་རུ་དམ་དུ་སྦྱར་བ་ན་ལྟད་མོ་བ་ཚང་མས་དགའ་བསུ་དཔེ་མེད་པ་བྱས་ཤིང་དེ་མ་ཉིད་དུ་འཁྲབ་ཚན་ཚང་མ་མཇུག་གྲིལ་བའི་བརྡ་རུ་འཁྲབ་ཡོལ་བརྒྱབ། སྐབས་དེར་ང་རང་ཉིད་ཀྱང་འཇིམ་སྐུ་ཞིག་ཏུ་གྱུར་ཚར་འདུག
རྨི་ལམ་དེ་ཐེངས་འགར་བསྐྱར་ཟློས་བྱས་རྗེས་ང་རང་གཉིད་ལས་སད་ཅིང་དེ་ནི་ཕྱི་ཉིན་གྱི་མཚན་མོ་རེད།ཨ་མོ་ཤོག་དངུལ་མང་བོའི་གསེབ་ན་མིག་ཟུང་ཡང་འབྱེད་འཛུམ་མེད་པར་ལུས་འདུག མོས“ཁྱོད་ཀྱིས་འཁྲབ་སྟོན་བྱས་པ་ལེགས་པས་ང་ལ་རྩོམ་ཡོན་འདི་འདྲ་མང་བོ་ཞིག་རག་བྱུང་”ཟེར།
“འོ་ན་རྨི་ལམ?”
མོས་ཁོང་དགོད་ཅིག་བྱས་རྗེས་ཏེ་“ཁྱོད་ཀྱི་རྨི་ལམ་ནི་རི་ལོ་ཁྲིམས་ལ་སྦྱར་མཁན་གྱི་དཔའ་རྒོད་གཞན་ཞིག་རེད། ཁྱོད་ཀྱིས་སོམས་དང་། ཁྱོད་ལ་རྨི་ལམ་མེད་དུས་རི་ལོར་རང་དབང་ལྡན”ཟེར།
མོས་ང་རང་ཅི་བྱ་གཏོལ་མེད་དུ་བཏང་བས་ཅུང་ཙམ་འགོར་རྗེས་ངས་ཐེ་བར་ཁ་པར་ཞིག་བརྒྱབ།
ཁོ་ན་རེ “ཁྱོད་ཀྱི་རྩོམ་པ་པོ་ལའང་ཁྱོད་དང་འདྲ་བར་ཀླད་རྡིབ་བྱུང་འདུག”
10.ཡུལ་ལྗོངས།
བུ་མོ་འདིས་གཟབ་ནན་ངང་ཐག་རིང་གི་གླུ་སྐད་དེའི་ཕྱོགས་ལ་རྣ་བ་བླགས་ཀྱིན་པའི་དུས་སུ་ལུང་བ་ཆུང་ཆུང་རེར་འཐུལ་བའི་འབྲུ་ཤུག་དང་ཁ་བཏགས་བསྲེགས་པའི་བསུང་ངད་དེ་ཕྱོགས་གཅིག་ཏུ་འདུས་ནས་མོའི་མདུན་གྱི་སྨུག་པ་ཟ་ཟི་དེ་རུ་ཐིམ་སོང་། འཇའ་ཚོན་གྱིས་རྒྱབ་ལྗོངས་བྱས་པའི་རླུང་རྟ་མང་བོ་ས་གཞི་ལྗང་ཁུ་དེའི་པང་དུ་ལྷུང་བ་དང་ཐག་རིང་གི་གླུ་སྐད་དེའང་བུ་མོ་འདིའི་ཆེས་ཉེ་སར་འབྱོར།
བུ་མོ་འདིའི་མིང་ལ་ཆོས་སྐྱིད་ཟེར་ཡང་སྲིད། བྲག་རི་དམར་བོས་བསགས་པའི་གཏམ་རྒྱུད་ཁ་ཤས་ལ་གཡོ་འགུལ་ཐེབས།
ཁོ་མོའི་འཛུམ་མདངས་དྭངས་མོ་སྐེག་ཚོས་མ་བྱུགས་པའི་ངོ་གདོང་དུ་མངོན་པར་གླུ་གཞས་གཏོང་མཁན་གྱི་གཞོན་ནུ་དེའི་ལག་གི་ནོར་བུ་ལན། དེ་ལས་གཏེར་རྡོའི་སྟེང་ན་གཉིད་དུ་ཡུར་བའི་མི་རྒོད་དང་། གངས་རིར་འཕྲོས་པའི་ཉི་འོད་འཐུ་མཁན་གྱི་རི་དྭགས། མཚོ་འགྲམ་དུ་རྩྭའི་སྤྱིལ་བུ་ཕུབ་སྟེ་ནོར་བུ་ལེན་པར་སོང་བའི་ཁྱོ་བོ་སྒུག་མཁན་གྱི་ལང་ཚོ་མ་སོགས་རེས་མོས་སུ་མངོན།
གཞོན་ནུ་དེ་ན་རེ“ངས་འཚོལ་གྱིན་པ་ནི་བུ་མོ་དེའི་རྒྱབ་ནས་སྦྲ་ནག་ཆུང་ཆུང་ཞིག་གི་སྒོར་ཐེན་པའི་ལམ་ཕྲན་གྱ་གྱུ་དེ་ཡིན། སྦྲ་ནག་དེ་རུ་རྒས་མོ་སེམས་བཟང་མ་ཞིག་གིས་མོ་ལ་བག་ལྭ་བཟོ་བྱེད་ཀྱི་ཚ་རུ་གཉེད་ཀྱིན་འདུག”
བུ་མོ་དེ་ན་རེ“མི་འགྱངས་པར་ང་རང་གནས་ལ་འགྲོ་དགོས།དུས་དེར་གཞོན་ནུ་འདི་ང་ལ་ཁ་གཡང་བརྗོད་མཁན་གྱི་སྐྱེ་བོ་ཚོའི་ཁྲོད་དུ་ཡོད་ན་ཅི་མ་རུང”
རམ་འདེགས་བྱེད་མཁན་གྱི་རོལ་དབྱངས་ཀྱང་མེད། ཉི་འོད་གཙང་མའི་ཁྲོད་དུ་ལས་དབང་ལ་བསླད་པའི་ངོ་གདོང་གཉིས་མཉམ་དུ་འཛོམས།
ཁོང་གཉིས་ཀྱི་ཐུན་མོང་གི་འདུན་མ་ནི་ལྕི་འདམ་གྱིས་གྲུབ་པའི་འབྲོག་ལྷས་ཤིག་གཅེས་པར་སྐྱོང་བ་དེ་ཡིན།
འབྲོག་ལྷས་དེ་དུར་ཁྲོད་ཅིག་ཏུ་གྱུར་ནས་ང་ཚོར་དབང་བའི་ལོ་ཟླ་ཞིག་རྒས་ཤིང་འཁོག་དུས་མེ་ལྕེ་ཟེར་བའི་མི་སྣ་ཞིག་ཀྱང་འཁྲུངས་ཚར་འདུག
11 . གཏམ་རྒྱུད།
“གཞུ་དང་རལ་གྲིའི་འོད་ཟེར་གྱི་འོག་ནས་མ་ཡུམ་དེས་སེམས་ཁྲལ་མེད་པར་ངལ་གསོ་བྱས་ཡོད… …”
ཚིག་དུམ་འདི་ཆེས་ཐོག་མར་མཐོང་མཁན་ནི་ལྷ་མོ་ཆོས་སྒྲོལ་ཡིན་ལ་མོས་འདིའི་ཕྱོགས་ལ་བསམ་བློ་བཏང་མ་ཚར་གོང་དུ་རི་ལོ་ཕྱིར་ཕ་ཡུལ་དུ་སླེབས་བྱུང་།
ཉིན་དེར་རི་ལོའི་ཨ་མས་རི་བོ་ཆེན་པོ་ཞིག་གི་ཕྱོགས་སུ་མགོ་བོ་དུད་དེ་འཁྲབ་གཞུང་གཞན་དག་ལག་ཏུ་ཤོར་བར་མྱ་ངན་བྱེད་ཀྱིན་འདུག
མྱ་ངན་བྱས་ཀྱིན་བྱས་ཀྱིན་མོ་ལ་སེམས་ནད་ཁྱད་པར་བ་ཞིག་བྱུང་ཞིང་མཐའ་མར་སེམས་ནད་དེ་སྐྲན་ནད་དུ་གྱུར་ནས་མོ་ཚེ་ལས་འདས་སོང་། མོས་འཆི་ཁར“འཁྲབ་གཞུང་དེའི་བརྗོད་གཞི་ནི་མི་ཞིག་འཇིམ་བཟོས་ཀྱི་བུད་མེད་ཅིག་ལ་འཐམས་རྒྱུ་དེ་མ་ཡིན་པར་རྒན་པོ་ཞིག་གིས་གཅིག་བུར་མིག་སྐྱག་དབྱི་རྒྱུ་ཡིན་ན་ཅི་མ་རུང་”ཟེར། རི་ལོས་ཨ་མས་མིག་ཟུང་བཙུམས་མ་ཐག་ཁྱིམ་གྱི་མཆོད་ཁྲིའི་སྟེང་དུ་གསལ་ཞིང་དྭངས་པའི་མར་མེ་གསུམ་བསྒྲོན་ཞིང་“མར་མེ་འདི་དག་ནི་བསེ་རུས་བརྩམས་པའི་སྒྲུང་གཏམ་<<སྒྲོན་མེའི>>ནང་གི་རྒྱལ་སྲས་སྐུ་མཆེད་གསུམ་པོ་ཡིན་པས་ཨ་མ་ཁྱེད་ཀྱིས་སླར་ཡང་འཇིག་རྟེན་ཞེས་པ་ཇི་འདྲ་ཞིག་ཡིན་པ་ཉམས་སུ་མྱོང་རོགས”ཞེས་རི་བོ་ཆེན་པོ་གཞན་ཞིག་གི་ཕྱོགས་སུ་མགོ་བོ་དུད། སྐབས་དེར་ཁོང་ཚང་གི་སྦྲ་ནང་དུ་དུ་བ་ནག་པོ་ཞིག་འཐིམས། ལྷ་མོ་ཆོས་སྒྲོལ་གྱིས་དུ་བ་ནག་པོ་དེ་ཕྱི་རོལ་ནས་འོངས་པའི་དམག་དཔུང་ལྟ་བུ་ཞིག་ཏུ་བརྩིས་ཏེ“དུ་བ་འདི་ཤིན་ཏུ་མཁྲེགས་པའི་ལྕགས་རིགས་ཤིག་གི་ཁྱད་ཆོས་ལྡན”ཟེར་བ་ན་རི་ལོས“ལྕགས་རིགས་དེའང་ལྕགས་རི་གྲུབ་བྱེད་ཀྱི་རྫས་སུ་རུང་བས་འུ་གཉིས་ལྕགས་རི་ཞིག་གིས་བསྐོར་བྱུང་། སྙིང་གི་མཛའ་མོ། ལྕགས་རི་འདིའི་གདུག་རྩུབ་ཀྱི་རྐྱེན་པས་ངས་མ་ཡུམ་གྱི་རོའང་དུར་ཁྲོད་དུ་སྐྱེལ་མི་ཐུབ་”ཟེར།
དེ་ནས་བཟུང་བསྟུད་མར་ཉིན་འགའི་རིང་ལ་ཁོང་ཚང་གི་མཐའ་འཁོར་ནས་ཝ་བརྒྱལ་བའི་སྐད་ངན་ཁོ་ན་མངོན། ལྷ་མོ་ཆོས་སྒྲོལ་གྱིས་མེ་ལྕེའི་དབུལ་ཕངས་ཀྱིས་ལག་པ་རང་གི་བྲང་ལ་སྦྱར་བཞིན “མི་རབས་ནས་མི་རབས་བརྒྱུད་པའི་འཚོ་བ་འདི་བསམ་ན་བུ་མོ་ངའི་སེམས་ལྷག་པར་སྡུག ཁྱོད་ཀྱིས་སོམས་དང་། བྱིས་པའི་དུས་ཀྱི་རྩེད་ཡིད་དུ་འོངས་པ་དེ་ད་ལྟའི་དུས་ཀྱི་ཁྱིམ་གཞི་འདི་ཡིན་ནམ། མ་ཡུམ་མང་པོ་ཞིག་གོ་མེད་ཚོར་མེད་དུ་དག་པའི་ཞིང་དུ་སོང་ཤུལ་ན་བུ་མོ་ང་ནི་མྱ་ངན་མཚོན་བྱེད་ཀྱི་མེ་ཏོག་ནག་པོ་ཞིག་དང་འདྲ།
བགྲང་ལས་འདས་པའི་གངས་རི་དང་མཚོ་མོ་བགྲེས་སོང་དུ་གྱུར་ནས་བློ་རིག་མི་གསལ་བར་སོང་བས་ངས་ཨ་མའི་སློག་ཚར་དེར་ལྷན་པ་མང་བོ་ཞིག་བརྒྱབ་ནས་བེད་སྤྱོད་པ་མ་གཏོགས་རང་ལ་འཚམས་པའི་གོས་ལྭ་གསར་བ་ཞིག་བཟོ་མི་ཐུབ། ཆེས་མཐའ་མར་ངའི་བགྲོད་ལམ་ཉག་གཅིག་ནི་རང་སྲོག་གཅོད་པའམ་འགྲུལ་ཁང་ཞིག་གི་ཞབས་ཞུ་མ་བྱེད་པ་དེ་རེད།”ཟེར།
རི་ལོས “ངས་ཁྱོད་སྐྱོབ་རྒྱུ། ངས་ཁྱོད་སྐྱོབ་རྒྱུ།”ཞེས་རང་གི་ཁྲག་རྩ་མང་བོས་ཐག་པ་རིང་བོ་ཞིག་བསླེས་ཤིང་དེས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལྷ་མོ་ཆོས་སྒྲོལ་དང་སྦྲེལ།ཁོས་བློ་བཀོད་སྣ་ཚོགས་ཐེན་ནས་འཕྲུལ་ཆས་རིགས་ཤིག་གསར་གཏོད་བྱས་ཏེ་“ལྕགས་རི”ལས་ཐར་ཐབས་བྱས།ཉི་མ་དམར་བོ་ནུར་རི་ལས་ཡལ་ལ་ཉེ་བའི་ཕྱི་དྲོ་ཞིག་ལ་ཁོའི་དམིགས་ཡུལ་ཡོངས་སུ་འགྲུབ་ཟིན། ཤིན་ཏུ་བསིལ་བའི་མཁའ་རླུང་གིས་གཏམ་རྒྱུད་གསར་བ་ཞིག་གི་བྱུང་རིམ་འཆད་ཅིང་དེའི་མཛེས་སྡུག་ལ་སྲེད་པའི་རི་དྭགས་མང་བོས“ང་ཚོས་ཀྱང་རི་ལོ་དང་ལྷ་མོ་ཆོས་སྒྲོལ་ལྟར་ཕ་གིའི་ལྕགས་ཟམ་དེ་བརྒལ་ན་ཇི་འདྲ་འདུག”ཅེས་རྩེད་བྲོ་སྣ་ཚོགས་རྡུང་གིན་འདུག
འཇིག་རྟེན་འདིའི་གྲུ་ག་གཞན་ཞིག་ན་རྒན་པོ་ཞིག་གིས་དཀྱིལ་དཀྲུང་ངང་སྨྲ་ར་བྱིལ་བྱིལ་བྱེད་ཞོར་དུ་ཚད་མའི་གཞུང་གི་འགྲེལ་བ་ཞིག་ཀློག་བཞིན་མཆིས། ཁོས“ཨ་མའི་རོ། འདིའི་ནང་དུ་ངས་བོར་སོང་བའི་བྱིས་པ་ཚོའི་གྲིབ་མ་ཙམ་ཡང་མི་འདུག”ཟེར་བ་ན་མཆན་ཁུང་དུ་ཟ་འཕྲུག་ཁྱད་པར་བ་ཞིག་ལངས་པས་དཔེ་དེབ་དེ་ཡར་བསློག་མར་བསློག་བྱེད་སྤྱད་ཀྱི་མཛུབ་མོས་ཤིག་ཚོན་པོ་ཞིག་བླངས་ཏེ་སོ་བར་དུ་བཅུག་བྱུང་།
ལྷ་མོ་ཆོས་སྒྲོལ་གྱིས་ཉམས་དགའ་བའི་སྣང་ཚུལ་འགའ་མཚམས་མེད་དུ་ཉམས་སུ་མྱོང་གྱིན་འདུག་མོད་འོན་ཀྱང་རང་ཉིད་དོན་ངོ་མ་བཅིངས་འགྲོལ་ཐོབ་མེད་ཀྱི་སྐོར་ལ་ད་དུང་སོམ་ཉི་བྱེད་དགོས་བྱུང་།དེ་བས་སླར་ཡང་རང་ལུས་ལ་ཞིབ་བལྟ་ཞིག་བྱས་པ་ན་མོ་མཚན་གྱི་སྒོ་རུ་ལྕགས་ཟྭ་ཆུང་ཆུང་ཞིག་བརྒྱབ་འདུག་པ་ཝ་ལེར་མཐོང་།
སྐབས་དེར་ཚད་མའི་དཔེ་དེབ་ཀློག་བཞིན་པའི་རྒན་པོ་དེའང་ལྕགས་ཟྭ་ཆུང་ཆུང་ཞིག་ཏུ་གྱུར་འདུག
རི་ལོས་ལྷ་མོ་ཆོས་སྒྲོལ་གྱིས་རང་ལུས་ལ་ཞིབ་བཤེར་བྱེད་ཀྱིན་པ་ཚོར་ཏེ“མཛའ་མོ་ལགས། ང་ཚོས་ལྕགས་རི་ཞིག་བརྒལ་བ་ཙམ་གྱིས་ང་རྒྱལ་བྱེད་མི་འོས་ཏེ་རྒྱུ་མཚན་ནི་ང་ཚོ་ལྕགས་རི་གཞན་ཞིག་ལ་ཚུད་ཚར”ཟེར།
“དེས་ན་ངས་ཅི་ཞིག་བྱེད་དགོས།”
“ཁྱོད་ཀྱིས་ཕྲུ་གུ་ཞིག་བཙས་ཏེ་ཁོ་ལ་ཁྱོད་ཀྱི་ཕུ་བོར་འཕྲིན་ཡིག་ཅིག་སྐྱེལ་དུ་འཇུག་དགོས། དེ་ལྟར་མིན་ཚེ་རང་ཅག་གི་འཚོ་བར་སྙིང་བོ་བྲལ།”
“ངའི་ཕུ་བོ་གང་དུ་ཡོད། ཁོ་ད་དུང་གསོན་པོར་ཡོད་དམ།”
“ཁྱོད་ཀྱི་ཕུ་བོ་ནི་ཁ་སྔོན་རླངས་འཁོར་ནས་འོངས་པའི་གསར་བུ་དེ་རེད། ཁོ་ད་ལྟ་གྲོང་ཁྱེར་ཆེན་པོ་ཞིག་ཏུ་ཐབས་རྡུགས་ཀྱིས་བཞུགས་ཡོད། མཛའ་མོ་ལགས། ཁྱོད་ནི་ཟླ་བ་ཡིན་ན་ཁོ་ནི་ཉི་མ་རེད། ཁྱོད་ནི་རྒྱ་མཚོ་ཡིན་ན་ཁོ་ནི་ས་གཞི་རེད། ཁྱོད་ནི་དབྱངས་ཡིག་ཡིན་ན་ཁོ་ནི་གསལ་བྱེད་རེད།”
“དེས་ན་ཁྱོད་ནི་ཅི་ཞིག་ཡིན”
“ང་ནི་ཁྱོད་གཉིས་ཀྱི་བར་དུ་ཐེན་པའི་ཁ་པར་གྱི་སྐུད་པ་ཞིག་ལས་གཞན་ཅི་ཞིག་ཡིན”
“མིན། ཁྱོད་ནི་ངའི་ཚེ་སྲོག་གི་ཕྱེད་ཀ་སྟེ་ངའི་ལྕི་འདམ་གྱི་དྲི་མས་གོས་པའི་སེམས་པར་ཁྱོད་ཀྱི་བཅོས་བསླད་མེད་པའི་འཛུམ་མདངས་ཁོ་ན་མཁོ། ཇི་སྲིད་བར་དུ་ང་ནི་མཛངས་མ་ཞེས་པའི་མཚན་སྙན་ལ་ཤི་འཐམས་རོ་འཐམས་བྱེད་པའི་འབྲོག་མོ་ཞིག་ཡིན་པས་ཁྱོད་ཀྱིས་ང་རང་སྔར་གྱི་སྦྲེའུ་ཁྱིམ་ཆུང་ཆུང་དེ་རུ་འཁྲིད་རོགས་མཛོད། ངས་རང་དབང་ཞེས་པ་འདི་བཙལ་ནས་མི་རྙེད་པ་ཞིག་ཡིན་པ་ཤེས་བྱུང་།”
རི་ལོས་ལྷ་མོ་ཆོས་སྒྲོལ་གྱི་སེམས་ཁམས་ནི་འགྱུར་ལྡོག་འབྱུང་སླ་བའི་གནམ་གཤིས་ཤིག་ཡིན་པ་ཤེས་ཏེ “ང་འཁྱགས་བྱུང་།”ཟེར།
12.རྩོམ་པ་པོའི་ཆིག་ལབ།
ཀྱེ། སྒྱུ་རྩལ་གྱི་ལྷ་མོ། ཁྱོད་ཀྱིས་ང་ལ་ཅི་ཡང་གནང་རོགས། ཉིན་འདིར་ཁོ་བོས་རང་གཤིས་དང་འཚམས་པའི་སྨྱུ་གུ་འདི་སྐྱོར་གྱིན་ཁྱོད་ཉིད་ཁོ་ན་དྲན་ཡོད་དེ་གསར་བཟོ་བྱས་པའི་མི་སྣ་འདི་ཚོར་རྫོགས་མཐའ་མེད་པའི་ཡུལ་ལྗོངས་དག་དབང་ཡང་ང་རང་ཉིད་དབུལ་བོ་དབུལ་རྐྱང་དུ་གྱུར་འདུག
ཁོར་ཡུག་འདི་ལ་ཆེས་བྲིན་པ་ནི་ཆར་ཆུ་འཇིབས་མཁས་པའི་ཉི་ཟེར་ཚ་བོ་ཞིག་ཡིན་ལ་དེ་རོལ་བཞིན་པའི་རྡོ་དང་མི་རུས་ཙམ་ཞིག་རང་བྱུང་ཁམས་ལ་དབང་བའི་རྒྱུ་ནོར་ཁོ་ན་རེད།
ཡོད་ཚད་རྒས་འདུག ཐ་ན་འབྲོག་མོ་ཚོས་བཞོ་དབྱངས་ལེན་སའི་ལྷས་ར་དག་ལས་ཀྱང་དྲི་བསུང་རྙིང་བ་ཞིག་འཐུལ་བཞིན་མཆིས། མདུན་གྱི་གཙང་བོ་རུའང་སེམས་པ་རུལ་བའི་ཉ་མོ་འཁྱུག་གིན་འདུག འོན་ཀྱང་མེ་ལྕེའི་མ་ཡུམ་ནི་ང་ཚོའི་མ་ཡུམ་ཡིན། རི་ལོའི་མ་ཡུམ་ཡང་ང་ཚོའི་མ་ཡུམ་ཡིན། མ་ཡུམ་ཞེས་པའི་མཛེས་སྡུག་གི་ཞིང་སས་ང་ཚོར་ས་བོན་གསར་བ་ཞིག་འདེབས་པའི་བློ་སྤོབས་བསྩལ་བྱུང་། ཨ། གླུ་སྐད་གསར་བ་དང་འཇའ་ཚོན་གསར་བ། དེ་ལས་ཀྱང་ལྷག་པའི་ནམ་མཁའ་གསར་བ།
ལེའུ་གཉིས་པ། རླུང་།
རྟག་བརྟན་གྱི་བསིལ་རླུང་ཞིག་ལྕགས་རར་བཅུག་ནས།
སྲོག་གཅོད་ཀྱི་གྲི་ཆུང་རང་གི་བྲང་གཞུང་ལ་བརྡར།
–བཟི་བོ་ཞིག་གི་ཉིན་ཐོ་ལས་དྲངས།
1.ཡུལ་ལྗོངས།
ཕོ་བྲང་དང་ཡུལ་གྱར་བའི་རྐང་རྗེས་ཀྱིས་ཕྱུག་པའི་ཡུལ་གྲུ་འདི་ནི་སུས་ཀྱང་ཡིད་སྨོན་བྱེད་སའི་སྤང་ལྗོངས་ཤིག་ཡིན། འོན་ཀྱང་མེ་སྒྱོགས་དང་འགད་རྫས་ཀྱི་གདུག་རྩུབ་ཡུན་རིང་བཟོད་མཐར་འདི་ཡི་པང་དུ་འཁྱིལ་བའི་མཚོ་རྫིང་དག་ཀྱང་ནག་ཅིང་རྫོབ་པའི་གཤེར་ཁུ་རིགས་ཤིག་ཏུ་གྱུར་བྱུང་།
དུས་ཚོད་ཀྱི་གོམ་སྟབས་དང་བསྟུན་ནས་གཤེར་ཁུ་དེ་ལྷམ་ཧྲུལ་དང་འགྱིག་ཁུག་སྤུངས་པའི་ལུད་རྫས་ཀྱི་གསེང་དུ་བཞུར་ལ་མཐར་མར་ཀུན་གྱི་མིག་ལམ་དུ་མངོན་པ་ནི་དེ་ལས་འཁྲུངས་པའི་ལུས་སྟོད་སྦལ་བ་དང་ལུས་སྨད་ལྷམ་ཧྲུལ་ཡིན་པའི་སྲོག་ཆགས་དང་། གཤོག་པ་ཆུ་རྣག་གིས་བྱུགས་པའི་ངང་བ། རྭ་ཅོ་མེད་ཀྱང་ང་རྒྱལ་ཆེ་བའི་ཤྭ་བ། རྐང་མཐིལ་དང་ཀླད་པའི་གཙུག་ལ་དུས་རྒྱུན་པར་ཟ་འཕྲུག་ལངས་པའི་ཁྱི་རྒན་སོགས་རེད། སྤྲིན་པ་ནག་པོ་དེ་ཐེངས་འགར་འཁྲིགས་མོད་འོན་ཀྱང་དེས་སྦྲུམ་པ་ནི་གློག་འོད་དང་ལྕགས་ཀྱི་ཕྱེ་མ་ཡིན་པས་ཞིང་བ་མང་བོས་མཉམ་གཅིག་ཏུ“ཨར་འདམ་གྱི་གཞུང་ལམ་ལྟ་བུའི་བྱེ་ཐང་འདིས་ཁྱི་སྐྱག་གཏོང་ས་ལས་ཅི་ཞིག་ཉན”ཟེར། སྐབས་འགར་ཁོ་ཚོས་ཚ་ཞིང་ངར་བའི་རང་གི་སྡོད་ཁང་ལ་བྱིལ་བྱིལ་བྱེད་ཀྱིན་འདུག་མོད་ཐག་རིང་ན་རྟ་ལྕག་གི་སྒྲ་དང་ཉེན་རྟོག་པའི་ཞྭ་མོའི་འོད་ཟེར་ལས་ཅི་ཡང་མེད།ཁོ་ཚོའི་ཕྲག་པར་བབས་པའི་ཕུག་རོན་རྒས་པོ་དག་གིས་ཀྱང་ “ཅི་ཡང་མེད”ཟེར།
ཡིན་ནའང་བྱམས་བརྩེ་འཛོམས་པའི་རླུང་བུ་མཚམས་མེད་དུ་ལྡང་བྱུང་། ལྡང་ནས་ཀྱང་མི་རྣམས་ལ་སྔོན་ཆད་ཀྱི་འཚོ་བར་རྗེས་དྲན་བྱེད་པའི་བསམ་བློ་གསར་བ་ཞིག་གནང་བྱུང་།
བྲག་རི་དམར་བོའི་ངོས་ན་འཇིག་གིན་པའི་མ་ཎིའི་བྲིས་རིས་དེ་རྐང་ལག་མེད་ཀྱང་ཕྱག་འཚལ་ནས་ལྷ་སར་འགྲོ་འདོད་པའི་དད་ལྡན་ཞིག་གི་སྡུག་བསྔལ་དང་འདྲ། དམྱལ་ཁམས་ལས་ཐར་མ་ཐག་པའི་དམག་མི་འགའ་ཡུགས་མོ་ཞིག་གི་བེམ་རོའི་ཕག་ཏུ་སྦེད་ནས་ལྷབ་ལྷུབ་ཏུ་འདར་གྱིན་འདུག མགོ་ལུས་མང་བའི་འབུ་སྲིན་གྱིས་ཡིག་ཆ་དང་འདུག་སྟེགས་ལ་ཧད་པའི་འགོ་ཁྲིད་ཚོ་གཉིད་དུ་ཡུར་བའི་སྐབས་དང་བསྟུན་ནས་འབྲུ་རིགས་དང་སྨན་རྫས་ཀྱི་མཛོད་ཁང་ནང་དུག་རིགས་དང་གཅིན་སྐྱག་དབྱེ་འབྱེད་དཀའ་བའི་རྫས་སྣ་མང་བོ་དབོར་ཡོང་།
མཚན་མོའི་དུས་ཀྱི་སྐར་མ་ལས་ཁྲག་ཐིགས་འཛག བུད་མེད་ཚོའི་ནུ་འབུར་ཀོ་བ་སྐམ་པོ་བཞིན་མཁྲེགས།ཡོད་ཚད་སྲ་ཞིང་གྱོང་བོར་གྱུར་བའི་བསྐལ་བའི་མཐར་མ་འདིར་ཕྱུགས་རིགས་ཀྱི་འོ་མའང་འདམ་ཁུ་རེད།
ཡིན་ནའང་བྱམས་བརྩེ་འཛོམས་པའི་རླུང་བུ་མཚམས་མེད་དུ་ལྡང་བྱུང་། ལྡང་ནས་ཀྱང་མི་རྣམས་ལ་སྔོན་ཆད་ཀྱི་འཚོ་བར་རྗེས་དྲན་བྱེད་པའི་བསམ་བློ་གསར་བ་ཞིག་གནང་བྱུང་།
ཟླུམ་པོའམ་ལེབ་མོ་ཡིན་པའི་ས་ཡི་གོ་ལ་འདིས་ཨུ་ཚུགས་དང་གཟབ་ནན་ངང་ཉི་མའི་དཀྱིལ་འཁོར་ལ་སྐོར་བ་གྲངས་མེད་བརྒྱབ་ཀྱང་ཆེས་མཐར་མར་ཁོ་རང་ཉིད་སྐྱོབ་ཐབས་བྲལ་བའི་ནད་པ་ཞིག་ཏུ་གྱུར་འདུག་པ་སུས་ཀྱང་གླེང་། སྔོན་ཆད་ཁ་དོག་སྣ་ལྔས་མཛེས་པའི་འཇའ་ཚོན་ཞེས་པ་དེ་ད་ལྟ་ཨ་རག་ཁོ་ན་བསྟུད་མར་ལོ་འགའ་ལ་འཐུང་བའི་བཟི་བོ་ཚོའ་རྨི་ལམ་དུ་ཟ་ཟི་ཞིག་མངོན་པ་མ་གཏོགས་སྐྱེ་བོ་གཞན་དག་གི་མཐོང་ལམ་དུ་བྱོན་མི་སྲིད། གྲོང་ཁྱེར་ཏེ་ལྕགས་དང་ཀུ་ཅོས་བཞེངས་པའི་ཡུལ་ཁམས་དེར་བུད་མེད་ཀྱི་མཚན་མ་དང་ཕོ་རྒོད་ཚོའི་མེ་མདའ་ལྟེ་བར་བྱས་པའི་དངོས་ཟོག་གི་ཚོགས་པ་ཞིག་གིས་མཛེ་ནད་དང་། ཐན་པ། ཁྱི་དུག་སོགས་བསུས་ཡོང་བར་མ་ཟད་སྤྲུལ་སྐུ་ཡིན་ཟེར་བའི་བྱིས་པ་ཡག་པོ་དག་ལའང་སྣབས་ལུག་ཏུ་བཅུག་པའི་ཁར་བསམ་དབང་དྲན་དབང་མེད་པར་གཅིན་སྐྱག་ཤོར་ཏུ་འང་བཅུག་སོང་། མི་ལ་ལས་སྒེའུ་ཁུང་སྲ་མོར་བརྒྱབ་ནས་གཅིག་བུར་འགྱིག་བཟོས་མོ་མཚན་ལོངས་སུ་སྤྱོད་ཀྱིན་འདུག་མོད་གློ་བུར་དུ་མི་ཞིག་གིས་སྒོ་རྡུང་བཞིན“དམག་འཁྲུག་ལངས་བྱུང་བས་མྱུར་དུ་དམག་ལྭ་ཆ་ཚང་ཞིག་གྱོན་ཏེ་ནད་ཡམས་རྟགས་ཅན་གྱི་སྲང་ལམ་དུ་ཤོག”ཟེར་ངེས།
ཡིན་ནའང་བྱམས་བརྩེ་འཛོམས་པའི་རླུང་བུ་མཚམས་མེད་དུ་ལྡང་བྱུང་། ལྡང་ནས་ཀྱང་མི་རྣམས་ལ་སྔོན་ཆད་ཀྱི་འཚོ་བར་རྗེས་དྲན་བྱེད་པའི་བསམ་བློ་གསར་བ་ཞིག་གནང་བྱུང་།
2 མེ་ལྕེའི་ཉིན་ཐོ།
ང་ནི་གྲོང་ཁྱེར་དང་རང་བྱུམ་ཁམས་ཆེན་པོའི་བར་དུ་བཙུགས་པའི་དར་ཆ་རལ་བོ་ཞིག་དང་ཟམ་པ་རྙིང་བ་ཞིག་ཡིན། འོན་ཀྱང་ཨ་མོས་ཉིན་རེ་རེ་བཞིན་འཇིག་རྟེན་འདིའི་ཡུལ་གྲུ་གང་ལས་ཀྱང་ཁྱོད་ལས་ལྷག་པའི་སྐྱེས་བུ་དམ་པ་ཞིག་རྙེད་མི་ཐུབ་ཅེས་ང་ལ་ངོ་བསྟོད་བྱེད་པར་མ་ཟད་མཚམས་ལན་རེར་ངའི་ཚི་དྲེག་གིས་བཟུང་བའི་རྐང་བ་རྫོབ་པོ་གཉིས་ཀར་ངར་ཉིད་ངོ་མས་ཁྲུས་རྒྱག་པར་བྱེད། གལ་ཏེ་ངའི་གམ་དུ་བློབ་ཐུབ་ཀྱི་གྲོགས་པོ་ཞིག་ཡོད་ཚེ་ཁོས་ང་ལ“ཨ་མོ་ཁྱོད་ལ་ཚད་མེད་པ་ཞིག་དགའ་བཞིན་འདུག”ཟེར་སྲིད་མོད་ང་རང་གི་སྣང་ངོར་ཁོ་མོས་ང་ལ་འདི་ལྟར་ཉེ་བོ་བྱེད་པ་ནི་གོ་སྐབས་ལེགས་པོར་འཁེལ་བའི་ཉིན་མོ་ཞིག་ལ་ངའི་སྙིང་དང་མཆིན་པ་སོགས་ཁྲག་དྲོན་གྱིས་བཟུང་ནང་ཁྲོལ་དག་མོ་རང་གི་ཁ་ཟས་སུ་འགྱུར་བར་དམིགས་པ་འདྲ།གང་ལྟར་ཁོ་མོར་ཆེས་མཁོ་བ་ནི་དྲོད་ཁྲག འདོད་ཆགས་དང་རླུང་གིས་གཙོས་པའི་ཚེ་སྲོག་ཅིག་ཡིན།
ཉིན་འདིར་ཁྲོམ་སྲང་དུ་ཚ་གདུག་ཧ་ཅང་ཆེ་ཞིང་དེ་ལ་རྣོ་ལྕགས་དང་ཨར་འདམ་གྱི་ཁྱད་ཆོས་སམ་རང་གཤིས་ལྡན། མགོ་ཐོག་ཏུ་འཐིམས་པའི་དུ་སྤྲིན་ནི་བཙོན་ཁང་ཆེན་པོ་ཞིག་གི་ཁང་ཀླད་དང་འདྲ་ལ་དེས་ང་རང་ཚུད་པའི་སྐྱེ་བོ་ཀུན་ལ་བཙན་ཤེད་ཀྱི་ངང་ནས་ལྟ་རྟོག་བྱས་ཡོད། དེའི་འོག་གི་མཁའ་དབུགས་བཙོག་པོ་དེ་ནི་ང་ཚོ་ཚང་མས་ཐུན་མོང་དུ་རྔུབ་དགོས་པའི་འཚོ་བཅུད་ཅིག་ཡིན། མི་སུ་ཞིག་གིས་དུ་སྤྲིན་དེའི་འོག་ནས་འཚོ་བའི་མི་རོལ་བའམ་མཁའ་དབུགས་དེ་མི་རྔུབ་པ་ཡིན་ན་ཁོ་ལ་ཐོབ་པའི་འབྲས་བུ་ནི་འཆི་བདག་ལ་མཇལ་རྒྱུ་རང་རེད། དེ་བས་ང་ཚོར་རང་དབང་མེད་ལ་བདེ་སྐྱིད་ཀྱང་མེད། ང་ཚོའི་མིག་ནི་རང་ལ་བརྒྱབ་པའི་ལྕགས་སྒྲོག་རེད། ང་ཚོའི་ཕོ་བ་ནི་རང་ལ་བཀལ་བའི་རྡོག་ཁྲེས་རེད། མདོར་བསྡུས་ན་ང་ཚོ་ནི་དལ་བརྒྱད་འབྱོར་བཅུ་ཚང་བའི་འགྲོ་བ་མི་མ་ཡིན་པར་དུག་སྦྲུལ་དང་གླང་ཆེན། འབུད་ཤིང་། གློག་རྫས། གྲིབ་གཟུགས། ནད་ཡམས། གྲོག་མ། འདྲེ་སྲིན་བཅས་རེད། ང་ཛོས་འདུག་སྟེགས་ཤིག་དང་ཁ་ཟས་ཙམ་གྱི་ཕྱིར་དུ་ཕན་ཚུན་ལ་དགེ་རྒན་དང་། སྐུ་ངོ་། འགོ་བ། སྦྱིན་བདག དམག་མི། སྙན་ངག་པ་སོགས་སུ་བོས་རུང་ང་ཚོ་སྦྲེལ་བྱེད་ཀྱི་ཐག་པ་ཕྲ་མོ་དེ་ཆད་ཚེ་ང་ཚོའི་བར་དུ་འབྲེལ་བ་ཅི་ཡང་མི་འདུག
ང་ཚོ་ཚང་མ་དམིགས་ཡུལ་མེད་པའི་ཁྱི་རྐུན་མཁྱམ་པོ་རེ་རེད། འོན་ཀྱང་ཨ་མོ་དང་བསྡུར་ན་ང་ཚོ་ཚང་མར་ལོངས་སུ་སྤྱོད་རྒྱུའི་དངོས་པོ་ཇི་འདྲའི་མང་བོ་ཞིག་ཡོད་པ་རེད་ཨང་། མཚམས་འདིར་ངས་རང་གིས་རང་ལ་སེམས་གྲོས་བྱས་ཏེ་ཚ་གདུག་འདིར་འཁོན་ལན་བསློག་ཕྱིར་གྲོང་ཁྱེར་དབུས་ཀྱི་མཚོ་རྫིང་དུ་ཆུ་རྩེད་བྱེད་དུ་འགྲོ་རྒྱུ་ཐག་བཅད། ཁྲུས་རྫིང་དེ་དང་མི་རིང་བའི་ས་ན་མེ་འཁོར་གྱི་ལྕགས་ལམ་རིགས་གཉིས་ཀྱི་བསྣོལ་མཚམས་ཡོད་ལ་གནས་དེར་སླེབས་ཐེངས་རེར་ངའི་སེམས་ལ་གནོན་དཀའ་བའི་བྲེད་ཤ་ཞིག་ལངས་འོངས། རྒྱུ་མཚན་དེ་གཉིས་ལས་གཅིག་ནི་མི་གསོན་པོ་སྡོད་སའི་མེ་འཁོར་གྱི་ལམ་དང་ཅིག་ཤོས་ནི་མི་ཤོ་བོ་སྡོད་སའི་མེ་འཁོར་གྱི་ལམ་ཡིན་ལ་ནམ་རྒྱུན་དེ་ལས་མཐོང་ཐུབ་པ་ནི་མེ་འཁོར་གྱི་ལམ་ནས་ཉལ་ཏེ་རང་སྲོག་གཅོད་མཁན་གྱི་སྐྱེ་བོ་ཁ་ཤས་ཀྱིས་རང་ཉིད་ཤི་མ་ཐག་ཤི་བོ་ཚོ་སྡོད་སའི་མེ་འཁོར་སྒུག་པ་དེ་རེད། འོན་ཀྱང་ཡིད་ཕངས་པ་ཞིག་ལ་ཁོ་ཚོས་རང་ཉིད་གང་དུ་འགྲོ་དགོས་པ་གཏན་ནས་མི་ཤེས་པར་མ་ཟད་སོང་རྗེས་ཅི་ཞིག་བྱེད་དགོས་པའང་ག་ལ་ཤེས།
དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་པ་འདྲ་སྟེ་ལྕགས་ལམ་སྟེང་དུ་རང་སྲོག་གཅོད་མཁན་གྱི་མི་གཅིག་ཀྱང་མི་འདུག ངས་ཉམས་དགའ་བའི་སྣང་ཚུལ་དེ་མཐོང་རྗེས་དོགས་སྣང་མེད་པར་ལྕགས་ལམ་བརྒལ་བ་ཡིན།
“ཝེ། ཞང་བོ་མེ་ལྕེ་ལགས།”
གློ་བུར་དུ་ངའི་རྒྱབ་ནས་མི་ཞིག་གི་འབོད་སྒྲ་གྲགས་བྱུང་། ངས་ཁ་ཕྱིར་འཁོར་བ་ན་ལོ་ན་དྲུག་བདུན་ཙམ་གྱི་བྱིས་པ་གཅེར་བུ་ཞིག་མི་ཚོགས་ཀྱི་ཁྲོད་ནས་ངའི་ཕྱོགས་སུ་ཡོང་གིན་འདུག ཁོས་ལག་གཡོན་པར་འོ་མ་ཤེལ་དམ་གང་དང་ལག་གཡས་པར་འཕྲིན་ཡིག་ཅིག་བཟུང་འདུག བསམ་ཡུལ་ལས་འདས་པར་ཁོས་ལྕགས་ལམ་གྱི་སྟེང་དུ་གོམ་པ་དང་པོ་སྤོས་མ་ཐག་ཤི་བོ་ཚོ་སྡོད་སའི་མེ་འཁོར་ཞིག་མགྱོགས་སྟབས་ཀྱིས་བརྒྱུགས་ཡོང་སྟེ་ཁོ་རང་དེ་མ་ཉིད་དུ་ལྔ་བའི་ལམ་དུ་བརྫངས། ཁོའི་ལག་གི་འཕྲིན་ཡིག་དེ་ལྕགས་ལམ་འགྲམ་གྱི་ཡུར་བའི་ནང་ལྷུང་། ངས་ཐབས་བརྒྱ་ཇུས་སྟོང་གིས་འཕྲིན་ཡིག་དེ་ཡར་བླངས་ནས་ཞིབ་བལྟ་ཞིག་བྱས། དེའི་ནང་དོན་ཆ་ཚང་ནི་འདི་ལྟ་སྟེ།
“ཐོག་མར་ཁྱེད་ལ་ཞུ་རྒྱུ་ནི་འཕྲིན་ཡིག་འདི་འབྲི་མཁན་གྱི་བུ་མོ་ང་ནི་ཁྱོད་ཀྱི་སྲིང་ཆུང་མ་ལྷ་མོ་ཆོས་སྒྲོལ་ཡིན་པ་སེམས་ལ་ངེས་དགོས་པ་དེ་ཡིན། འུ་ཅག་ཁ་བྲལ་བའི་མི་ལོ་འདི་དག་གི་རིང་ལ་གུས་མོས་དབྱངས་རྟ་དང་བཅས་པའི་སྒྱུ་འཕྲུལ་གྱི་འཚོ་བ་ཞིག་རོལ་ལ་འཚོ་བ་དེ་ཕལ་ཆེར་སྐྱེ་བོ་མི་འདྲ་བ་མང་བོ་ཞིག་གི་རྨི་ལམ་བསྟུད་མར་མཐུད་པ་དང་མཚུངས།འཚོ་བ་དེ་རོལ་གྱིན་ངས་རང་ཉིད་གྲུབ་བྱེད་ཀྱི་ཤ་ཁྲག་དང་ཚེ་སྲོག་འདི་རྩེད་ཆས་རིགས་ཤིག་ཏུ་ངོས་བཟུང་བར་མ་ཟད་འུ་ཅག་གི་མེས་པོ་ཚོས་བཏོད་པའི་ལམ་བུ་དེར་ཡང་ཐེངས་མང་བོར་བཟོ་བཅོས་བྱས་པ་ཡིན། ཡིན་ནའང་རང་ཅག་གི་ཡབ་ཡུམ་གྱི་མཐའ་མཇུག་གི་གནས་མལ་ལྟ་བུའི་གངས་འདབས་ཀྱི་དུར་ཁྲོད་དེར་གུས་མོས་མགོ་བོ་བསྒུར་ནས་གུས་ཕྱག་འཚལ་བ་མ་གཏོགས་བཟོ་བཅོས་ཕྲན་ཙམ་བྱེད་མ་ཕོད། དེ་རུ་འཁྲིགས་པའི་དར་ལྕོག་གི་ནགས་ཚལ་ཀྱིས་ཆེས་གཏིང་ཟབ་ཅིང་གཡའ་དག་པའི་བསམ་བློ་ཞིག་གི་སྒམ་བརླིང་ངོམ་ཞིང་དེས་ཕམ་པར་བརྒྱབ་པ་ནི་བཅོས་མའི་ངོ་གདོང་དང་ནན༑ བཅོས་མའི་གླུ་སྐད། དངུལ་ལོར་དང་འཕྲུལ་ཆས་སོགས་རེད༑ གུས་མོའི་འདོད་ཚུལ་ནོར་བ་བ་མིན་ན་ད་ལྟ་ས་སྒང་འདིའི་སྟེང་དུ་གངས་འདབས་ཀྱི་དུར་ཁྲོད་དེ་ལས་གཞན་རིན་ཐང་ཅན་གྱི་ཤུལ་རྫས་ཅི་ཡང་མི་འདུག གལ་ཏེ་ཁྱེད་ལའང་ཁོམ་ལོང་ལྡན་ཚེ་དུར་ཁྲོད་དེར་གཟིགས་སྐོར་དུ་ཐེངས་གཅིག་ཕེབས་པར་འཚལ། རྒྱུ་མཚན་ནི་གུས་མོའི་བེམ་རོའང་དུར་ཁྲོད་དེའི་པང་དུ་ཉལ་ནས་བྱ་རྒོད་ཚོའི་ཁ་ཟས་སུ་གྱུར་ཡོད།
ཁྱེད་ལ་འཕྲིན་ཡིག་སྤྲོད་མཁན་གྱི་བྱིས་པ་དེའི་མིང་ལ་གསར་བ་ཟེར། ཁོ་ནི་ཁྱེད་ལ་འཕྲིན་འདི་སྤྲོད་ཆེད་གུས་མོས་ཆེད་དུ་བཙས་པ་ཡིན། ཕུ་བོ་ལགས། འུ་ཅག་གི་ལུས་པོ་རྩྭ་ལྗང་གིས་བརླན་མྱོང་བ་དྲན་པར་གྱིས།”
ཨོ། ནུ་མོ། ཁྱོད་ནི་ཇི་འདྲའི་མཛེས་མ་ཞིག་རེད་ཨང་། ཁོ་བོའི་དྲན་པའི་ཀློང་དུ་འབབ་་བཞིན་པའི་ཁ་བའི་ཁྲོད་དུ་མེ་སྟག་འཚུབ་འདྲའི་བག་ཞྭ་དམར་བོ་ཞིག་ཡོད་ཅིང་དེའི་འོག་གི་བཅོས་བསླད་མེད་པའི་ངོ་གདོང་གིས་རྡེའུ་འབུམ་དང་རླུང་རྟར་འབྲེལ་བའི་ཉམས་འགྱུར་སྣ་ཚོགས་ངོམ་བཞིན་མཆིས། ཁྱོད་ཀྱི་ལས་དབང་གིས་དཀྲོལ་བའི་རོལ་དབྱངས་ཉམ་ཆུང་དེ་ད་དུང་ཡང་གངས་འདབས་ཀྱི་དུར་ཁྲོད་དེར་ལུས་ཡོད་ན་ཕུ་བོས་ཆུ་རྩེད་ཅིག་བྱས་རྗེས་མྱུར་བར་ཁྱོད་ཀྱི་རེ་བ་དག་སྐོང་ཆོག འོན་ཀྱང་ཕུ་བོས་ཁྱོད་ལ་ད་དུང་དྲི་བ་ཞིག་འདོན་རྒྱུར། ཁྱོད་ཀྱི་མག་པ་སུ་ཡིན།
ངས“ཁྱོད་ཀྱི་མག་པ་སུ་ཡིན”ཞེས་པའི་ཚིག་དེ་ཟློ་བཞིན་ཆུ་རྩེད་བྱེད་སའི་མཚོ་རྫིང་གི་ཕྱོགས་སུ་གོམ་ཁ་བསྒྱུར། གནས་དེར་སླེབས་མ་ཐག་སྤ་སེ་བཙོང་མཁན་གྱི་བུ་མོས་ང་རང་རྒྱུན་པར་ཡོང་བའི་ཆུ་རྩེད་མཁན་ཞིག་ཡིན་པ་ཟིན་ཏེ་བཅོས་འཛུམ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པར་མ་ཟད་ཀུ་རེ་ཡང་ཐེངས་འགར་བརྩེས་ནས་“དེ་དགོང་ཁྱོད་ཀྱིས་རང་གློག་བརྙན་ལ་བལྟ་བར་ཁྲིད་ན་འདྲ་འདུག”ཟེར། ངས་ཀྱང་ཁོ་མོའི་གྲོགས་པོ་ཞིག་ཚུལ་གྱིས “དེ་དགོང་གི་གློག་བརྙན་གྱི་མིང་ལ་ཅི་ཞིག་ཟེར”ཞེས་སྨྲས།མོས“<<ནད་ཡམས་ཀྱིས་མནར་བའི་ལུག་ཁྱུ>>ཟེར”ཞེས་ལན་བཏབ་རྗེས་གདོང་གཉེར་གཉེར་བྱས་ཏེ“གླེན་པ།མྱུར་བར་མ་སོང་ན་དུས་ཚོད་འཕྲོ་བརླག་ཏུ་གཏོང་བཞིན་པ་མི་ཤེས་སམ།”ཟེར། ཁོ་མོ་ངོ་མ་བདེན་པར་འདུག ངས་ཆུ་ཚོད་གཅིག་རིང་གི་སྤ་སེ་ལས་ཉོས་མེད་པ་ས་དེ་ལས་ཁོ་མོ་དང་ཁ་བརྡ་བྱེད་ཡུན་གྱི་དུས་ཚོད་བླངས་ན་ཤུལ་ཏུ་སྐར་མ་ལྔ་བཅུ་ལས་མེད། གསལ་བོར་བཤད་ན་དེ་ནི་དུས་ཚོད་འཕྲོ་བརླག་ཏུ་བཏང་བ་མ་ཡིན་པར་ཤོག་དངུལ་འཕྲོ་བརླག་ཏུ་བཏང་བ་ཞིག་རེད། ཁོ་མོའི་སྐད་ཆས་ཤུགས་སུ་བསྟན་པའང་གནས་ལུགས་འདི་རེད།
ངས“ཁྱོད་ཀྱི་མག་པ་སུ་ཡིན”ཞེས་པའི་ཚིག་དེ་ཟློ་བཞིན་ཕྱི་གོས་རྣམས་གཙང་མར་ཕུད་ནས་མཚོ་རྫིང་དུ་མཆོངས་པ་ཡིན། དེ་མ་ཐག་ལུས་ལ་ཚར་སློག་གྱོན་པའི་བོད་ཀྱི་བུད་མེད་ཅིག་ཀྱང་ཐེ་ཚོམ་ཕྲན་ཙམ་མེད་པར་མཚོ་རྫིང་དུ་མཆོངས་པས་ཆུ་རྩེད་བྱེད་མཁན་ཀུན་གྱིས་ཧ་ལས་པའི་ངང་ཨག་རིང་བཏབ་ཅིང་ལ་ལ་ཞིག་ལ་མཚོ་རྫིང་ལས་བུད་དེ་ཐག་རིང་དུ་བྲོས་སོང་།
ངས་མི་རིགས་ཀྱི་ལ་རྒྱ་བསམ་བཞིན་ཁོ་མོ་མཚོ་རྫིང་ལས་ཡར་འཐེན་པའི་ཕྱོགས་སུ་ནུས་ཤུགས་ཡོད་རྒུ་བཏོན་པ་ཡིན། བསམ་ཡུལ་ལས་འདས་པར་ཁོ་མོ་ནི་ཆོས་སྐྱིད་རེད། ཁོ་མོས་ང་རང་ངོས་ཟིན་པར་མ་ཟད་གྲོང་ཁྱེར་འདིར་འཚོ་ཞིང་གཞེས་པའི་སྡོད་འབངས་ཀུན་གྱི་འཚོ་བའི་སྐོར་ལའང་རྒྱུས་ལོན་ཟབ་མོ་བྱས་འདུག ཁོ་མོས་བཤད་རྒྱུད“ཚ་གདུག་ཆེན་པོ་འདི་ནི་གཡོ་སྒྱུ་ཆེ་བའི་སྡོད་འབངས་འདི་ཚོའི་སེམས་ཁམས་དང་འདྲ། རང་ཉིད་ནི་ཤེས་རིག་གི་མཚོན་བྱེད་དུ་རློམ་པའི་གྲོང་ཁྱེར་འདི་ལ་སྦྲང་ཆར་འབབ་མི་སྲིད།དེ་བས་ཁྱོད་འཚོལ་བར་འོངས་པའི་བུ་མོ་ངའང་མཚོ་རྫིང་ནང་མི་མཆོངས་ཐབས་མེད་རེད”
“ཁྱོད་ཀྱིས་ང་རང་འཚོལ་དགོས་དོན་ཅི་ཡིན”ངས་ཁོ་མོར་དེ་ལྟར་དྲིས།
“ངས་ཁྱོད་རང་འཚོལ་དོན་ནི་ཁྱོད་དང་མཉམ་དུ་གཉེན་སྒྲིག་བྱས་ཏེ་མི་ཚེ་ཐུང་ཐུང་འདི་སྐྱེལ་འདོད་པ་ཡིན། དྲང་མོར་བཤད་ན་ངས་ཁྱོད་རང་མི་འཚོལ་བར་སུ་འཚོལ། ངས་ཨ་ཕ་གཙོ་བྱས་པའི་སྡེ་མི་རྣམས་ཡུལ་གྲུ་གཞན་ཞིག་ལ་སྤོས་སོང་། ཁོ་ཚོས་བཤད་ན་ཡུལ་གྲུ་དེ་ནི་རྩྭ་ཆུ་འཛོམས་ཤིང་ས་བཅུད་ལེགས་པའི་ཁར་བླ་མ་མང་བོས་དབང་བསྐུར་ནས་བྱིན་གྱིས་བརླབས་མྱོང་བ་ཞིག་ཡིན་སྐད༑ ”
ཅུང་ཙམ་འགོར་རྗེས་ངས་རློན་པར་གྱུར་བའི་ཚར་སློག་དེ་ཉི་མར་སྐེམ་ཞིང་ཁོ་མོར་འཛམ་གླིང་སྤྱི་ཁྱབ་ཀྱི་གོན་གོས་ཤིག་བསྒོས། ཁོ་མོའི་མདའ་ལྟར་དྲངས་པའི་ལུས་པོ་དང་ཐུན་མོང་མིན་པའི་གདོང་རིས་ཀྱིས་ཉེ་འཁོར་གྱི་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག སྐབས་དེར་གྱོན་གོས་འཁྲབ་སྟོན་བྱེད་མཁན་གྱི་ཨ་རུའི་བུད་མེད་ཅིག་གིས་ཉི་མར་སྐེམ་པའི་ཚར་སློག་དེ་སྟོན་གྱིན་ང་ལ“ཁྱོད་ཀྱིས་གུས་མོར་གྱོན་ཆས་དེ་བཙོང་རོགས་གནང་དང་གུས་མོས་ཁྱོད་ལ་དངུལ་ལོར་མི་ཉུང་བ་ཞིག་སྟེར་རོགས”ཟེར། ཆོས་སྐྱིད་ཀྱིས་འཛུམ་ཆུང་ཞིག་སྟོན་བཞིན་“མི་ཁ་ཤས་རང་ཉིད་ངོམ་པའི་ཕྱིར་དུ་བཟི་འཐོམས་སུ་གྱུར་བས་གྱོན་གོས་དང་གནམ་གཤིས་བར་གྱི་འབྲེལ་བ་བཙན་ཤེད་ཀྱིས་གཅོད་པར་བྲེལ་འདུག”ཟེར། ཅུང་ཙམ་འགོར་རྗེས་གྱོན་གོས་འཁྲབ་སྟོན་མཁན་དེས་ཚར་སློག་ཕྲག་པར་ཁུར་ནས་སོང་ཞིང་ཆོས་སྐྱིད་ཀྱི་སྐེད་པར་དངུལ་ཁུག་ཅིག་བཏགས་བྱུང་། ཆོས་སྐྱིད་ཀྱིས “འགྲིག་མ་སོང་། ཚར་སློག་གི་ཕུ་ཐུང་ནང་དུ་ད་དུང་དངོས་པོ་ཞིག་ལུས་ཡོད།”ཟེར།
“ཅི་ཞིག?”
“ངས་སྔ་མོ་ཞིག་ནས་གྲ་སྒྲིག་བྱས་པའི་ལམ་བྲོ་སྟེ་རྩམ་པ་རྡོག་རྡོག་ཅིག”
“སྐྱུར་ཞོག སྐབས་འདི་འདྲ་ཞིག་ཏུ་ཁྱོད་ཀྱིས་ད་དུང་རྩམ་པ་བརྗེད་མི་ཐུབ་བམ།”
ངེད་གཉིས་དཔུང་བ་མཇམ་གཤིབས་ཀྱིས་སྒོར་ཐོན། སྤ་སེ་བཙོང་མཁན་གྱི་བུ་མོས་གདོང་ལ་མཛེས་རྒྱན་གསར་བ་ཞིག་སྤྲས་ཚར་བར་མ་ཟད་གྲོང་ཁྱེར་འདིར་རྒྱུགས་ཆེ་བའི་གྱོན་གོས་ཆ་ཚང་ཞིག་གྱོན་ཏེ་ཡང་ནས་ཡང་དུ་མེ་ལོང་ལ་ལྟ་བཞིན་མཆིས། ཁོ་མོས་ང་དང་ཆོས་སྐྱིད་ཀྱི་བཟོ་ལྟ་བཞིན་མཆིས། ཁོ་མོས་ང་དང་ཆོས་སྐྱིད་ཀྱི་བཟོ་ལྟ་མཐོང་ནས་སྣ་དགོད་ཅིག་བྱས་ཤིང་ཧ་ཅང་སྐམ་བརླིང་ལྡན་པའི་ངང་ “ཀྭ་ཡེ། ཡིད་འཕྲོག་མ། ཁྱོད་ཀྱིས་རང་ཉིད་བོད་རིགས་ཤིག་ཡིན་སྙམ་པའི་ང་རྒྱལ་ལ་བརྟེན་ནས་མེ་ལྕེ་ཧ་མ་འཐོམས་བྱེད་འདོད་དམ། གསལ་བོར་བཤད་ན་ཁུང་བུ་གཅིག་ལ་དུག་སྦྲུལ་གཉིས་འཛུལ་ཐབས་བྲལ།”ཟེར།
ཆོས་སྐྱིད་ན་རེ།“སྤྲིན་དཀར་གྱི་གསེང་དུ་ཟུག་པའི་མཆོད་རྟེན་གྱི་རྩེ་མོའི་འོད་སྣང་དེ་མཐོང་དགོས་ན་མི་ལོ་ཉི་ཤུའི་ལང་ཚོའང་ལྕི་འདམ་གྱིས་བཟུང་བའི་ལྷས་ར་ཞིག་ཏུ་འབུལ་དགོས། དེ་བཞིན་དུ་དཀའ་བ་ཕྲན་ཙམ་མ་མྱོང་བར་འཚོ་བ་སྐྱིད་པོ་རོལ་འདོད་པའི་བློ་དེ་འཁྲུལ་སྣང་རང་རེད།”
ངས་ཁོང་གཉིས་ལ་བར་འདུམ་བྱས་ཏེ“ང་ཚོ་མཉམ་གཅིག་ཏུ་གློག་བརྙན་ལ་བལྟ་བར་འགྲོ”ཞེས་བཤད། གློག་བརྙན་ཁང་གི་སྒོ་ནས་ང་ཚོས་རང་རང་གི་འདོད་པ་བཞིན་སིལ་ཟས་སྣ་ཚོགས་ཉོས། ཆོས་སྐྱིད་ཀྱིས་ང་དང་སྤ་སེ་བཙོང་མཁན་གྱི་བུ་མོས་འདམས་གསེས་བྱས་པའི་སིལ་ཟས་ནི་རིགས་གཅིག་ཡིན་པ་ཤེས་འཕྲལ “མུག་ཟས་ཟ་མཁན་ཚོ་ཁྲི་ལོར་མི་བརྟན་པར་ཤོག”ཟེར། ང་ཚོས་སྤ་སེའི་ཨང་གྲངས་བཞིན་རྐུབ་སྟེགས་སུ་བསྡད་དེ་གློག་བརྙན་མགོ་རྩོམ་པར་སྒུག་སྐབས་ནུར་ལྭ་ནག་པོ་གྱོན་པའི་རྒན་པོ་ཞིག་སྟེགས་བུར་བུད་ཅིང་ཁོས་ “ཐོག་མར་གོ་སྐབས་འདི་བེད་སྤྱད་དེ་སྡོད་འབངས་རྣམ་པའི་བདེ་འཇགས་ཀྱི་ཕྱིར་དུ་ངས་<<རྐུན་མ་འཛིན་ཐབས་ཀྱི་མདོ>>ཁྲིད་པར་བྱ།”ཞེས་ཤོག་བུ་བརྩེགས་མ་ཞིག་བླངས་ཏེ་དེར་བྲིས་པའི་ནང་དོན་མ་ལུས་པ་གསལ་བོར་བཤད་བྱུང་༑ སྐབས་དེར་ལྟད་མོ་བ་ཞིག་གིས་ཡར་ལངས་ཏེ་གླལ་མོ་ཞིག་བྱས་ནས “ང་ནི་གློག་བརྙན་ལ་བལྟ་བར་ཡོང་བ་ལས་སློབ་ཁྲིད་ལ་ཉན་པར་ཡོང་བ་ག་ལ་ཡིན”ཟེར་བ་ན་དེ་མ་ཉིད་དུ་གློག་དབྱུག་བཟུང་བའི་ཉེན་རྟོག་པ་གཉིས་ཀྱིས་ཁོའི་ལག་པར་ལྕགས་སྒྲོག་བརྒྱབ་ཅིང་ཉེས་རྡུང་ཚད་མེད་པ་བྱས་བྱུང་། ཁོས་སླར་ཡང “རྐུན་མ་ངོ་མ་ནི་ཁྱོད་ཚོ་རེད”ཅེས་འབོད་སྐད་བརྒྱབ་པ་ན་དམག་མི་མང་བོས་དུས་གཅིག་ཏུ “ཟིང་འཁྲུག་ལངས་བྱུང་”ཞེས་ཁོ་རང་འཛིན་བཟུང་བྱས་བྱུང་༑
ཆུ་ཚོད་གསུམ་ལྷག་ལ་ཨུ་ཚུགས་ཀྱིས་བསྒུགས་མཐར་ད་གཟོད་ང་ཚོའི་མིག་ལམ་དུ་མངོན་པ་ནི<<ནད་ཡམས་ཀྱིས་མནར་བའི་ལུག་ཁྱུ>>ཞེས་པའི་གློག་བརྙན་དེ་རེད། གློག་བརྙན་དེའི་བྱུང་རིམ་ནི་ང་རང་ལྕགས་ལམ་བརྒལ་ནས་གློག་བརྙན་ཁང་དུ་འཛུལ་བའི་བར་གྱི་གནས་ཚུལ་དག་ཡིན་མོད་ཉེ་འཁོར་གྱི་མི་དག་གིས་དེ་ག་ལ་ཚོར། ངས་རང་གི་གཡས་གཡོན་དུ་བསྡད་པའི་བུད་མེད་གཉིས་ལ“གལ་ཏེ་འདི་ནི་སྒྱུ་རྩལ་ཞིག་ཡིན་ན་ཁྱི་དང་ཕག་གི་གྲིབ་མའང་སྒྱུ་རྩལ་ཞིག་ཡིན་ངེས”ཞེས་ཤུབ་བུར་བརྗོད་པ་ཡིན། ཆོས་སྐྱིད་ཀྱིས་གློག་བརྙན་ནས་ང་ལ་འཕྲིན་ཡིག་ཀློག་བཞིན་པའི་ངང་ཚུལ་དེ་མཐོང་ནས་“ཁྱོད་ཀྱི་གདོང་གི་ཉམས་འགྱུར་དེར་ངས་བལྟར་མི་བཟོད”ཟེར་བ་ན་སྤ་སེ་བཙོང་མཁན་གྱི་བུ་མོས་ཀྱང་ཅུང་ཟད་བྲེད་སྣང་དང་བཅུས“ངས་ཀྱང་བལྟར་མི་བཟོད”ཟེར།
གློག་བརྙན་མཇུག་རྫོགས་དུས་ངས“གངས་རི་དང་གྲོང་ཁྱེར་གཉིས་ཀར་ཐུན་མོང་གི་དམིགས་འབེན་ཞིག་ཡོད་པ་བདེན་པར་འདུག དེ་ནི་འོད་སྣང་གྱིས་ཁྱབ་པའི་ནམ་མཁའ་ཞིག་ཡིན་ན་ཅི་མ་རུང་”ཞེས་སྨྲས་མ་ཐག་ཆོས་སྐྱིད་དང་སྤ་སེ་བཙོང་མཁན་གྱི་བུ་མོ་གཉིས་མི་གཅིག་ཏུ་གྱུར་བྱུང་། ཡིན་ནའང་ངས་ཆོས་སྐྱིད་སྤ་སེ་བཙོང་མཁན་གྱི་བུ་མོའི་ལུས་པོར་ཐིམ་པའམ་སྤ་སེ་བཙོང་མཁན་གྱི་བུ་མོ་ཆོས་སྐྱིད་ཀྱི་ལུས་པོར་ཐིམ་པ་གཉིས་ལས་གང་ཡིན་པའི་སྐོར་གསལ་བོར་མ་ཤེས།
ངས་ཁོ་མོའི་མིང་ལ་ཆོས་སྤ་ཞེས་བཏགས། མཚན་མོར་ངས་ཁོ་མོ་རང་གི་སྡོད་ཁང་དུ་ཁྲིད་དེ་གཉིས་སྦྱོར་གྱི་དགའ་སྟོན་ལ་རོལ། ཧ་ལས་དགོས་པ་ཞིག་ལ་ཁོ་མོའི་ལུས་སྟེང་ན་ད་དུང་བུད་མེད་གཉིས་ཀྱི་འདོད་ཆགས་ཡོད་པས་ང་རང་ཐང་ཆད་པ་ཞིག་བཟོས། ལྷག་པར་དུ་སྒོ་རུ་ལྐོག་ཉན་བྱེད་ཀྱིན་པའི་ཨ་མོས་མངོན་སུམ་འཛེམ་མེད་ངང“ངས་ཁྱོད་གཉིས་ཀྱི་འཁུན་སྒྲ་ཚང་མ་ཐོས་བྱུང་། གནས་ལུགས་ལྟར་ན་ཁྱོད་གཉིས་ཀྱིས་ཤི་བོ་ཞི་ལ་བརྙས་བཅོས་བྱེད་རྒྱུ་མང་དྲགས་སོང་།”ཟེར།
མཚམས་ཤིག་ནས་ང་སྣང་ཚུལ་འདི་ལ་ཡིད་མི་ཆེས་པར་གྱུར་བ་དང་རང་གིས་རང་ལའང་ཡིད་མི་ཆེས་པར་གྱུར། ངས་པང་གི་བུད་མེད་གཅེར་བུ་མ་འདི་མིའི་རིགས་ནང་ཁུལ་གྱི་ཛ་དྲག་ཆེ་བའི་འཐབ་རྩོད་དང་འགལ་ཟླ་དེ་ལོ་རྒྱུས་རིང་མོའི་ནང་བཙོ་སྦྱངས་དང་ཞུན་བརྡར་བྱས་ཏེ་ཐོབ་པའི་མཐུན་སྒྲིལ་རིགས་ཤིག་ཡིན་ན་ངས་ཁོ་མོ་བརྒྱུད་དེ་ཆེས་ཐོག་མར་མི་རྣམས་ངལ་རྩོལ་ལ་ཞུགས་དུས་ཀྱི་ཀུ་ཅོ་དང་འཁུན་སྒྲ་དེ་ཐོས་ཐུབ་བམ། མིའི་རིགས་ཀྱི་དཔའ་ངར་དང་བློ་གྲོས་ལ་དད་འདུན་ཞེས་པའི་མཐུན་རྐྱེན་དེ་ལྡན་ཚེ་ཡོད་ཚད་བཟོ་སྐྲུན་གྱི་རྣམ་པས་འགྱིང་ཐུབ(དཔེར་ན་པོ་ཏ་ལ་དང་ལྕགས་རི་རིང་བོ། གཏོར་གཟུགས་མཆོད་རྟེན། ངའི་རུས་པ་ལྟ་བུ)ཀྱང་དུས་འདིར་ཁྲག་དང་ཁྲག་གི་བར་གྱི་འགུལ་སྐྱོད་ཙམ་ལས་སྲ་གཟུགས་སུ་ཁེགས་སྲིད་པའི་བསམ་བློ་གཅིག་ཀྱང་མེད་པ་འདི་འང་ཅི་ལགས་སམ། ངའི་སྡོད་ཁང་ནང་དུ་འང་སྤྱོད་ཁང་དང་ཉལ་ཁང་ལས་མཆོད་ཁང་མེད་པ་འདི་འང་ཅི་ལགས་སམ།མདོར་ན་ངས་རང་ཉིད་ཁོ་ནར་བརྟེན་ན་མ་གཏོགས་མི་གཞན་པར་སྐྱབས་བཅོལ་ན་དུ་སྨུག་གིས་ཁྱབ་པའི་བར་སྣང་འདིའི་ཕ་རོལ་མཐོང་ཐབས་མི་འདུག བསམ་གྱིན་བསམ་གྱིན་ང་ལ་སུན་སྣང་སྐྱེས་ཀྱང་ཆོས་སྤས་སེམས་གསོ་སྣ་ཚོགས་བྱེད་ཀྱིན་འཛུམ་མདངས་སྟོན་པ་དང་འོ་བྱེད་པའི་མཚམས་མི་འཇོག འོན་ཀྱང་ངའི་སྣང་བར་ཁོ་མོ་ནི་ལུས་ཀྱི་སྤུ་ཚང་མ་བྱི་བའི་དྲེད་མོང་ཞིག་རེད།
ནམ་ལངས་ཁར་ངས་ཐེ་བར་ཁ་པར་ཞིག་བཏང་། ཁོ་ན་རེ། “གལ་ཏེ་སྲིད་པ་ཆགས་བྱེད་ཀྱི་རླུང་བུ་རིགས་ལྔ་མ་ལྡང་བ་ཡིན་ན་ཁྱོད་ཀྱིས་དུས་ཡུན་ཐུང་ངུའི་ནང་རིགས་མི་འདྲ་བའི་འཚོ་བ་འདི་འདྲའི་མང་བོ་ཞིག་རོལ་མི་ཐུབ།”
ངས་ཁ་པར་སར་བཞག་ཀྱང་ཆིག་ལབ་རྒྱག་དགོས་བྱུང་། “ཐེ་བ་ཡ། ཐེ་བ། རླུང་བུ་ཇི་ལྟར་ལྡང་ཡང་ང་ཚོའི་བར་དུ་རྒྱལ་མཚམས་དང་ས་མཚམས། ཆུ་མཚམས། ཁྱིམ་མཚེས་བར་གྱི་མཚམས། ཁྱོ་ཤུག་བར་གྱི་མཚམས། མཁས་བླུན་བར་གྱི་མཚམས། ཉིན་མཚན་བར་གྱི་མཚམས་སོགས་འདི་འདྲའི་མཚམས་མང་བོ་ཞིག་ཅིའི་ཕྱིར་ཡོད་པ་རེད།”
སྐབས་འདིར་ཆོས་སྤས་ཧབ་ཆ་བརྒྱབ་བྱུང་། མོའི་ཧབ་ཆ་ངའི་སྡོད་ཁང་གི་རྩིག་པ་དང་སྒེའུ་ཁུང་གི་བར་གསེང་དུ་ཐིམ་སོང་།
3.གཏམ་རྒྱུད།
ཐོག་མ་ནས་ཡུལ་གྱར་བ་ཞིག་གི་ས་བོན་དུ་བཏབ་པའི་རི་ལོས་སེམས་ཀྱི་མཛའ་མོ་ལྷ་མོ་ཆོས་སྒྲོལ་གྱི་བེམ་རོ་དུར་དུ་འཇུག་པའི་ལས་ཀ་གྲུབ་རྗེས་ད་གཟོད་རང་དང་འབྲེལ་བའི་ཡུལ་ལྗོངས་མང་བོ་ཞིག་ཉམས་སུ་མྱོང་འགོ་བཙུགས།
ཁོ་ན་རེ“ངས་ཐོག་མར་མེས་པོ་ཞིག་གི་རྐང་རྗེས་དང་འགྲོགས་ནས་དུས་སྐབས་རེ་རེར་བྱུང་བའི་དཔའ་རྒོད་ཚོའི་ཀི་སྒྲར་ཉན་དགོས། དེ་ནས་རང་གཤིས་དང་མཐུན་པའི་གླུ་སྐད་ཅིག་གསར་བཟོ་བྱས་ཏེ་མཚོ་དང་གངས་རིར་གཏོགས་པའི་རྒྱུ་ནོར་མཐའ་དག་སྲུང་སྐྱོབ་བྱེད་དགོས། དུས་ནམ་ཞིག་ལ་ངས་རང་གིས་རང་ལ‘སྦྲ་གུར་ནས་ལམ་ལ་ཆས་པའི་བུ་ཕྲུག་ཡག་པོ’ཞེས་འབོད་ངེས”
མིག་གི་འདོད་རྔམ་སྲེག་པའི་ཁ་བ་དཀར་བོས་ཁོའི་སེམས་ཁམས་ཀྱི་འཇིག་རྟེན་གསལ་བར་བྱས།ལམ་འགྲམ་གྱི་རྡེའུ་འབུམ་རེ་རེས་གནས་མཇལ་བའི་ཐལ་མོའི་གསེབ་ཀྱི་དག་ཞིང་བསྲུངས་ཡོད། ཁོས་ཆགས་ཞེན་བྱེད་ས་ནི་དག་ཞིང་དེར་རང་དབང་གིས་འཚོ་བའི་ལྷ་མོ་ཚོའི་བྱམས་བརྩེ་ཡིན། རྒྱུ་མཚན་ནི་མེ་ལྕེའི་འཕྲིན་ཡིག་སྤྲོད་དུ་སོང་བའི་ཁོའི་བུ་ཆུང་ལ་ལྷ་མོ་དེ་ཚོས་སྡོང་གྲོགས་བྱས་ཏེ་ཕྱིར་ལོག་པའི་ལམ་བུ་རྙེད་པར་བྱེད་དགོས།
ཁོས་སུན་སྣང་དང་སྐྱོ་བ་མེད་པར་གོམ་པ་རེ་རེ་བཞིན་མདུན་དུ་སྤོས། མདུན་གྱི་རྐང་རྗེས་དེ་ནི་སེམས་ཀྱི་སྲད་བུར་བརྒྱུས་པའི་རོལ་དབྱངས་བསྟར་མ་ཞིག་དང་འདྲ་ལ་དེའི་ཟིལ་ཤུགས་ཀྱིས་ཁོར་སྔོ་ཞིང་བསང་བའི་མཁའ་དབྱིངས་ནི་རང་གི་བློ་ཁོག་དང་གཙང་བོ་ཆུ་ནི་རང་གི་ཁྲག་རྒྱུན། རི་དང་ས་གཞི་ཆེན་པོ་ནི་རང་གི་ཤ་རུས་ཡིན་པའི་ངེས་ཤེས་སྐྱེ་རུ་བཅུག
ལམ་བར་ནས་ཁོ་ཐོག་མར་འཕྲད་སའི་མི་དེ་ནི་ཉལ་ཐ་འཐེན་བཞིན་པའི་སྐྱེས་པ་རིད་པོ་ཞིག་རེད། ཁོས་གཟན་ཤམ་ཆ་ཚང་ཞིག་མེར་བསྲེགས་ནས་དེའི་ཚིག་རོ་རང་གི་གམ་དུ་སྤུངས་འདུག
ཁོ་ན་རེ“ཀྭ་ཡེ་ལམ་འགྲོ་བ། མིའི་རིགས་ཁོང་དུ་ཆུད་རྗེས་དུས་ཚོད་ལ་བཙན་འཛུལ་བྱེད་པའི་ཐབས་ཤེས་ལེགས་ཤོས་ནི་ཉལ་ཐ་འཐེན་རྒྱུ་དེ་ཡིན་པ་ཁྱོད་ཀྱིས་ད་དུང་ཤེས་མེད་དམ།”
རི་ལོས་ཁོའི་མིག་ཟུང་ལས་ལྷ་སྐུ་ཁོ་ནའི་གཟི་མདངས་ལས་འཚེར་ཐུབ་པའི་འོད་སྣང་ཞིག་མཐོང་སྟེ“སྐྱེས་བུ་དམ་པ་ལགས། ངའི་མདུན་གྱི་རྐང་རྗེས་འདིའི་སྣེ་མོ་གནས་གང་དུ་ཟུག་ཡོད”ཅེས་དྲིས།
“རྐང་རྗེས་འདིའི་སྣེ་མོ་ཟུག་སའི་གནས་གཉིས་ཡོད། གཅིག་ནི་གྲོང་ཁྱེར་དང་ཅིག་ཤོས་ནི་ཁྱོད་རང་གི་སེམས་པ་རེད། ཁྱོད་ལ་ཇི་འདྲའི་བློ་རིག་ལྡན་ཡང་གནས་དེ་གཉིས་ལས་གཅིག་རང་གི་འདོད་པ་བཞིན་འདམས་གསེས་བྱེད་མི་ཐུབ། དྲང་མོར་བཤད་ན་ཡོད་ཚད་ལས་དབང་ལ་བརྟེན་དགོས་ཤིང་ལས་དབང་ཡང་རླུང་ལ་བརྟེན་དགོས། ཕྱིས་སུ་ང་འང་ལས་དབང་གི་འོག་ནས<<དེབ་ཐེར་དཀར་བོ>>ཞེས་པའི་དཔེ་དེབ་དེའི་མཇུག་བརྩམས་མ་ཚར་བའི་གོང་དཔོན་གཞུང་གིས་བཙོན་དུ་འཇུག་སྲིད། འོན་ཀྱང་ད་ལྟའི་དུས་སུ་ངས་མཆོད་རྟེན་གྱིས་བཏེགས་པའི་ཉི་ཟླ་དང་། དེའི་དྲོད་སྣང་ལ་རེ་བའི་བྱིས་པ་མང་བོའི་བདེ་སྡུག་བསམ་ཡོད།”
“དེས་ན་བཙོན་གྲོལ་ཐོབ་རྗེས་ཁྱོད་རང་གང་ལ་འགྲོ་རྒྱུ”
“བཙོན་གྲོལ་ཐོབ་རྗེས་ང་རང་རླུང་ལ་ཁ་ལོ་སྒྱུར་བར་འགྲོ་རྒྱུ༑ ཨོ། ལམ་འགྲོ་བ། ངའི་ཤེས་རབ་དང་ཁེར་སྡུག་ལུས་པོ་ཆུང་ཆུང་འདིར་ཤོང་དཀའ།”
མི་ལོས་མི་དེ་ལ་གྱེས་ཕྱག་ཞུས་ཏེ་སྔར་ལྟར་འགྲུལ་བཞུད་བྱས༑ རྒྱང་རིང་གི་ནག་ཐིགས་དེ་སྦྲ་ནག་ཆུང་ཆུང་ཞིག་ཏུ་འགྱུར་དུས་ཁོ་ལ་ཁ་ལྕེ་སྐོམ་པའི་ཚོར་བ་ཞིག་སྐྱེས། ཁོས་སྦྲ་ནག་དེའི་ཕྱོགས་སུ་ཐེངས་འགར་བོས་པས་འབྲོག་མོ་གཞོན་ནུ་མ་ཞིག་སྒོར་བུད་བྱུང་། མོ་ནི<<མི་རོ་རྩེ་སྒྲུང་>>ནང་གི་ཁ་མི་གྲག་པའི་བུ་མོ་ཡིན་མོད་དུས་ཡུན་རིང་བོར་དམག་འཁྲུག་གི་འཇིགས་པ་བསྟུད་མར་བྱུང་སྟེ་ཉེ་འཁོར་གྱི་མི་མང་བོ་ངུ་སྐད་དང་འཇིགས་དངངས་ཁྲོད་ནས་ཡུལ་གྲུ་གཞན་དུ་ཕྱིན་ཚར་བས་ཁོས་ཁ་མི་གྲག་རང་གྲག་ཡིན་པར་མ་ཟད་ཁ་གྲག་སྟངས་དེའང་སྙིང་ལ་སྡུག་ཅིང་ཡིད་དུ་འོངས་པ་ཞིག་རེད།
“ད་ལྟ་ང་ཚོས་ཀྱང་རྩྭ་དང་འདམ་བག་ཟ་བཞིན་ཡོད་པས་ཁྱོད་ལ་སྟེར་རྒྱུའི་ཟས་ཤིག་གང་ན་ཡོད། གལ་ཏེ་ཁྱོད་རང་སྐོམ་ན་ང་ལ་འོ་ཞིག་བྱེད་རོགས་མཛོད། དེ་ལས་གཞན་ངས་ཁྱོད་ལ་རོགས་སྐྱོར་ཞིག་བྱེད་ཐུབ་བམ། ཝེ། འོ་མི་བྱེད་ན་ང་རང་ཚོགས་འདུར་འགྲོ་རྒྱུ། དུས་ཚོད་མང་བོ་མི་འདུག”
རི་ལོས་ཁོ་མོའི་ཉམ་ཐག་པའི་མཆུ་སྒྲོས་ལ་འོ་ཞིག་བྱས། དེ་མ་ཐག་ཁོ་རང་གི་བཀྲེས་སྐོམ་སྐད་ཅིག་ཏུ་སེལ་མོད་མོའི་མིག་ལས་མཆི་མ་ཤག་ཤག་ཏུ་བབས།
“ཁྱོད་རང་ཚོགས་འདུ་ཅི་ཞིག་འཚོག་པར་འགྲོ་དགོས།”
“གསར་བརྗེ་ངོ་ལོག་པར་འཐབ་རྩོད་བྱེད་པའི་ཚོགས་འདུ། ད་དུང་ལིན་དགག་ཁུང་དགག”
ཁོ་མོ་ཕྱི་བལྟས་མེད་པར་བུད་སོང་། རི་ལོས་རང་ཉིད་དང་ཁ་མི་གྲག་པའི་བུ་མོ་གཉིས་འཇིག་རྟེན་གཉིས་སུ་གྱེས་ཚར་བ་ཤེས་མ་ཐག “ཀྱེ་གནམ་སྔོན་པོ། དགེ་བར་དགའ་བའི་མི་རྣམས་ལ་གུ་ཡངས་ཤིག་གནང་རོགས”ཞེས་སྐད་གསེང་མཐོན་པོས་བོས། ཁོའི་འབོད་སྒྲས་མེ་མདའ་ཐོགས་པའི་དམག་མི་ཆུང་ཆུང་ཚོ་དང་མ་ཡི་པང་དུ་བདེ་བར་ཉལ་བའི་ཤེའུ་ཁ་ཤས་དུས་གཅིག་ཏུ་གཉིད་ལས་བསླངས། སྐབས་དེར་ཁོས་རང་གི་སྤྱི་གཙུག་ཏུ་བསྡུས་འབྲི་བྱས་པའི་ཤམ་བྷ་ལའི་དཀྱིལ་འཁོར་གྱི་རི་མོ་ལ་ཡང་ནས་ཡང་དུ་རེག་དགོས་བྱུང་།
4 .རྩོམ་པ་པོའི་ཆིག་ལབ།
རི་ལོ་ལགས། ཁྱོད་ནི་དེབ་ཐེར་དང་ཆོས་འབྱུང་ལ་མ་བཀླགས་ཀྱང་ལོ་རྒྱུས་ངོ་མ་མཐོང་མཁན་གྱི་བོད་མི་དང་བོ་ཡིན། མུ་མཐུད་དུ་རྐང་རྗེས་དེ་དེད་ནས་སོང་དང་མི་སྣ་གཙོ་བོ་མེ་ལྕེས་བདེ་སྐྱིད་ལ་སྒུག་པ་བཞིན་ཁྱོད་ཉིད་བསྒུགས་ཡོད།
དྲང་མོར་བཤད་ན་ཁྱོད་ཀྱི་མཛེས་སྡུག་རྙེད་པའི་སྐྱེ་བོ་སུ་ཞིག་གིས་ཀྱང་མི་ཚེ་འདི་དུས་སྟོན་ཐུང་ཐུང་ཞིག་ཏུ་ངོས་མི་འཛིན་ག་ལ་སྲིད།
5.ལྕེ་མེའི་ཉིན་ཐོ།
འདི་ནི་ཆོས་སྤ་དང་ངེད་གཉིས་ཀྱིས་མཉམ་དུ་རོལ་བའི་གསོལ་ཚིགས་ཐོག་མ་ཡིན། སྒེའུ་ཁུང་གི་ངོས་སུ་དྲང་ཐད་དུ་འཕྲོས་པའི་ཉི་འོད་ཕྲ་མོས་ངེད་གཉིས་ཀྱི་བར་དུ་འབྲེལ་འདྲིས་ཀྱི་གསེར་ཟམ་ཞིག་བཙུགས་པ་འདྲ་ལ་དེ་ཡི་སྟེང་དུ་མི་རྣམས་ཀྱི་སྒེར་སེམས་དང་སེར་སྣས་བསླད་པའི་འབུ་སྲིན་གྲངས་མེད་པ་ཞིག་གིས་ཀྱང་འགྲོ་འོངས་བྱེད་པ་འདྲ། ངས་ཁོ་མོའི་ཕྱི་རོལ་གྱི་འཇིག་རྟེན་དང་བསྟུན་ནས་གཡོ་འགུལ་བྱེད་མི་ཐུབ་པིའ་མིག་ཟུང་དང་། འདོད་གཏམ་དང་ཆགས་རྩེད་ཀྱིས་བཅོས་མའི་ངོ་ཚར་གཏད་ཐུབ་པའི་གདོང་རིས། རོལ་མོའི་འགྱུར་ཁུག་དང་འགྲོགས་ཏེ་ལྡེམ་ལྡེམ་དུ་འགུལ་བའི་རྐང་བ་བཅས་ལས་མིའི་རིགས་ནི་ངོ་བོ་སྒྱུར་སླ་བའི་གསལ་ལ་མི་གསལ་བའི་ཁ་དོག་ཅིག་ཡིན་ལ་དེས་ནང་ཁུལ་བར་རིགས་མི་འདྲ་བའི་འཁྲུག་རྩོད་སློང་དོན་ནི་གཅིག་ཚབ་གཅིག་གིས་བྱེད་པ་དང་གཅིག་རྒྱུ་གཅིག་གིས་འཕྲོག་པ་དེ་ཁོ་ན་ཡིན་པ་གསལ་བོར་ཤེས། ཁོ་མོ་སྟེ་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོར་གྲུབ་པའི་བུད་མེད་འདི་ཡོད་པས་ཆོས་སྐྱིད་དང་སྤ་སེ་བཙོང་མཁན་གྱི་བུ་མོའི་བར་གྱི་འཐབ་རྩོད་དེ་ཞི་བར་གྱུར་བ་དང་ཐབས་རྡུགས་པའི་གནས་སུ་ལྷུང་བའི་ངས་ཀྱང་ཁོ་མོ་གཉིས་ཀྱི་བར་དུ་ལངས་ཏེ་བློ་གཟུ་བོ་ཡིན་ཁུལ་གྱིས་གནད་དོན་མང་བོ་ཐག་གཅོད་བྱེད་མི་དགོས་པར་གྱུར། སྣང་ཚུལ་འདིས་ཤུགས་སུ་བསྟན་པ་ནི་སྡོད་ཁང་གིས་ཕོ་མོ་གཉིས་བཟའ་ཚང་དུ་བསྡུ་བ་དང་། འདུག་སྟེགས་ཀྱིས་དཔོན་གཡོག་གཉིས་ཚོགས་ཁག་ཏུ་བསྡུ་བ་སོགས་རེད། གང་ལྟར་ངོ་གདོང་ངོ་མ་དང་དེའི་སྟེང་གི་ཀོ་འབག་བར་གྱི་བར་ཐག་དེ་མེད་པར་བཏང་ཚེ་ཆོས་སྐྱིད་ཅེས་པཞིག་ཀྱང་མེད་ལ་སྤ་སེ་བཙོང་མཁན་གྱི་བུ་མོ་ཟེར་བ་ཞིག་ཀྱང་མེད། ང་ཚོར་ཆོས་སྤ་ཁོ་ནས་ལོས་ཆོག
“ཝེ། ཁྱོད་གཉིས་ཀྱི་སྐུ་ཁམས་བཟང་ངམ།”གློ་བུར་དུ་ཨ་མོ་ངའི་སྡོད་ཁང་དུ་འཛུལ་བྱུང་ལ་ཕར་བལྟས་ན་ཁོ་མོས་ཆོས་སྤའི་འབྱུང་ཁུངས་སྐོར་ལ་གཏིང་ཟབ་མོས་རྒྱུས་ལོན་བྱས་ཡོད་པ་འདྲ༑ ཆོས་སྤས་ཀྱང་རང་གི་སྐྱེས་ཐོབ་ཀྱི་ཤེས་རབ་ལ་བརྟེན་ནས་ཨ་མོ་ནི་ཤི་བོ་ཞིག་ཡིན་པ་གསལ་བོར་ཤེས་ཡོད། ཁོ་མོ་གཉིས་ཀྱིས་ཕན་ཚུན་ལ་འཕངས་པའི་དོགས་ཟོན་གྱི་མིག་མདའི་བར་ནས་ང་ལའང་དབུགས་ལེན་དཀའ་བ་ཞིག་བཟོས། མཚམས་ཤིག་ནས་ཨ་མོའི་ངོ་གདོང་སྐྱ་བོ་ནས་སྐྱ་བོར་གྱུར་ཞིང་མཐར་མོས་ཉམ་ཆུང་བའི་ངང་ཆོས་སྤའི་མདུན་ནས་པུས་མོའི་ལྷ་ང་ས་ལ་བཙུགས་བྱུང་།
“སྐུ་མཁྱེན། ཁྱོད་ལ་ཚེ་སྲོག་གཉིས་ཀྱིས་ཅི་བྱེད། དེ་བས་ཚེ་སྲོག་གཅིག་ང་ལ་སྩོལ་རོགས། གཞན་དོན་སྒྲུབ་པ་ནི་ཚེ་ལོ་མཐར་ཕྱིན་པའི་དགོས་པ་གཙོ་བོ་མིན་ནམ།”
ཆོས་སྤས་མོའི་སྙིང་རྗེ་བའི་བཟོ་ལྟ་དེ་མཐོང་ནས་མོ་ལ་ཚེ་སྲོག་ཅིག་སྦྱིན་བྱུང་། དེའང་ཆོས་སྤའི་ལུས་སྟེང་ལས་ལྡང་བའི་རླུང་བུ་ཞིག་ཨ་མོའི་ལུས་སྟེང་དུ་ལྡང་བ་ལས་དོན་ངོ་མར་ཚེ་སྲོག་གི་གནང་སྦྱིན་ཞིག་ཡིན་མིན་མི་ཤེས་ཀྱང་ཨ་མོས་ཡང་ནས་ཡང་དུ“བཀའ་དྲིན་ཆེ”ཟེར། ལྷག་པར་དུ་ཨ་མོའི་ཕྱི་ཚུལ་ལ་འགྱུར་ལྡོག་ཕྲན་ཙམ་མ་བྱུང་བས་ངས་ཆོས་སྤར་སྡང་མིག་ཅིག་བགྲད་དེ“འཇིག་རྟེན་སྟེང་གཞན་ལ་མགོ་སྐོར་གཏོང་མཁན་ཞིག་འཁྲུངས་ཚར་འདུག”ཅེས་སྨྲས་པ་ཡིན། དེ་མ་ཐག་མོས་ཁོང་དགོད་ཅིག་བྱས་ཏེ་ངའི་སྡོད་ཁང་གི་གྱང་ངོས་སུ་གཤམ་གྱི་རྩིས་ཕྲེང་དེ་བྲིས་བྱུང་།
“ཤི་བོ +ཚེ་སྲོག =ཤི་བོ།”
ངས་རྩིས་ཕྲེང་དེའི་སྐོར་ལ་བསམ་བློ་ཞིབ་མོར་གཏོང་བཞིན་པའི་སྐབས་སུ་ཨ་མོ་ཨག་རིང་ཞིག་དང་མཉམ་དུ་སྒོར་བྲོས་སོང་།ཆོས་སྤས་མོའི་རྗེས་སུ་མཆིལ་ཞགས་ཤིག་བཏང་ནས“ལས་ཀ་མེད་པའི་འདྲེ་སྲིན་ཁྱོད་ཁྱི་སྐྱག་ཟ་བར་སོང་”ཟེར།
ཉིན་དེ་ནས་བཟུང་ཆོས་སྤ་དང་ངེད་གཉིས་མིང་དོན་མཚུངས་པའི་ཁྱོ་ཤུག་ཏུ་གྱུར་ལ་ཁོ་མོས་ངའི་ཚབ་ཏུ་ཟས་གཡོ་སྐོལ་བྱེད་པ་དང་ཁྱིམ་ལ་གཙང་སྦྲ་བྱེད་པ། གྱོན་གོས་བཀྲུ་བ་སོགས་ལས་ཀ་མང་བོ་སྒྲུབ་པ་མ་ཟད་ཐ་ན་ངའི་ཚབ་ཏུ་ཁ་པར་ཡང་རྒྱག་པར་བྱེད། ཉིན་ཞིག་ཁོ་མོས་ཐེ་བས་བཏང་ཡོང་བའི་ཁ་པར་ལ་ལན་བཏབ་ཅིང་མཚམས་ཤིག་ནས་ངུ་སྐད་འབྱིན་བཞིན་ངའི་བྲང་ལ་ཁུར་ཚུར་ཞིག་ཀྱང་གཞུས་བྱུང་། ངས“ཅི་བྱུང་”ཟེར་བ་ན་མོས“མི་དེས་ང་ལ་‘ལས་ཀ་མེད་པའི་འདྲེ་སྲིན་ཁྱོད་ཀྱི་སྐྱག་ཟ་བར་སོང་’ཟེར་གྱིན་འདུག”ཅེས་སླར་ཡང་ངའི་བྲང་ལ་ཁུ་ཚུར་ཞིག་གཞུས་བྱུང་། སྐབས་དེར་ངས་ཀྱང་བཟོད་བསྲན་མ་བྱས་པར་མོ་ལ་འགྲམ་ལྕག་དཔེ་མེད་པ་ཞིག་གཞུས་པ་ཡིན། མོས་སྔར་ལས་ལྷག་པའི་ངུ་སྐད་འབྱིན་པར་མ་ཟད་སྐད་ཆེན་པོས“ཁྱོད་ཀྱིས་མཁའ་འགྲོ་མ་ཞིག་ལ་འང་འགྲམ་ལྕག་གཞུ་ཕོད་པས་ངོ་མ་ཡ་རེ་ང་”ཟེར།
“ཁྱོད་ཀྱིས་སྦྲུམ་འགོག་གི་སྨན་འཐུང་དྲགས་ཏེ་ནག་པོར་གྱུར་བའི་རང་གི་གདོང་ལ་ལྟོས་དང་། མཁའ་འགྲོ་མ་ཞིག་གི་སྤྱོད་ལམ་རྗེན་པར་གསལ་ཡོང་།”སྐད་ཆ་དེ་ཐོས་མ་ཐག་ཁོ་མོས་ཡང་བསྐྱར་ང་ལ་ཁུ་ཚུར་གཞུ་བར་བརྩམས་པས་ངས་གྲི་ཆུང་བཏོན་ཏེ་ཁོ་མོའི་སྙིང་ཁར་ཐེབས་འགར་གཞུས་པ་དང་ཁོ་མོའི་དབུགས་ཆད་སོང་། ཅུང་ཙམ་གྱི་རྗེས་ནས་ཁོ་མོ་ཡར་ལངས་ཤིང་དེ་ནི་སྤ་སེ་བཙོང་མཁན་གྱི་བུ་མོ་རེད། སྐབས་འདིར་ངས་ལྔ་ལམ་དུ་སོང་ཚར་བ་ནི་ཆོས་སྐྱིད་ཡིན་པ་ཤེས་ཏེ་གདུང་སེམས་དང་ཁོང་ཁྲོ་འདྲེས་མས་སྤ་སེ་བཙོང་མཁན་གྱི་བུ་མོས་གྲི་ཆུང་བསྣུན་པས་ཁོ་མོའི་དབུགས་མི་ཆད་རང་ཆད་རེད། དེ་འཕྲལ་ངས་ཁྲག་གིས་བྱུགས་པའི་གྲི་ཆུང་གིས་གྱང་ངོས་སུ་གཤམ་གྱི་རྩིས་ཕྲེང་དེ་བྲིས་པ་ཡིན།
“གསོན་པོ – ཚེ་སྲོག = ཤི་བོ།”
གློ་བུར་དུ་རྩོད་གཞི་སློང་མཁན་གྱི་ཁ་པར་ལས་སིལ་སྒྲ་ཞིག་གྲགས། ངས་ཁ་པར་ཡར་བླངས་པ་ན་དེའི་ངོས་ནས་ཆོས་སྤའི་ལུས་དྲོད་ད་དུང་ཡལ་མེད།
“ཝེ། སུ་ཡིན།”ཁོ་ནི་ཐེ་བ་ཡིན་པ་སྨྲོས་ཅི་དགོས། སྐད་སྒྲར་ཉན་ན་ཁོ་ཁྲོང་ལངས་པ་འདྲ།
“ང་ཡིན། མེ་ལྕེ་ཡིན།”
“བུད་མེད་ངན་རེངས་པ་དེ་གང་དུ་བུད་སོང་། ཁོ་མོས་རང་ཅག་གི་དོན་ཆེན་བརླག་འདོད་པ་འདྲ་སྟེ་ང་ལ་གུས་ཚིག་མེད་པའི་སྐད་ཆ་མང་བོ་བཤད་བྱུང་།”
“ཁོ་མོ་ངས་བསད་ཚར།”
“དེས་ན་འགྲིག་འདུག”ཐེ་བས་ཁ་པར་སང་བཞག་བྱུང་།
ང་རང་ངལ་དུབ་ཀྱི་དབང་གིས་གཉིད་དུ་ཡུར་བ་ཡིན། རྨི་ལམ་དུ་ཆོས་སྤས“ངས་ཁྱོད་ཀྱི་རྫོབ་ཅིང་དྲི་ངན་འཐུལ་བའི་རྐང་བཀྲུས་པ་དང་རིན་ཐང་མེད་པའི་དངོས་པོ་དག་ཉར་ཚགས་བྱས་པ་བརྗེད་སོང་ངམ”སོགས་ཟེར། ངས་ཁོ་མོར་ཁ་ཡ་མ་བྱས།
ཕྱི་ཉིན་ནས་མོ་རང་ཨ་མོའི་སྡོད་ཁང་དུ་སྤོས་འདུག གནས་ཚུལ་ཅི་ཞིག་ཡོད་ཀྱང་མོ་གཉིས་ཀྱིས་ཤི་བོའི་ལ་རྒྱ་འཛིན་པ་ཇི་བཞིན་བསྟུད་མར་ཉིན་གསུམ་གྱི་རིང་ང་ལ་ཁ་མ་གྲག ངས་ཀྱང་སྲིང་ཆུང་མ་ལྷ་མོ་ཆོས་སྒྲོལ་གྱིས་བསྐུར་ཡོང་བའི་འཕྲིན་ཡིག་དེ་སྙིང་ཁར་སྦྱར་ནས་ཉི་མ་འཁྱོལ་ཐབས་བྱས་པ་ཡིན། དེ་དང་ལྷན་དུ་ངས་འཕྲིན་གྱི་ནང་དོན་བཞིན་རང་གི་བླ་སྲོག་གི་གནས་ཚང་ལྟ་བུའི་གངས་འདབས་ཀྱི་དུར་ཁྲོད་དེ་ནི་མི་རིགས་འདིའི་ལོ་རྒྱུས་གསལ་བོར་མཚོན་པའི་སྒྲོན་མེ་ཆུང་ཆུང་ཞིག་ཡིན་ལ་དེས་གོ་མེད་ཚོར་མེད་དུ་གྲོང་ཁྱེར་ཞིག་ནས་མི་ཚེ་བརླག་པའི་ཕྲན་ཆུང་ངའི་སེམས་ཁམས་ལ་འོད་སྣང་བཀྱེས་པར་མ་ཟད་ངའི་ཨ་ཕ་དམར་བོ་དང་། ཨ་མ་བཟང་མོ། སྲིང་ཆུང་མ་ལྷ་མོ་ཆོས་སྒྲོལ་བཅས་ལའང་བར་དོ་ནས་ལམ་སྣེ་ཟིན་པའི་སྤོབས་པ་གནང་ཡོད་པ་གདོན་མི་ཟ་བར་སྙམ།
“ཐག ཐག ཐག ”ཆོས་སྤ་ཤིག་ནས་ཉིན་བདུན་ལོན་པའི་མཚན་མོར་སྒོ་རྡུང་བའི་སྒྲ་ཞིག་གིས་གངས་དང་སྤང་གི་མཚམས་སུ་འཁྱམ་བཞིན་པའི་ངའི་ཁེར་རྐྱང་གི་བསམ་གཞིགས་དཀྲོགས་བྱུང་༑ ངས་སྒོ་རྡུང་མཁན་གྱི་བོད་མི་ཞིག་མིན་ན་སྒོ་ཕྱེ་མི་ཆོག་ཅེས་རང་གིས་རང་ལ་བཀའ་ནན་མོ་ཞིག་བསྩལ།
“སུ་ཡིན།”
དྲི་བ་དེ་དང་ལྷན་དུ་ངས་མི་དེ་ནི་བློ་སེམས་གཏོད་ཆོག་ཅིང་བཞིན་མདངས་མཛེས་པའི་ཁར་བོད་སྐད་ཀྱང་དག་མོར་རྒྱག་ཤེས་པའི་བུད་མེད་ཅིག་ཡིན་ན་ཅི་མ་རུང་སྙམ།
“ཨ། ཨི། ཨུ། ཨེ། ཨོ།”སྒོའི་ཕྱི་རོལ་གྱི་མི་དེ་ནི་ཏག་ཏག་བུད་མེད་ཅིག་རེད་ལ་མོས་དེ་ལྟར་ཟེར་བ་ལས་ང་ལ་ལན་མ་བཏབ། ངས་དེ་འཕྲལ་སྒོ་ཕྱེས་པ་ན་ཁོ་མོའི་མགོ་རིས་དམར་བོས་དཀྲིས་པའི་གདོང་རིས་ལས་ཅི་ཞིག་མཐོང་འདོད་ཀྱིས་སྐོམ་པ་ལྟ་བུའི་མིག་ཟུང་ཞིག་མངོན་བྱུང་། ཁོ་མོར་མཐུད་ནས་ཤ་རྩི་སྨུག་ཅིང་སྣ་གཟེངས་མཐོ་བའི་གཞོན་ནུ་ཞིག་ཀྱང་ནང་དུ་འཛུལ་འོངས། ཁོས་ངའི་སྡོད་ཁང་ནང་ལ་གོ་རིམ་དང་བཅས་མིག་མྱུལ་ཞིག་བྱས་རྗེས“ཁྱོད་ལ་ཅ་ལག་མང་བོ་ཡོད་ཀྱང་ཡིད་ཕངས་པ་ཞིག་ལ་ཆེས་ཉེ་བར་མཁོ་བའི་ཅ་ལག་དེ་མི་འདུག”ཟེར།
“ཅི་ཞིག”
“འཇིགས་སྒྲུང་(恐怖小说)འབྲི་བར་མཁས་པའི་བུ་མོ་ཞིག”
“ང་ཚོར་འཇིགས་སྒྲུང་གིས་ཅི་བྱེད།”
“ཁྱོད་ཀྱིས་ལྟོས་དང་། ནམ་མཁའ་ཧྲིལ་བོ་དུག་དྲི་འཐུལ་བའི་མཁའ་རླུང་གིས་ཁྱབ་པས་བྱིས་པ་ཚོའི་ཕུགས་བསམ་གྱི་ཡུལ་ལྗོངས་དེའང་འུར་ཟིང་དང་ངུ་སྐད་ཀྱིས་གང་བ་ཞིག་རེད། དེ་བས་འཇིགས་སྒྲུང་ཁྲོད་ཀྱི་སྐྱི་གཡའ་བའི་གཏམ་རྒྱུད་དག་ལས་རང་ཉིད་གནས་སའི་ཁོར་ཡུག་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེ་བ་མི་རྣམས་ཀྱི་སེམས་ལ་ངེས་དགོས།”ཁོས་དེ་ལྟར་བཤད་རྗེས་རང་གི་གཡས་ཕྱོགས་སུ་སྡོད་པའི་བུ་མོ་དེ་ནི་<<མི་རོ་རྩེ་སྒྲུང>>ཁྲོད་ཀྱི་ཁ་མི་གྲག་པའི་བུ་མོ་ཡིན་པ་དང་དམག་འཁྲུག་དང་མུ་གེ་ལས་ངལ་རྩོལ་རིགས་ཤིག་སྦྱོང་བརྡར་བྱས་པས་ད་ལྟ་ཁོ་མོ་འཇིགས་སྒྲུང་འབྲི་བར་གོམས་ཡོད་པ།
7.གཏམ་རྒྱུད།
དེ་རིང་ནི་རྟ་ཟླའི་ལྔ་མཆོད་དེ་རི་ལོ་ལུང་སྟོང་ཞིག་ཏུ་གཞིས་ཆགས་པའི་སྦྲ་ཁྱིམ་ཆུང་ཆུང་ཞིག་ཏུ་ཞག་སྡོད་བྱས་ཡོད། ཁོང་ཚང་གི་ཁྱིམ་བདག་རྒན་པོས་བྱིས་པ་ཆུང་ཆུང་རྣམས་ལ་བཀའ་བསྒོས་ཏེ་ས་རུབ་མ་ཐག་རང་ཁྱིམ་གྱིས་སྔ་མོ་ནས་གསོག་འཇོག་བྱས་པའི་འབྲི་མར་ཡོད་ཚད་མེ་རུ་བཞུས་ནས་མཆོད་མེ་བརྒྱ་ཕྲག་ལྷག་བཟོས་ཤིང་དེ་དག་ཚང་མ་རང་ཁྱིམ་གྱི་མཐའ་རུ་ཕྲ་བརྒྱབ་པ་ལྟར་བསྒྲོན། མ་ཎི་མཉམ་འདོན་གྱི་དབྱངས་རྟས་བཟའ་མི་ཡོངས་ཀྱི་སེམས་པར་དྲོད་ཁོལ་མི་ཟད་པ་གནང་བས་དབུལ་ཕོངས་དང་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་དག་གཏིང་ནས་བརྗེད་པར་གྱུར། རི་ལོས་ཀྱང་ཁོང་ཚོ་དང་ལྷན་དུ་རྔམས་མཐུག་པའི་མུན་པ་དེའི་ཕ་རོལ་མཐོང་བར་མ་ཟད་ཆུང་གྲོགས་མ་ལྷ་མོ་ཆོས་སྒྲོལ་དང་ཆེས་མཐའ་མར་མཉམ་འཛོམས་བྱེད་པའི་དུས་སྐབས་དེ་དྲན་བྱུང་།
ཉིན་དེའང་དེ་རིང་དང་འདྲ་བར་རྟ་ཟླའི་ལྔ་མཆོད་ཡིན། ལྷ་མོ་ཆོས་སྒྲོན་གྱིས་ནད་ཀྱིས་ཟིན་ཏེ་སྐྱི་ལྤགས་སྔོན་པོར་གྱུར་བའི་མིག་འབུར་ཚུགས་སུ་གཏད་ནས “རི་ལོ་ལགས། ཁྱོད་ཀྱིས་ལྟོས་དང་༑ བྱ་རྒོད་འགའ་སྤྲིན་གསེབ་ནས་ཐོན་ཞིང་སླར་ཡང་སྤྲིན་གསེབ་ཏུ་ཐིམ་སོང་། ཁོ་ཚོས་བུ་མོ་ངའི་སྒྱུ་མའི་ལུས་རྟེན་འདི་དག་པའི་ཞིང་དུ་སྐྱེལ་འདོད་པ་ལོས་ཡིན།”ཞེས་མིག་ཟུང་བཙུམས་སོང་༑ སྐྱེས་མ་ཐག་པའི་བུ་ཆུང་གིས་རང་གིས་ནུ་བཞིན་པའི་འོ་མ་དེ་གློ་བུར་དུ་བྲོ་བ་གཞན་ཞིག་ཏུ་འགྱུར་བ་ཚོར་ནས་ངུ་སྐད་འབྱིན། ཁོས་ཅི་ཡང་མི་སྨྲ་བར་བུ་ཆུང་པང་དུ་བླངས་ནས་མ་ཎི་ཞིག་བཏོན་པ་ན་བྱ་རྒོད་ཅིག་གི་གྲིབ་མས་ལྷ་མོ་ཆོས་སྒྲོལ་གྱི་བེམ་རོ་ཡོངས་སུ་ཁེབས་སོང་། ཕྱི་རོལ་གྱི་མེ་ཏོག་གི་དྲི་བསུང་ཞིག་རླུང་བུ་འཇམ་པོ་ཞིག་གིས་བསྐྱལ་ཡོང་བས་ཁོས་རང་གི་ཆུང་གྲོགས་མས་མི་ཡུལ་ནས་བསགས་པའི་ཉེས་པ་ཡོངས་སུ་དག་ཟིན་པར་སེམས། ཁོ་མོ་དེ་ལྟར་མངོན་སུམ་གྱི་འཚོ་བ་དང་དེང་རབས་ཀྱི་འཕྲུལ་རྫས་ཀྱི་དུག་གྲིབ་ཕོག་སྟེ་འཇིགས་རྟེན་གཞན་ཞིག་ལ་བུད་སོང་༑ ཁོ་མོས་ཤུལ་དུ་བསྐྱུར་བ་ནི་བུ་ཆུང་དང་ཕུ་བོར་བྲིས་པའི་འཕྲིན་ཡིག་རེད།
ཕྱིར་དྲན་བྱས་ནས་མཚམས་འདིར་སླེབས་དུས་ཁྱིམ་བདག་རྒན་པོས་ཁོའི་ཕུ་ཐུང་ནས་ཐེན་བྱུང་།
“ཝེ། གསར་བུ། ཁྱོད་ཀྱིས་པྲ་ཕབ་ཤེས་སམ།”
“མི་ཤེས།”
“དེས་ན་སྔགས་ལ་བརྟེན་ནས་ནད་བཅོས་ཤེས་སམ།”
“མི་ཤེས།”
“དེས་ན་ཐང་ཀ་འབྲི་ཤེས་སམ།”
“མི་ཤེས།”
“དེས་ན་མི་ཤེས་ཟེར་བར་ངོ་ཚ་བ་ཤེས་སམ།”
“མི་ཤེས”
དྲི་བ་དེ་དག་གིས་རི་ལོ་ཁོང་ཁྲོ་བསླངས་པས་རྒན་པོས་རང་ཉིད་ཀྱི་གཏམ་ལ་ནུས་པ་ཐོན་པ་ཤེས་ནས་འཛུམ་དམུལ་ལེར་སྣ་ཐ་འཐེན་བཞིན་བསྡད་པ་དང་ཅུང་ཙམ་འགོར་རྗེས་རང་གི་ཆུང་མ་དང་མཉམ་དུ“མི་ཤེས་ཟེར་བར་ངོ་ཚ་བ་ཤེས་སམ།”ཟེར།
“ཤེས།”ཐེངས་འདིར་རི་ལོས་ལན་དེ་ལྟར་བཏབ་རྗེས“ཁྱིམ་བདག་ལགས། དེས་ན་ཁྱོད་ཀྱིས་མི་ཤེས་ཟེར་བར་ངོ་ཚ་བ་ཤེས་སམ།”ཞེས་དྲིས།
རྒན་པོས“ངེད་ཚང་གི་པགས་གདན་ཞིག་གི་འོག་ཏུ་ཤམ་བྷ་ལར་ལྐོག་ཏུ་འགྲོ་སའི་ས་དོང་ཞིག་སྦེད་ཡོད་པས་སྤྱིར་བཏང་གི་དྲི་བར་ལན་འདེབས་མི་འདོད།”ཟེར།
རི་ལོས“ང་ཕམ་སོང་།”ཞེས་མགོ་བོ་སྒུར་བཞིན་བསྡད་པ་ན་ཁོང་ཚང་གི་བྱིས་པ་ཚོས་མ་ཎི་འདོན་མཚམས་བཞག་ནས་མགྲིན་གཅིག་ཏུ“ཁྱོད་ཕམ་སོང་། ཁྱོད་ཕམ་སོང་། ”ཟེར།
སྐབས་དེར་རི་ལོས་རང་ཉིད་རྒྱ་མཚོ་ཞིག་གི་དཀྱིལ་ན་དལ་བུར་བགྲོད་པའི་མཚོ་གྲུ་ཆུང་ཆུང་ཞིག་ཏུ་ཡོད་པ་དང་སྦྲ་ནག་ཆུང་ཆུང་དེ་ནི་མིག་ལ་འཁྲུལ་བ་བྱུང་སྟེ་མཐོང་བ་ཞིག་ཡིན་པ། རྒན་པོ་དེ་ནི་མཚོ་གྲུ་འདིའི་དེད་དཔོན་ཡིན་པ། བྱིས་པ་རྣམས་ནི་དེད་དཔོན་གྱིས་ཁྲིད་པའི་འཁོར་གཡོག་ཡིན་པ་སོགས་གསལ་བོར་ཤེས་བྱུང་།
“དེད་དཔོན་ལགས། རང་ཅག་ནམ་ཞིག་ལ་གསེར་གྱི་གཏེར་ཁ་ཡོད་ས་དེར་སླེབས་ཐུབ”
ཤ་མདོག་ནག་པའི་ཕྲུ་གུ་གཅེར་བུ་མ་ཞིག་གིས་དེ་ལྟར་དྲིས་པས་དེད་དཔོན་གྱིས
“ད་དུང་ལོ་འགར་ལ་འགྲུལ་བཞུད་བྱས་རྗེས་བཤད”ཟེར། རི་ལོས་རང་གི་གམ་གྱི་བུ་མོ་ཆུང་ཆུང་དེར་ལྐོག་ཏུ་དྲིས་པ་ན་མོས “དེ་ནི་བཙོང་ན་དངུལ་མང་བོ་རག་པའི་རིན་པོ་ཆེ་ཞིག་ཡིན”ཟེར།
“དངུལ་མང་བོ་རག་རྗེས་ཁྱོད་ཀྱིས་ཅི་ཞིག་བྱེད་འདོད།”
“རྒྱལ་ཁབ་གཞན་ལ་སློབ་སྦྱོང་དུ་འགྲོ་འདོད།”བུ་མོ་དེས་རི་ལོའི་གདོང་ལ་ཅེར་ནས་དེ་ལྟར་བཤད་རྗེས་གྲུ་ནང་གི་མི་ཀུན་ལ“ཁྱོད་ཚོའི་རེ་བ་ངའི་རེ་བ་དང་གཅིག་འདྲ་ཡིན་ནམ”ཞེས་དྲིས༑
ལག་པ་གཅིག་ལས་མེད་པའི་བུད་མེད་གཟུགས་ཐུང་ཞིག་ན་རེ་“ངས་འཁོན་འཛིང་བྱེད་ཚུལ་ཁོ་ན་སློབ་སའི་སློབ་གྲྭ་ཞིག་བཙུགས་ཏེ་རིམ་གྱིས་སློབ་མ་ཚོ་མི་རིགས་གསར་བ་ཞིག་ཏུ་སྒྱུར་འདོད།”
གཡག་རྔས་བཟོས་པའི་མིག་ཤེལ་གྱོན་ཞིང་སེན་མོ་ཚང་མ་ཤིག་བསད་པའི་ཁྲག་གིས་དམར་བོར་བསྒྱུར་བའི་རྒན་པོ་ཞིག་ན་རེ།“ངས་རང་ཁྱིམ་ལ་གསོལ་བ་འདེབས་སའི་བླ་མ་གསོན་པོ་ཞིག་ཉོ་འདོད།”
དམག་དཔུང་ལས་བྲོས་བྱོལ་བྱས་ཡོང་བའི་གསར་བུ་ཆུང་ཆུང་ཞིག་ན་རེ།“ངས་རྒྱལ་ཁམས་འགྲིམས་ཏེ་འཛམ་གླིང་སྟེང་གི་མི་རིགས་རེ་རེའི་སྨད་ཚོང་མ་གཅིག་རེར་འཁྲིག་པ་སྤྱོད་འདོད།”
ཤ་མདོག་ནག་པའི་ཕྲུ་གུ་གཅེར་བུ་མ་དེ་ན་རེ། “ངས་མི་རྣམས་ལ་དངུལ་ལོར་ལྔ་རེ་རིན་པར་སྦྱིན་ནས་ཁུ་ཚུར་རེ་གཞུ་འདོད།”དེ་ལྟར་གྲུ་ནང་གི་མི་ཀུན་གྱིས་རང་རང་གི་འདོད་པ་རྣམས་སྦ་གསང་མེད་པར་བཤད་རྗེས་རི་ལོས་ཅི་ཟེར་ལ་བསྒུགས་འདུག རི་ལོས་རང་ཉིད་ཇི་ལྟར་གྲུ་ནང་དུ་བུད་པའང་ཧ་གོ་མེད་པས་ཐེ་ཚོམ་མེད་པར་གྲུ་ལས་མཆོངས་པ་ན་ལག་པ་གཅིག་ལས་མེད་པའི་བུད་མེད་དེའང་ཁོའི་རྗེས་སུ་མཆོངས། རློམ་དཀའ་བ་ཞིག་ལ་ཁོ་རང་མཆོངས་སའི་རྒྱ་མཚོ་དེ་སྔར་གྱི་ལུང་སྟོང་དེ་ཡིན་འདུག ཁྱིམ་བདག་རྒན་པོས་སྔར་བཞིན་འཛུམ་དམུལ་ལེར“དོན་དུ་རླུང་བུ་ཞིག་ལྡང་བ་ལས་ཧ་ལས་དགོས་པའི་འགྱུར་ལྡོག་ཅི་ཡང་བྱུང་མེད།”ཟེར། ལག་པ་གཅིག་ལས་མེད་པའི་བུད་མེད(གཤམ་ནས་མོའི་མིང་ལ་ལག་མེད་དུ་འབོད)དེས་རི་ལོར“ངས་ཁྱོད་ཀྱིས་གསེར་འཚོལ་སའི་ལམ་གསར་བ་ཞིག་རྙེད་བྱུང་སྙམ་ནས་ཁྱོད་ཀྱི་རྗེས་འབྲངས་པ་ཡིན།མ་གཞི་ནས་ང་རང་དེད་དཔོན་དེ་ལ་ཡིད་ཆེས་ཀྱིན་མེད”ཟེར།
རི་ལོས་ཁོ་མོར་སྙིང་རྗེ་བསྒོམས་ནས“ད་ནས་བཟུང་ངས་ཀྱང་ཁྱོད་ཀྱི་ཕྱིར་དུ་གསེར་འཚོལ་སའི་ལམ་ཞིག་ཨེ་རྙེད་བལྟ། འོན་ཀྱང་ཁྱོད་ཀྱིས་ང་ལ་འགོ་བ་ཞེས་འབོད་དགོས”ཟེར།
“འགོ་བ། ང་ལ་ཤིང་གི་ལག་པ་ཞིག་ཡོད་པས་དེ་བེད་སྤྱོད་བྱས་ན་ཆོག་གམ།”ལག་མེད་ཀྱི་མིག་ཟུང་ལས་སྲེད་པ་མཚོན་བྱེད་ཀྱི་འོད་སྣང་ཞིག་མངོན།
“ཁྱོད་ཀྱིས་ལག་པ་གཅིག་གིས་ལག་པ་གཉིས་ཀྱི་ཚབ་བྱས་ན་མི་ཆོག་གམ། ཤིང་གི་ལག་པ་སྤྱོད་དགོས་དོན་ཅི་ཡོད།”
“འགོ་བ། གསེར་གྱི་ངོས་སུ་དུག་ཡོད་པ་རེད།”
ལག་མེད་ལ་ཁ་བརྡ་ཅུང་ཙམ་བྱས་རྗེས་རི་ལོ་ངལ་དུབ་ཀྱི་དབང་གིས་གཉིད་ལ་ཤོར། ཁོས་གཉིད་འོག་ནས་ལག་པ་ཐེངས་ཤིག་བསྲིངས་པ་དེ་སྐྱེས་པ་ཞིག་གི་མཆན་ཁུང་དང་འཕྲད། དེ་ནི་མེ་ལྕེའི་མཆན་ཁུང་ཡིན་འདུག ཕྱི་ཉིན་གྱི་མཚན་མོར་ཁོས་སླར་ཡང་གཉིད་འོག་ནས་ལག་པ་ཐེངས་ཤིག་བསྲིངས་བ་དེ་སྐྱེས་པ་ཞིག་གི་ཕོ་བ་དང་འཕྲད། དེའང་མེ་ལྕེའི་ཕོ་བ་ཡིན་འདུག དེ་ལྟར་ཉིན་མོ་མཐོང་ལམ་དུ་མེད་ཀྱང་མཚན་མོར་རེག་ཐུབ་སའི་མེ་ལྕེའི་ལུས་ཀྱི་ཆ་ཤས་དག་གིས་ཁོ་རང་སུན་པོར་བཟོས་ཤིང་དེ་ལ་དམིགས་ནས་ཁྱིམ་བདག་རྒན་པོས“རླུང་ལྡང་བྱུང་”ཟེར། ཉིན་འགར་འགོར་རྗེས་ཁོས་སླར་ཡང་འགྲུལ་བཞུད་ཀྱི་མཇུག་བསྐྱངས་པ་ན་མཐར་སྔར་གྱི་ཉལ་ཐ་འཐེན་མཁན་གྱི་མི་རིད་པོ་དེ་ཡོད་སར་སླེབས། དེ་བས་ཁོས་འཇིག་རྟེན་ནི་རིལ་མོ་ཞིག་ཡིན་པ་དང་དམིགས་ཡུལ་མེད་པར་འགྲུལ་བཞུད་བྱས་ཚེ་ཆེས་མཐའ་མར་སླེབས་ས་ནི་སྔར་འོངས་ས་དེ་ཡིན་པ་གསལ་བོར་ཤེས། ཐེངས་འདིར་མི་རིད་པོ་དེས་ཁོ་ལ་ཁ་ཡ་མི་བྱེད་པར་ལག་མེད་ཀྱི་གདོང་ལ་ཅེར་ཏེ“གསེར་ངོ་མ་ནི་ཉལ་ཐ་ཡིན།”ཟེར།
8.རྩོམ་པ་པོའི་ཆིག་ལབ།
ཕྲན་གྱི་མཐའ་འཁོར་ནས་ཀྱང་རླུང་ལྡང་བྱུང་། ཞིབ་ཏུ་བསྣོམ་ཚེ་དེ་ལ་ཆང་དང་བདུག་སྤོས་ཀྱི་དྲི་ངད་ལྡན། དེ་ནི་འཇིག་རྟེན་བྱེད་པོའི་ཁ་རླངས་ཡིན་པས་སྐྱེ་བོ་ཀུན་གྱི་སྙིང་ཁམས་ལ་ལྡང་ཡང་སྲིད། དེ་རིང་སྔ་དྲོ་ངས་རླུང་གི་སྐོར་གླེང་སྟེ་ལྔ་ལམ་དུ་སོང་བའི་ཇག་པ་ཞིག་གི་བེམ་རོ་མཐོང་། དེ་ལ་འཁོར་བའི་འབུ་སྲིན་མང་བོར་ལྕགས་ཀྱིས་གྲུབ་པའི་གཤོག་པ་རེ་སྐྱེས་འདུག ཕར་བལྟས་ན་ཁོ་ཚོ་མེ་ལྕེའི་གམ་ལ་འཕུར་ངེས་པ་འདྲ།
9.མེ་ལྕེའི་ཉིན་ཐོ།
ང་དང་ཁ་མི་གྲག་པའི་བུ་མོ་གཉིས་ཀྱིས་མཉམ་གཅིག་ཏུ་འཚོ་བ་རོལ་ནས་ཉིན་བཅུ་ལྷག་འགོར་སོང་། དེའི་རིང་མོས་ང་ལ་ཁ་མང་བོ་ཞིག་གྲག་ཞོར་དུ་འཇིགས་སྒྲུང་རིང་བོ་ཞིག་བྲིས། ངས་མོ་ལ་བརྩི་བཀུར་བྱེད་པའི་བསམ་པ་མཚོན་ཕྱིར་འཇིགས་སྒྲུང་དེ་ཐེངས་བཅུར་བཀླགས་པ་ཡིན།
དེ་རིང་སྔ་དྲོ་མོས་འཇིགས་སྒྲུང་དེ་ཆ་ཚང་བ་རྩོམ་ལ་དག་བཅོས་མི་བྱེད་པའི་རྩོམ་སྒྲིང་ཁང་བཟང་བོ་ཞིག་ལ་བསྐུར་ཡང་ཡིད་ཕངས་པ་ཞིག་ལ་ཤོག་ངོས་གཅིག་སྔས་འབོལ་གྱི་འོག་ཏུ་བཅུག་ནས་ལུས་འདུག དེ་ནི་ཤོག་གྲངས་བཅོ་བརྒྱད་པ་ཡིན་པས་ངའི་སྲིང་ཆུང་མ་འདས་མོའི་ལོ་གྲངས་དང་ཡང་མཚུངས། གཤམ་དུ་གསལ་བ་ནི་ཤོག་ངོས་དེར་བྲིས་པའི་འཇིགས་སྒྲུང་ཡིན།
“ལྭ་བ་སྐྱ་བོ་གྱོན་པའི་རྒན་པོ་གཟུགས་རིང་ཞིག་གིས་དྲག་ཆར་གྱི་ཀློང་ནས་རང་ཉིད་ཀྱི་ཁྱི་གུ་བསྒུགས་འདུག ཟ་ཟིར་འཁྱུག་པའི་གློག་ཞགས་ལ་བརྟེན་ནས་ང་ཚོས་ཁོའི་སྐྲ་ཚང་མ་བྱི་བའི་མགོ་བོ་དང་སོ་ཚང་མ་འཐོབ་བའི་ཁ། སྨིན་མ་དང་རྫི་མ་མེད་པའི་མིག་སོགས་གསལ་བོར་མཐོང་ཐུབ། ‘ཨའུ། ཨའུ།ཨའུ།’ཁོའི་ཁྱི་གུས་སོ་བར་དུ་བུད་མེད་ཅིག་གི་ལག་གཡས་བཟུང་ནས་སླེབས་ཡོང་ལ་དེའི་རྗེས་སུ་མུན་ནག་ཁྲོད་ལུས་པའི་རྒྱང་རིང་གི་དུར་ཁྲོད་ཅིག་གིས་ངུ་ཅོར་བྱེད་ཀྱིན་འདུག ‘འདྲེ་ཁྱི། གདོན་ཁྱི།’ཁོས་བྱིས་པ་ཞིག་གི་སྐད་ཀྱིས་དེ་ལྟར་ཟེར་བཞིན་ཁྱི་གུ་རྡོག་བརྫིས་བཏང་ནས་བསད་དེ་ལག་པའི་གསེང་གི་ཁྲག་འཇིབས་ནས་རང་གི་རྒྱབ་ཀྱི་རྡོག་ཁྲེས་ཆུང་ཆུང་དེའི་ཁ་ཕྱེས།རྡོག་ཁྲེས་ནང་དུ་ཡོད་པ་ནི་གྲངས་ཚད་ཁྲི་ལྷག་ལོངས་པའི་མི་ཡི་སེན་མོ་ཡིན།དེ་ནས་ཁོས་ལག་པ་དེའི་ངོས་ཀྱི་སེན་མོ་རྣམས་ཀྱང་རེ་རེ་བཞིན་བཀོད་ནས་རྡོག་ཁྲེས་སུ་བཅུག་སྟེ་ཁ་ཕྱིར་འཁོར།སྐབས་དེར་ཁོའི་མདུན་ནས་བེའུ་ཆུང་ཆུང་ཞིག་ཕར་བརྒྱུགས་སོང་བས་ཁོའི་བེའུ་དེ་ལ་རྫི་བོ་ཞིག་ཡོད་པའང་ཤེས།འོན་ཀྱང་རྫི་བོ་དེ་མ་སླེབས་གོང”
ཁ་མི་གྲག་པའི་བུ་མོས་རང་ཉིད་ལ་ལེ་བདའ་བྱེད་ཞོར་དུ་ཤོག་བུ་དེ་ཨམ་ཕྲག་ཏུ་བཅུག་ནས“ཁྱོད་ཀྱིས་ཀྱང་ང་ལ་མིག་དཔེ་བྱས་ནས་འཇིགས་སྒྲུང་ཞིག་བྲིས་ན་ཇི་འདྲ་ཞིག་འདུག”ཟེར།
དེ་མ་ཐག་ངས་སྨྱུ་གུ་བླངས་ཏེ་འདི་ལྟར་བྲིས་པ་ཡིན།
“རྡོ་ལེབ་དེའི་ངོས་སུ་གྲོག་མ་གཉིས་འདུག ཁོང་གཉིས་ནི་གྲོག་མའི་ནང་ནས་འབྲེལ་བ་བཟང་ཤོས་ཡིནཔ་ས་མཉམ་གཅིག་ཏུ་གྲོག་གཞན་གྱི་སྐྱོན་ཡོན་གླེང་རྒྱུར་ཧ་ཅང་དག། འོན་ཀྱང་དེ་རིང་ཉི་འོད་ཚ་བོས་རྡོ་ལེབ་དེ་ལྕགས་ཚན་ལྟར་བསྲེགས་ཡོད་པས་ཁོང་གཉིས་ཀྱིས་ཉི་མའི་ངན་ཆ་སྣ་ཚོགས་བཤད་བྱུང་།མཚམས་ཤིག་ལ་གྲོག་མ་ཅིག་ཤོས་ཀྱི་རྐང་ལག་རྡོ་ལེབ་ངོས་སུ་འབྱར་སོང་།གྲོག་མ་གཞན་དེས་དེ་ལ་མྱ་ངན་བྱེད་ཀྱིན་པའི་སྐབས་སུ་ཁོའི་རྐང་ལག་ཀྱང་རྡོ་ལེབ་ངོས་སུ་འབྱར་སོང་། སྐར་མ་འགའི་རྗེས་ནས་ཤིག་ཚོན་པོ་ཞིག་དེ་ཀར་སླེབས་ཤིང་ཁོས་གྲོག་མ་གཉིས་ཀའི་རོ་ལ་ཅེར་ནས ‘ཁྱོད་གཉིས་ཀྱིས་ངའི་སྲོ་མ་ཞིག་བརྐུས་སོང་བ་ཕྱིར་སྦྱིན་དགོས’ཟེར་ཚར་མ་ཙམ་དུ་ཁོའང་དེ་ག་ནས་སྐམ་སོང་།དེ་ནས”བྲིས་ནས་མཚམས་འདིར་སླེབས་དུས་ཁ་མི་གྲག་པའི་བུ་མོས“འདི་ནི་འཇིགས་སྒྲུང་ཞིག་མེ་རེད།”ཟེར།ངས“འཇིགས་སྒྲུང་འདི་ལ་ཕྲ་མཐོང་ཆེ་ཤེལ་སྤྱས་ནས་བལྟ་དགོས།”ཞེས་སྨྲས།མོས་ད་དུང་ལྟ་བ་མཁྲེགས་འཛིན་བྱས་ནས“འདི་ནི་འཇིགས་སྒྲུང་ཞིག་མ་རེད།”ཟེར་བས་ང་ཁོང་ཁྲོ་མི་ལངས་ཐབས་མེད་བྱུང་སྟེ“དེས་ན་ཁྱོད་ལྭ་སྐྱ་ཅན་ལའང་ཆུང་ངུར་གཏོང་ཐུབ་པའི་འཕྲུལ་ཆས་ཤིག་གིས་བལྟས་ཚེ་ངའི་གྲོག་མའི་ཟིལ་ཤུགས་ཀྱང་མེད”ཅེས་པ་ན “ཁྱོད་ཀྱིས་ང་ལ་བརྙས་བཅོས་བྱས་བྱུང་།”ཟེར་ནས་མོ་མཚམས་མེད་པར་ངུས་བྱུང་།
སྐབས་དེར་སྐྲ་ལོ་འཛིངས་ཤིང་ལུས་བོངས་ཆེ་བའི་མི་ཞིག་ནང་དུ་སླེབས་བྱུང་ལ་ངས་ཁོ་ནི་རྨི་ལམ་ནང་མཇལ་མྱོང་སའི་རི་ལོ་ཡིན་པར་ཐག་བཅད། ཁོས་དབུགས་ཧལ་ཧལ་གྱིས་ང་ལ་ཅི་ཞིག་བཤད་པར་རྩོམ་དུས་ཁ་མི་གྲག་པའི་བུ་མོ་མཐོང་ཞིང་དེ་མ་ཐག་ཧ་ལས་པའི་ངང་“ཁྱོད་ཅིའི་ཕྱིར་འདིར་ཡོང་བ་ཡིན།”ཟེར།
“ཁྱོད་ལ་སྒུག་པའམ་ཡང་ན་རང་གི་བདེ་སྐྱིད་ལ་སྒུག་ཕྱིར་འདིར་ཡོང་བ་ཡིན།”ཁོ་མོའི་མིག་ལས་སྐད་ཆ་དེ་དང་འདྲ་བའི་འོད་མདངས་ཤིག་མངོན། ཡིན་ནའང་རི་ལོས་མགོ་བོ་ཅུང་ཟད་སྨད་བཞིན “ངའི་བུ་ཆུང་གི་ཚེ་ཡི་འཕེན་པ་རྫོགས་ས་ནི་གྲོང་ཁྱེར་འདི་ཡིན་ལ་ངའི་ཆུང་གྲོགས་མ་ལྷ་མོ་ཆོས་སྒྲོལ་གྱི་ཕུ་བོ་ཡོད་སའང་གྲོང་ཁྱེར་འདི་ཡིན། དེ་བས་ཁྱོད་ཀྱིས་གྲོང་ཁྱེར་འདི་ནས་ང་ལ་བརྩེ་སེམས་སྐོར་གྱི་ཚིག་འབྲུ་གཅིག་ཀྱང་མི་གླེང་བར་འཚལ།”ཟེར།
“དེས་ནས་ཁྱོད་ཀྱིས་མི་ཁྱིམ་ཕྱུག་པོ་ཞིག་གི་ཤུལ་དུ་འཇག་སྐྱ་སྐྱེ་རུ་འཇུག་གམ”
“མིན། ང་ཚོར་ད་དུང་གངས་འདབས་ཀྱི་དུར་ཁྲོད་ཡོད་ཅིང་དེ་ནི་ནམ་ཡང་བདག་གིས་ཐལ་མོའི་གསེབ་ཏུ་བཅུག་པའི་མཛེས་ལྗོངས་ཤིག་ཡིན།”
“དེས་ན་ང་རང་གཏམ་རྒྱུད་ཁྲོད་དུ་ཕྱིར་འགྲོ་རྒྱུ།”ཁ་མི་གྲག་པའི་བུ་མོ་ངེད་གཉིས་ལ་གྱེས་བརྡ་ཙམ་ཡང་མེད་པར་སྒོར་བུད་སོང་།
ངས་རང་གི་སྲིང་ཆུང་མའི་སྐུ་ཟླ་དང་མཉམ་འཛོམས་བྱུང་བའི་དགའ་སྤྲོ་དེ་མཚོན་ཕྱིར་སྒྲ་ཕབ་འཁོར་ལོའི་ཁ་ཕྱེས་ཏེ་གནའ་བོའི་དུས་ཀྱི་བོད་མི་ཚོས་ཇག་ལ་འགྲོ་ཁར་མཉམ་ལེན་བྱེད་པའི་གཞས་ཤིག་གྲགས་སུ་བཅུག་པ་ཡིན།
“ད་ལྟ་འདི་འདྲའི་གཞས་ཀྱང་ཚོང་རྫས་སུ་གྱུར་འདུག”རི་ལོས་ཡིད་ཕངས་པའི་ངང་དེ་ལྟར་ཟེར་བཞིན་ཤུགས་རིང་ཞིག་ཐེན་པ་དང་དེ་ནས་སླར་ཡང“ཁྱོད་ཀྱི་ཁང་བ་འདི་སྦྲ་ནག་ཅིག་ཡིན་ནམ་ཅི་མ་རུང་།”ཟེར།
སྐབས་དེར་ངའི་ཁང་བའི་རྩིག་ལྡེབས་དང་སྒེའུ་ཁུང་གི་བར་གསེང་ལས་སྔར་ཡོད་མ་མྱོང་འི་ཚག་སྒྲ་ཞིག་གྲགས་ལ་དེ་ལྷན་དུ་སྒྲ་ཕབ་འཁོར་ལོར་དྲངས་པའི་གློག་གི་རྒྱུ་བའང་ཇེ་ཞན་དུ་གྱུར། རླུང་བུ་འཇམ་པོ་ཞིག་གིས་མདུན་ཅོག་སྟེང་བརྩེགས་པའི་ལོ་རྒྱུས་དང་རྩོམ་རིག་གི་དཔེ་དེབ་དག་ཕར་བསློག་ཚུར་བསློག་བྱས་ཏེ་མཐར་དེ་ཚོའི་ངོས་ཀྱི་ཡིག་འབྲུ་དག་མི་གསལ་བར་བཟོས་སོང་།རི་ལོས་ནན་ཏན་དང་སྒམ་བརླིང་ངང་སྒེའུ་ཁུང་ཕྱི་རོལ་གྱི་རྫོབ་ཅིང་མཐུག་པའི་དུ་སྨུག་ལ་བལྟས་ཏེ་ “ངས་གངས་རིན་པོ་ཆེ་འཕྲོག་རྩོད་བྱེད་མཁན་གྱི་མི་ལ་རས་པ་དང་ན་རོ་བོན་ཆུང་གི་ཞབས་རྗེས་འཚོལ་འདོད། ཞབས་རྗེས་དེ་ནི་ཕྱི་རོལ་གྱི་དུ་སྨུག་དང་འབྲེལ་བ་གཏན་ནས་མེད་པ་ཞིག་ཡིན༑”ཟེར། ངས་ཁོ་ལ་བདེན་པའི་བརྡ་རུ་འཐེབ་བོང་ཀེར་བ་ན་ཁོས “ཁྱོད་ཀྱིས་རང་ཉིད་ནི་ལས་འཕྲོ་ཞིག་གི་མཇུག་སྐྱོང་མཁན་ཡིན་པ་ཤེས་འདུག་པས་ཤིན་ཏུ་ལེགས། ཁྱོད་ཀྱིས་ལེགས་པོར་གཟིགས་དང་། རང་ཅག་ལ་ཡོད་པ་ནི་འདི་ཙམ་རེད”ཅེས་རང་གི་རྡོག་ཁྲེས་ཀྱི་ཁ་ཕྱེས་བྱུང་།དེའི་ནང་དུ་སྣེ་གཅིག་མེ་མདས་བཅད་སོང་བའི་འུར་ཆ་ཞིག་དང་།སྦུབས་སུ་མེ་ཏོག་གི་འདབ་མ་འཚངས་པའི་རྐང་གླིང་ཞིག ཁྲག་གིས་བྱུགས་པའི་ཕྱག་མདུད་རིང་བོ་ཞིག མི་རབས་དགུར་བེད་སྤྱད་མྱོང་བའི་ཤིང་ཕོར་རྙིང་བ་ཞིག ད་དུང་བུད་མེད་ཀྱི་རྒྱན་ཆ་ཅི་རིགས་དང་དུད་འགྲོ་དབང་དུ་སྡུད་བྱེད་ཀྱི་འདོགས་ཐག་སོགས་ཡོ་བྱད་སྣ་ཚོགས་མཆིས། ངེད་གཉིས་ཀྱིས་ཡོ་བྱེད་དེ་དག་གི་རིན་ཐང་སྐོར་ལ་གླེང་མོལ་བྱེད་ཀྱིན་པའི་དུས་སུ་ཨ་མོ་དང་ཆོས་སྤ་གཉིས་གུས་ལུགས་མེད་པའི་ངང་ནང་དུ་འཛུལ་ཞིང་མོ་གཉིས་ཀྱིས་མཉམ་གཅིག་ཏུ“གནའ་རྫས་འདི་དག་ལ་མ་མཐའ་ཡང་དངུལ་ལོར་ས་ཡ་གཅིག་རག་ངེས་རེད”ཟེར།
“ཁྱོད་གཉིས་ཀྱིས་དངུལ་ལོར་གླེང་ནས་ཅི་བྱེད།”
“ཚེ་སྲོག་རེ་ཉོ་འདོད་པ་ཡིན།”
རི་ལོས་མོ་གཉིས་ཀྱི་འོད་མདངས་ཤོར་བའི་གདོང་ལ་བལྟས་ཏེ “ངའི་མངའ་ཁོངས་སུ་འང་མིང་ལ་ལག་མེད་ཟེར་བའི་བུད་མེད་ཅིག་ཡོད་མོད་ངས་ཁོ་མོ་ཟས་ཀྱི་སྙིགས་མ་བཞིན་དོར་བ་ཡིན།དེའི་ཕྱིར་ཁོ་མོའི་རིགས་མཐུན་དག་ལ་ངས་ཁ་ཡ་བྱེད་མི་འདོད”ཟེར༑དེ་འཕྲལ་ཨ་མོས་རང་ཉིད་ནི<<མ་ཡུམ>>ཞེས་པའི་འཁྲབ་གཞུང་དེ་རྩོམ་མཁན་ཡིན་པ་དང་དེས་འཇིག་རྟེན་སྟེང་ཤུགས་རྐྱེན་སྣ་ཚོགས་ཐེབས་པ། ད་དུང་རང་ཉིད་ཀྱིས་རི་ལོས་ཁྲིམས་ལ་སྦྱར་མྱོང་བ་དེར་ད་ལྟ་བློ་འགྱོད་སྐྱེ་བཞིན་ཡོད་པ་སོགས་གསལ་བཤད་བྱས་ཀྱང་རི་ལོས་བསམ་བཞིན་དུ་མོ་ལ་འཁོན་ལན་བསློག་ཕྱིར“ངས་ཁྱོད་ངོ་ཤེས་ཀྱིན་མི་འདུག”ཟེར།
“ཧིན།ཁྱོད་ཀྱིས་རང་གི་ཆུང་མའང་ཤི་བོ་ཞིག་ཡིན་པ་ཤེས་པར་གྱིས”ཨ་མོས་བཙན་ཚུགས་ཀྱིས་དེ་ལྟར་བཤད།
“འོན་ཀྱང་ཁྱོད་དང་ཁོ་མོ་གཉིས་ཀྱི་འཆི་ཚུལ་དང་འཆི་ཡུལ་གང་ལ་མཚུངས།ཁོ་མོ་ཡིད་སེམས་ཤམ་བྷ་ལར་ཕྱོགས་བཞིན་གངས་འདབས་ཀྱི་དུར་ཁྲོད་ནས་ཤི་བ་རེད”
“དེས་ན་ང་གང་ནས་ཤི་བ་རེད། ང་གང་ནས་ཤི་བ་རེད།”
ཨ་མོ་ཧོ་རིང་དཔེ་མེད་པ་ཞིག་འདེབས་བཞིན་སྒོར་བུད་སོང་། ཆོས་སྤ་མོའི་རྗེས་སུ་བརྒྱུགས།
“རོ་ཟ་མཁན་ཡང་རྙེད་མེད་པའི་ཤི་བོ་འདི་ཚོ་ངོ་མ་སྙིང་རེ་རྗེ།”རི་ལོའི་དཔྲལ་གཉེར་ཕྲ་མོ་ལས་གཞན་ལ་བརྩེ་བ་སྒོམ་པའི་ཉམས་ཤིག་ཀྱང་མངོན་བྱུང་།ཁོའི་གྲིབ་མས་རྩིག་ལྡེབས་ཀྱི་ངོས་སུ་མཛེས་ཉམས་བཏོན་པའི་གློག་བརྙན་སྤྱན་སྦིར་ཚོའི་ཟིལ་ཤུགས་ཉམས་པར་བཏང་བ་དང་དུས་ཡུན་རིང་བོར་ཐབས་རྡུགས་དང་འུ་ཐུག་གིས་འཚོ་བ་བསྐྱལ་བའི་ངའི་སེམས་ཁམས་ལའང་གྲོགས་པོ་ཞེས་པའི་དོན་སྤྱི་དེ་འཆར་དུ་བཅུག
“གྲོགས་པོ།”ངས་ཁོ་ལ་ཆེས་ཐོག་མར་དེ་ལྟར་བོས་པ་ན་ཁོས་ཀྱང་རིང་གི་མཐའ་མཇུག་གི་གནས་ཚང་རྙེད་པ་ཇི་བཞིན་སྤྲོ་པའི་ཉམས་ཀྱིས་འཛུམ་མདངས་ཤིག་བསྟན་པ་དང་འཛུམས་མདངས་དེ་ལས་སྙིང་སྟོབས་ཤིག་དང་རང་གཤིས་ཤིག་ཀྱང་མངོན།
“རང་ཅིག་གི་ཆུང་ངུའི་དུས་ཀྱི་རྩེད་ར་དེ་བདག་གི་སེམས་ངོས་སུ་ད་དུང་ཡང་གཏན་དུ་མི་འཇིག་པའི་ཕོ་བྲང་ཞིག་ཏུ་གྲུབ་ཡོད། དེ་ནི་རྩྭ་ལྗང་གི་ཁ་དོག་འཛིན་པའི་གླུ་སྐད་ཀྱིས་བརྩིགས་ཤིང་ཆོས་སྒྲ་དང་ཁ་བ་དཀར་བོའི་བྱམས་སེམས་ཀྱིས་བསྐྱངས་པས་ནམ་ཡང་འཇིག་རྟེན་འདིའི་ཆེས་མཐོ་སར་ཉི་ཟླའི་ཚུལ་གྱིས་འགྱིང་ཡོད༑” སྐད་ཆ་འདིས་བདག་ལ་ཕ་ཡུལ་གྱི་མཛེས་ལྗོངས་ཉམས་སུ་མྱོང་བའི་སྲེད་པ་ཞིག་བསྩལ་མོད་འོན་ཀྱང་ཁ་མི་གྲག་པའི་བུ་མོ་གཏམ་རྒྱུད་ཁྲོད་ཕྱིར་ཕེབས་ཟིན་པ་དེས་ལས་འཕྲོ་ཞིག་སྐྱོང་བའི་མཚམས་བཅད་པ་ཇི་བཞིན་བདག་གི་སྟོབས་ཤུགས་དེ་ཉམས་དམས་སུ་གཏོང་བཞིན་མཆིས།དེའི་ཕྱིར་ངའི་ངག་ལས་ཤོར་བ་ནི་ཁོ་མོའི་སྐོར་གྱི་གཏམ་ཉུང་ངུ་ཞིག་སྟེ “ཁ་མི་གྲག་པའི་བུ་མོ་ད་ལྟ་གང་དུ་ཡོད་དམ། ཁོ་མོ་རང་ཅག་གི་ཆུང་ངུའི་དུས་ཀྱི་རྩེད་ར་ཡོད་སར་འགྲོ་ཐུབ་བམ།”ཞེས་པ་དེ་རེད།
“ཁོ་མོ་ནི་སོས་དལ་བག་ཕེབས་ངང་ཉིན་རེ་བཞིན་ཉི་ཟླའི་འཆར་ནུབ་ལ་གཟིགས་མཁན་གྱི་བུ་མོ་གཡག་ཞོན་ཞིག་རེད།ལྷས་ར་ཆུང་ཆུང་དེའི་ཕྱོགས་མཚམས་ཀུན་ཏུ་བྱིས་པ་རྐང་རྗེན་མ་ཚོས་ཀྱང་ལྷ་ཡུལ་དང་དམྱལ་ཁམས་སྐོར་གྱི་རྩེད་མོ་རྩེ་བཞིན་པས་ཁོ་མོ་གནས་དེར་ལོག་འོས། དེ་བས་ཁྱོད་ཀྱི་སྡོད་ཁང་འདི་གངས་དཀར་དང་མཚོ་མོས་གནང་བའི་ཁོ་མོའི་སྐུ་ལུས་དང་ག་ལ་མཚམས།”
“<<མི་རོ་རྩེ་སྒྲུང>>ཁྲོད་དུ་ཁོ་མོ་བུ་མོ་ཐགས་མཁན་ཞིག་མིན་ནམ།”
“དེ་ནི་ཁོ་མོའི་མེས་པོའམ་བུ་རྒྱུད་ཀྱིས་སྒྲོ་བཏགས་པ་ཞིག་རེད། ཁོ་ཚོས་འཇིག་རྟེན་གྱི་སྤྱི་བོར་ཆེས་རྔམ་བརྗིད་ལྡན་པའི་དར་ཆ་ཞིག་བཙུགས་པ་ནས་བཟུང་སྐྱེས་པ་ཚོས་ཀི་སྒྲ་དང་རལ་གྲིར་བརྟེན་ནས་བདུད་དཔུང་དམ་དུ་བཏགས་པར་བཤད་ལ་བུད་མེད་ཚོས་བྱམས་བརྩེ་དང་ཁྲེལ་གཞུང་ལ་བརྟེན་ནས་ཉི་འོད་ཀྱང་ཐགས་སུ་འཐག་པར་གླེང་།ཇི་འདྲའི་རང་ཚུགས་ཅན་གྱི་མི་རིགས་ཤིག་རེད་ཨང་།”
“དེས་ན་ཁོ་མོ་ངའི་སྡོད་ཁང་དུ་ཅིའི་ཕྱིར་འོངས་པ་ཡིན་ནམ།”
“དེ་ནི་ཁྱོད་རང་ཁོ་ཚོར་དབང་བའི་ཆེས་མཐའ་མཇུག་གི་དཔལ་འབར་ཆུང་ཆུང་ཞིག་ཡིན་པ་ལས་ལན། གལ་ཏེ་ཁྱོད་རང་གཟིམས་ཚེ་གངས་འདབས་ཀྱི་དུར་ཁྲོད་དེའང་ས་རྒོད་དང་གཤིན་ཐང་དུ་གྱུར་ནས་མཐའ་མར་འཕྲུལ་རྫས་ཀྱིས་ཁྱུར་མིད་བྱེད་རྒྱུ་རེད། གསལ་བོར་བཤད་ན་རླུང་ལྡང་བས་ལན།”
“རླུང་ལྡང་བས་ལན།”ངས་ཀྱང་དེ་ལྟར་ཟེར་བཞིན་རི་ལོར་ལམ་དུ་ཆས་པའི་བརྡ་ཞིག་བསྟན་པ་ན་ཁོས“འུ་གཉིས་གང་དུ་འགྲོ”ཟེར།
“གྲོང་ཁྱེར་ཕྱི་རོལ་དུ་སྟོང་བསམ་གྱི་གླིང་ཀ་གཏོང་དུ་འགྲོ།”
“སྟོང་བསམ་གྱི་གླིང་ཀ”ནི་གྲོང་ཁྱེར་འདིར་གསར་དུ་དར་བ་ཞིག་སྟེ་དེའི་བཟོ་རྩལ་དང་བཀོད་པ་ནི་སྐར་མའི་གོ་ལ་གཞན་ཞིག་ལས་ནང་འདྲེན་བྱས་པར་གྲགས། གནས་དེ་ནས་རང་གི་སེམས་ལ་ཤརབ་མཐའ་དག་མངོན་སུམ་ཇི་བཞིན་ལོངས་སུ་སྤྱོད་རྒྱུ་ཡོད་ཀྱང་ཆུ་ཚོད་སྐརམ་གཅིག་གི་རིང་ཤོག་དངུལ་ཁྲི་གཅིག་སྤྲོད་དགོས་པས་རིན་ཐོང་ཧ་ཅང་མཐོ། གྲོང་ཁྱེར་འདིའི་འགོ་གཙོ་དང་མིང་དུ་གྲགས་པའི་ཕྱུག་པོ་ཚོས་དུས་རྒྱུན་པར་གླིང་ཀ་འདི་གཏོང་གིན་ཡོད་པས་དེའི་ཤུལ་ནས་གྲོང་མི་ཕལ་བ་ཚོས་ཁོ་ཚོའི་རྒྱུ་ནོར་རྐུ་འཕྲོག་བྱས་པ་བགྲང་གིས་མི་ལོངས།
རི་ལོ་དང་ངེད་གཉིས་ཀྱིས་སྐད་ཆ་སུམ་ཅུའི་སྤ་སེ་ཉོས་ཏེ་སྟོང་བསམ་གྱི་གླིང་ཀ་བཏང་བ་ཡིན།སྐབས་དེར་ངེད་གཉིས་ཀྱི་མདུན་དུ་བྱུང་བ་ནི་གཅིག་པ་གཅིག་རྐྱང་སྟེ་ཕྲུག་ལྭ་དམར་སྨུག་གྱོན་པའི་བུ་མོ་ཞིག་གི་རྒྱབ་ཏུ་དར་ལྕོག་རླུང་གིས་རྡེབ་པའི་སྒྲ་དབྱངས་ཤིག་གྲགས་ལ་ཆུ་ཕྲན་དྭངས་མོ་ཞིག་ཀྱང་ལྷུང་ལྷུང་དུ་བཞུར།
ཁོ་མོས་ངེད་གཉིས་ལ་བལྟས་ནས“སྦྲ་ནག་ཅིག་རྡུལ་སྨུག་གིས་བཏུམས་སོང་བས་ངོ་མ་ཡ་རེ་ང་”ཞེས་སྨྲས་མ་ཐག་དུས་ཚོད་ལོན་སོང་། ཁོ་མོ་ནི་ལྷ་མོ་ཆོས་སྒྲོལ་རེད།
རི་ལོས“དུས་ཚོད་ཀྱི་ཚོད་འཛིན་ཡོད་པའི་འཇིག་རྟེན་འདི་འདྲ་སུ་ཡིས་ལོངས་སུ་སྤྱོད།”ཟེར། དེ་ལྟར་ངེད་གཉིས་དཔུང་བ་མཉམ་གཤིབས་ཀྱིས་གནས་དེ་དང་བྲལ་ཏེ་ནུབ་ཕྱོགས་སུ་ཡོང་བ་ཡིན། ནུབ་ཕྱོགས་ནི་ཆེས་དྲི་ཞིམ་པའི་རླུང་བུ་ལྡང་ས་དང་ཆེས་འགྱུར་ཁུག་སྙན་པའི་གཞས་ཆུང་འཁྱིལ་ས་ཡིན། དེ་རུ་ང་རང་ཉིད་ཀྱི་ཆེས་ཐོག་མའི་ངུ་སྐད་ཡོད་ཀྱང་སྲིད། དེ་ནི་དངུལ་ལོར་མ་སྤྲད་ཀྱང་ཉམས་སུ་མྱོང་ཆོག་པའི་ལྷ་ཡུལ་ཡིན།
10.ཡུལ་ལྗོངས།
“ཨྃ་མ་ཎི་པདྨེ་ཧྰུྃ… …”
རྒས་མོ་དེ་མེ་རྫས་ཀྱིས་བསྲེགས་ཚར་བའི་གཞིས་ཁྱིམ་ཞིག་གི་འཚེར་ཤུལ་ཏུ་ལངས་འདུག ཁོ་མོས་ལོ་ཟླས་བརྐོས་པའི་དཔྲལ་གཉེར་འོག་གི་མིག་ཟུང་ལ་བརྟེན་ནས་རྒྱང་རིང་གི་གངས་རི་དེའི་རྩེར་མོར་བལྟ་བའི་མོད་ལ་གངས་རིའི་ཕྱི་རོལ་གྱི་ཡུལ་ལྗོངས་དེ་རྟོག་བཏགས་བྱས་ནས་མིག་མདུན་དུ་མངོན་ཐབས་བྱས། ཁོ་མོའི་བུ་ཆུང་གངས་རི་དེའི་ཕྱི་རོལ་ཏུ་ཡོད། བསམ་བཞིན་བསམ་བཞིན་མིག་ཆུ་ཐིགས་ཕྲེང་མང་བོ་རིམ་པ་ལྟར་སར་ལྷུང་ཞིང་དེས་འདབ་མ་རེ་གཉིས་མེ་ཡིས་ཚིག་པའི་མེ་ཏོག་ཅིག་ལ་ཆེས་མཐའ་མཇུག་གི་བརླན་གཤེར་བསྩལ།
མོའི་མིག་ལམ་ལ་སླར་ཡང་ཡུལ་ལྗོངས་ཤིག་ཤར། དེ་ནི་མོ་རང་ལོ་ན་བཅུ་དྲུག་ཡིན་དུས་ཀྱི་གནས་དེའི་བཀོད་པ་ཡིན། མོའི་ལུས་ཀྱི་མཐོ་ཚད་དང་མཉམ་པའི་རྩྭ་ལྗང་རེ་རེས་རླུང་བུའི་རྒྱུན་དང་ལྷན་དུ་མགོ་ལྕོག་ལྡེམ་ལ་ཉི་མའི་འོད་དང་མཉམ་དུ་གཟི་དཔལ་ངོམ། གློ་བུར་དུ་མཉམ་ཞིང་འགྱུར་ཁུག་རྫོགས་པའི་རྨིག་སྒྲ་ཞིག་གྲགས་འོངས་པས་མོ་རང་ཆེས་རྫོངས་མཐུག་པའི་རྩྭ་གསེབ་ཅིག་ནས་ཡིབ་བསྡད། དེ་ནི་རླུང་འཚུབ་དང་ཤྭ་འོད་ཇི་བཞིན་ཐང་ཆེན་རེ་རེ་ཤོག་སྐྱ་ལྟར་ལྟེབས་པའི་རྐྱང་ཁུ་ཞིག་རེད།
མོ་འཁྲུལ་སྣང་ལས་ཕྱིར་ཐོན། རྒྱབ་ཕྱོགས་ནས་དྲག་ཆར་འབབ་པའི་བརྡ་རུ་འབྲུག་སྒྲ་ཞིག་གྲགས་པས་མོས་རང་གི་གམ་གྱི་དུ་དྲེག་ཆགས་པའི་གསེར་ཏོག་དེ་སྙིང་ཁར་སྦྱར། དེ་ལྟར་མོ་རང་གནས་དེ་ནས་ཚེ་ལས་འདས་སོང་།
ཕྱིས་སུ་ཡུལ་གྲུ་འདིས་མོ་རང་པི་ཝང་བསྣམས་པའི་ལྷ་མོ་ཞིག་ཏུ་བཞེངས།
རླུང་བུ་མཚམས་མེད་དུ་ལྡང་། རླུང་བུས་མོའི་སྨོན་པ་མཐའ་དག་རྒྱང་རིང་གི་བུ་ཆུང་དེའི་སེམས་ངོས་སུ་བསྐྱལ།
“ཨྃ་མ་ཎི་པདྨེ་ཧྰུྃ”
11.རྩོམ་པ་པོའི་ཆིག་ལབ།
འོ་མ་དེ་ཁྲག་ཏུ་མི་འགྱུར་བའི་དམ་བཅའ་ཁྱོད་ཀྱིས་བཞེས་རོགས། བདག་གི་ཡིད་ངོས་ཀྱི་གཙང་ཆུར་ཁྲུས་ལ་རོལ་བའི་ལྷ་མོ། རི་ལོ་དང་མེ་ལྕེ་གཉིས་ནུབ་ཕྱོགས་སུ་ཆས་པའི་ཉིན་འདི་ནས་རང་ཅིག་གི་གཏམ་རྒྱུད་ལ་སླར་ཡང་ལས་འགན་གསར་བ་ཡོད་བྱུང་། ད་དུང་ཡང་ཡུམ་ཆེན་མའི་མིག་འོད་ལྟ་བུའི་ཉི་འོད་དྲོན་པོས་བདག་གི་ལུས་མཁར་བསྲོ་ངེས་ན་སྨྱུ་གུ་འདིའི་འོག་ཏུ་རང་གཤིས་ཀྱིས་འགྱིང་བའི་མི་སྣ་མཐའ་དག་ཁྱོད་ཀྱི་མཐའ་འཁོར་ཏུ་འཛོམས་ནས་གླུ་ངག་སྙན་མོའི་དངོས་གྲུབ་ལ་རོལ་ངེས། རྒྱུ་མཚན་ནི་ཁྲག་དང་མིག་ཆུས་བྲིས་པའི་སྒྲུག་གཏམ་འདི་ནི་ངས་ཁྱོད་ལ་བསྐུར་བའི་བརྩེ་འཕྲིན་ཞིག་སྟེ་དེའང་ཁ་བར་བསླད་པའི་སེམས་པ་ཆུང་ཆུང་ཞིག་ལས་ལོ་དང་ཟླ་བ་མང་བོར་ནང་སོན་པ་ཐུགས་ལ་ཟུངས།རི་རྒྱབ་ཏུ་རྐང་རྗེས་ཕབ་སྟེ་བདག་ལ་བསླུ་བྲིད་གཏོང་བའི་ལྷ་མོ།
ལེའུ་གསུམ་པ། ལྷ་ས།
ཕོ་བྲང་འདབས་ཀྱི་སྙན་ངག་མའི་མིག་ཆུ་ཉར་མཁན།
བདག་གི་གྲོང་ཁྱེར་ཆུང་ཆུང་།
–བཙུན་མ་ཞིག་གི་གཉིད་བཤད་ཟ་ཟིའི་བརྗོད་བྱ།
1.གཏམ་རྒྱུད།
སྨག་ནག་པའི་མཚན་མོར་ཁོས་སྒེའུ་ཁུང་ལས་མགོ་བོ་ཕྱིར་བསྲིངས་ཏེ་སྤྲིན་གསེབ་ནས་གསལ་ལ་མི་གསལ་ཙམ་ཞིག་མངོན་པའི་ཟླ་བར་བལྟས་འདུག ཁོའི་རྒྱབ་ཀྱི་གྱང་ལྡེབས་ངོས་ཀྱི་མེ་ལོང་ནང་དུའང་ཟླ་བའི་གཟུགས་བརྙན་ཇི་མ་ཇི་བཞིན་ཤར་བས་ང་ཚོས་ཁོ་ནི་ཟླ་བ་གཉིས་ཀྱི་བར་དུ་བཙིར་བའི་སེམས་ཅན་སྡུག་བསྔལ་ཅན་ཞིག་ཏུ་ངོས་འཛིན་ཆོག ཁོས་ཁ་ཕྱིར་འཁོར་ཏེ་མེ་ལོང་ནང་དུ་བལྟས་པ་ན་ཟླ་བའི་གཟུགས་བརྙན་དེ་ཁོའི་གདོང་གི་གཟུགས་བརྙན་དུ་གྱུར་ལ་དེ་ལས་འུ་ཐུག་པའི་འཛུམ་མདངས་ཤིག་མངོན་འདུག ཁོས་དེ་མཐོང་རྗེས་གད་མོ་རྟ་སྐད་འདྲ་བ་ཞིག་བརྒྱབ་མོད་འོན་ཀྱང་མེ་ལོང་ནང་གི་གཟུགས་བརྙན་དེས་ངུ་སྐད་ཅིག་བཏོན་པར་མ་ཟད་ད་དུང་ཁོའི་ཕྱོགས་སུ་གོམ་སྟབས་བསྒྱུར་འོངས་པ་འདྲ། དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་གཟུགས་བརྙན་དེ་ཁོའི་གཟུགས་བརྙན་ནས་ཁོའི་གྲོགས་པོ་ཕུར་བུའི་གཟུགས་བརྙན་དུ་གྱུར། སྐབས་འདིར་ཁོས་སྐྲག་སྣང་ཆེན་པོས་ཁ་ཕྱིར་འཁོར་བ་ན་ཟླ་བའང་ཕུར་བུའི་མགོ་བོར་གྱུར་འདུག་ལ་དེས“ངོ་ལོག་པ་ཁྱོད་ལྔ་ལམ་དུ་འགྲོ་བའི་དུས་ལ་བབས་བྱུང་༑ ཁྱོད་གསོད་མཁན་གྱི་ལག་དམར་ད་ལྟ་ཤར་ཕྱོགས་ནས་ལམ་ལ་ཆས་བྱུང་། ཁྱོད་ཀྱིས་ལྟོས་དང་། ཁོ་མེ་ལོང་ནང་ཤར་བྱུང་། ཁོའི་མིང་ལ་རི་ལོ་ཟེར”ཟེར། ཁོས་སླར་ཡང་ཁ་ཕྱིར་འཁོར་བ་ན་སྔོན་ཆད་གཏན་ནས་མཐོང་མ་མྱོང་བའི་ཕོ་གསར་ཞིག་མངོན། ཕོ་གསར་དེས“ངོ་ལོག་པ”ཞེས་བོས་མ་ཐག་ཁོ་འགྲེ་ལྡོག་ཅིག་དང་མཉམ་དུ་གཉིད་ལས་སད།
ཁོ་ནི་མིང་ལ་སེང་ཀོར་འབོད་པའི་ཉེས་ཅན་ཞིག་སྟེ་ཉིན་སུམ་བརྒྱ་དང་དོན་གསུམ་གྱི་སྔོན་དུ་ཁོས་རང་གི་གྲོགས་པོ་ཕུར་བུ་ར་བཟི་བའི་སྐབས་དང་བསྟུན་ཏེ་གྲི་བསྣུན་ནས་བསད་པ་རེད། དེའང་ཉིན་ཞིག་གི་སྔ་དྲོར། ཡུལ་འདིའི་མི་ཚོགས་སམ་དད་འབངས་ཀྱིས་ཆོས་གོས་སེར་བོ་བསྣབས་པའི་སྤྲུལ་སྐུ་འགའི་མཐའ་ནས་བསྐོར་ཏེ་ཞི་བའི་མཆོད་རྟེན་ཆེན་མོ་ལེགས་པར་འགྲུབ་པའི་མཛད་སྒོ་ལ་དགའ་སྟོན་རྟེན་འབྲེལ་ཞུས། དགུང་གྲངས་བརྒྱད་ཅུ་ལྷག་བཞེས་པའི་འབྲུག་པ་སྐུ་ཕྲེང་དྲུག་པ་བཤད་སྒྲུབ་ནོར་བུ་མཆོག་གིས་ལྷོ་རྒྱབ་འཛམ་བུ་གླིང་གི་སྐྱེ་བོ་ཀུན་གྱིས་དགེ་བའི་ལེགས་ཚོགས་མ་ལུས་གཅིག་ཏུ་འདུས་པའི་ཞི་བདེའི་དཔལ་ཡོན་ལོངས་སུ་སྤྱོད་པར་སྨོན་ལམ་རླབས་པོ་ཆེ་བཏབ་རྗེས་མཆོད་རྟེན་དེར་བཞུགས་པའི་ལྷ་སྐུ་དང་གསུང་རབ་སོགས་ཀྱི་ཕན་ཡོན་མདོར་བསྡུས་ཤིག་གསུངས་ཤིང་ལྷག་པར་དུ་རྟེན་གྱི་གཙོ་བོ་ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་གདུང་ཐལ་ནི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་རིན་པོ་ཆེ་ཞིག་ཡིན་པ་ཀུན་ལ་གསལ་བོར་བསྒྲགས། སྐབས་དེར་ཀོ་ལྤགས་ལས་སྣོན་གྱི་བཟོ་གྲྭ་གཉེར་ཏེ་མ་རྩ་ལྡིབ་པའི་སེང་ཀོས་གནས་ཚུལ་དེ་ཤེས་འཕྲལ་ཉིན་མང་བོའི་རིང་གོ་སྐབས་ལ་བསྒུགས་ཤིང་མཐའ་མར་སྤོབས་པ་ཆེན་པོས་མཆོད་རྟེན་ནང་འཛུལ་ནས་ཆོས་རྒྱལ་གྱི་གདུང་ཐལ་བརྐུས་པར་མ་ཟད་གཉིད་ལ་ཤོར་བའི་གྲྭ་བ་སྒོ་གཉེར་བ་ཞིག་ཀྱང་བསད། ཕྱིར་ལོག་པའི་ལམ་ཁར་ཁོ་རང་གི་གྲོགས་པོ་ཕུར་བུ་དང་འཕྲད་ཅིང་ཕུར་བུས་ཁོ་ལ“ཁྱོད་འདི་འདྲའི་མཚན་གུང་ཞིག་ལ་གང་དུ་སོང་བ་ཡིན།”ཟེར།ཁོས་ཀྱང་ཕུར་བུ་ལ“དེས་ན་ཁྱོད་གང་དུ་འགྲོང་བ་ཡིན།”ཞེས་དྲིས་པར་ཕུར་བུས་ཨ་རེག་དམ་བུ་གང་བསྟན་ཏེ“འདི་འཐུང་དུ་འགྲོ་བ་ཡིན”ཟེར། ཁྱིམ་དུ་ལོག་རྗེས་ཁོའི་སྙིང་རྩ་རྒྱུན་ལྡན་མིན་པ་ཞིག་ཏུ་གྱུར་འདུག་ལ་ལྷག་པར་དུ་ཕུར་བུའི་ཕྱོགས་སུ་མནོ་བསམ་བཏང་མཐར་སྐད་ཆ་མང་བོ་ག་ས་ག་རུ་ཆུ་བཞིན་བྱོ་བར་དགའ་བའི་མི་དེས་ནམ་ཞིག་ལ་ཆང་འཐུང་གྲོགས་པོ་ཚོའམ་རྩེད་གྲོགས་བུ་མོ་ཚོའི་མདུན་ནས་རང་དང་འཕྲད་པའི་གནས་ཚུལ་དེ་བཤད་ངེད་རེད་སྙམ། ཕྱི་ཉིན་ཆོས་རྒྱལ་གྱི་གདུང་ཐལ་རྐུ་ལ་ཤོར་བའི་སྐོར་ག་ས་ག་རུ་ཁྱབ་པས་ཁོ་བློ་མ་བདེ་བར་དོགས་པ་ཆེན་པོས་ཕུར་བུའི་གམ་དུ་སོང་། ཁོས་ཕུར་བུའི་སྤྱོད་སྟངས་དང་གདོང་གི་ཉམས་ལ་བརྟེན་ནས་དོན་ཚང་མ་ཤེས་རྟོགས་བྱུང་ཡོད་པར་ཐག་བཅད་ཅིང་གཡོ་ཐབས་ཅི་རིགས་ལ་བརྟེན་ནས་ཕུར་བུ་ལྐོག་གསོད་བྱས། དེ་འཕྲལ་ཁོས་རང་གི་ལུས་ལའང་བཙན་ཚུགས་ཀྱིས་རྨ་ཁ་འགའ་བཟོས་ཏེ་ཉེན་རྟོག་པའི་མདུན་དུ“གང་ནས་ཡོང་བ་མི་ཤེས་པའི་མི་ངན་འགས་ངའི་གྲོགས་པོ་བསད་ཅིང་ང་རང་རྨས་སོང”ཞེས་བརྗོད་པར་ཉེན་རྟོག་པ་ཁོའི་ངག་བཀོད་བཞིན“མི་ངན”གྱི་རྗེས་འདེད་པར་བུད་སོང་།
དེ་ལྟར་ཁོས་ཆོས་རྒྱལ་གྱི་གདུང་ཐལ་དེ་བཙོང་ཡང་མ་ཕོད་ཕྱིར་མཆོད་རྟེན་དུ་འཇོག་ཀྱང་མ་ཕོད་པར་ཤི་མ་གསོན་གྱིས་འཚོ་བ་སྐྱེལ་བཞིན་ཡོད་ལ་ནམ་རྒྱུན་མཚན་མོ་རེ་རེ་བཞིན་རང་ཉིད་གསོད་མཁན་གྱི་མི་དེ་རེད་ཟེར་བའི་རི་ལོ་རྨི་ལམ་དུ་རྨི་བཞིན་འདུག
“ངོ་མ། ཁོ་ནི་གངས་དཀར་ཏི་སེའི་རྔམ་བརྗིད་དང་རླུང་རྟས་བཀང་བའི་ནམ་མཁའ་ལ་ངོ་ལོག་བྱེད་མཁན་ཞིག་སྟེ་ཁོས་རང་ཉིད་གྲུབ་བྱེད་ཀྱི་ཁྲག་དང་ཁུ་བ་དེ་རྣམ་པ་གཞན་ཞིག་ཏུ་སྒྱུར་བའི་ཕྱོགས་ལ་འབད་བརྩོན་བྱེད་ཀྱིན་འདུག”སྐད་ཆ་འདི་གཙུག་ལག་ཁང་གི་མདུན་དུ་བརྐྱངས་ཕྱག་འཚལ་གྱིན་པའི་རྒན་པོ་ཞིག་གི་ཆིག་ལབ་ཡིན་ལ་འདིར་བརྗོད་པའི“ཁོ”ནི་སེང་ཀོ་མིན་པར་རྒན་པོ་དེའི་བུ་འབྲིང་བ་ཡིན། འོན་ཀྱང་ང་ཚོས་གླེང་དགོས་པ་ནི་སེང་ཀོ་ཡིན་པ་ལས་རྒན་པོ་དེའི་བུ་འབྲིང་བ་མིན།
སེང་ཀོ་གྲོང་ཁྱེར་ལྷ་སའི་སྡོད་འབངས་དཀྱུས་མ་ཞིག་མིན་པའི་ཆ་ནས་བཤད་ན་ནམ་རྒྱུན་ཁྲོམ་སྲང་དུ་མྱུལ་ཏེ་ཆང་ཁང་ནས་རྩེད་འཇོར་རོལ་རྒྱུ་ནི་སྤྲོ་སྣང་ཆེ་ཤོས་ཀྱི་ལས་ཀ་ཞིག་སྟེ་ངོ་གདོང་ཐལ་མདོག་ཡིན་པའི་སྨད་ཚོང་མ་ཁ་ཤས་ཀྱིས་ཁོ་ལ་“འཚོ་འཛིན”ཞེས་བོས་ཏེ་ཡིད་ལ་དགའ་བདེ་སྐྲུན་པའི་གཏམ་གྱི་ཕྲེང་བ་གཅིག་འཕྲོག་གཅིག་འབུལ་དུས་ཁོས་རང་ཉིད་དངུལ་ལོར་གྱི་ཕག་ཏུ་སྦེད་ཡོད་པའང་བརྗེད་དེ“བུ་མོ་ཚོ། ཁྱོད་ཅག་གིས་དུས་ནམ་ཡང་ང་རང་བརྗེད་མི་ཐུབ་བམ།”ཞེས་ཀྱང་སྨྲ་སྲིད། དེ་རིང་ཡང་ཁོས་སེམས་ཀྱི་ཟིང་ཆ་ཅུང་འཇགས་ཕྱིར་ཆང་ཁང་ཞིག་ནས་རྩེད་མོར་རོལ་གྱིན་མཆིས། འོན་ཀྱང་ཁོའི་ངག་ལས་མི་འཆོར་བ་ནི་གདུང་ཐལ་སྐོར་གྱི་སྐད་ཆ་རེད།
“འཚོ་འཛིན་ལགས།”ཐལ་མདོག་མ་ཞིག་གིས་ངག་སྒོ་ཕྱེ་བར་རྩོམ་དུས་མགོ་རིས་དམར་བོ་དཀྲིས་པའི་བུ་མོ་ཞིག་ཆང་ཁང་དེའི་སྒོ་འགྲམ་བརྒྱུད་ནས་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་བུད་སོང་།ཡིནན་འང་ཁོས་དེ་ནི་རི་ལོ་དང་མེ་ལྕེས་འཚོལ་གྱིན་པའི་“ཁ་མི་གྲག་པའི་བུ་མོ”ཡིན་པ་ག་ལ་ཤེས།
“འཚོ་འཛིན་ལགས།ཁྱོད་ཀྱི་ཆུང་མ་དང་བུ་ཕྲུག་གིས་ཁྱོད་ཉིད་ཉིན་བཞིན་ཆང་ཁང་འདིར་ཡོང་གིན་ཡོད་པ་ཚོར་ཨེ་ཡོད༑”
“ང་ལ་ཆུང་མ་མེད་ལ་བུ་ཕྲུག་ཀྱང་མེད།”སྐབས་འདིར་ཁོའི་སྐད་ཇེ་སྦོམ་དུ་གྱུར་འདུག ཅུང་ཙམ་འགོར་རྗེས་ཁོས་ཐལ་གདོང་མ་ཞིག་ལ་འོ་བྱེད་བཞིན་མིག་ཟུང་བཙུམས་པ་ན་མིག་ལམ་དུ་མངོན་པ་ནི་ལག་ལ་གྲི་ཐུང་བཟུང་བའི་རི་ལོ་རེད།
2.མེ་ལྕེའི་ཉིན་ཐོ།
རི་ལོ་དང་ངེད་གཉིས་རང་སེམས་སུ་གཏན་དུ་བཅངས་པའི་ནུབ་ཕྱོགས་སུ་སླེབས་བྱུང་། དེ་ནི་ཇི་འདྲའི་རྒྱ་ཆེ་ཞིང་བློ་ཤོང་དཀའ་བའི་ཡུལ་གྲུ་ཞིག་རེད་ཨང་།
ངེད་གཉིས་ཐོག་མར་སླེབས་སའི་གྲོང་རྡལ་ཆུང་ཆུང་འདི་ནི་ནུབ་ཕྱོགས་སུ་སྐྱོད་པའི་སྒོ་མོ་དང་བོ་ཡིན་ལ་སྒོ་མོ་འདི་ནས་གྲོང་ཁྱེར་ལྷ་སའི་ཕྱོགས་སུ་ལམ་བུ་གཉིས་བརྐྱངས་ཡོད། དེ་ལས་གཅིག་ནི་འཕྲུལ་འཁོར་གྱི་འགྲིམ་འགྲུལ་ཡོ་བྱད་སྐྱོད་སའི་གཞུང་ལམ་དང་ཅིག་ཤོས་ནི་རྟ་ཞོན་དང་། རྐང་ཐང་། ཕྱག་འཚལ་མཁན་བཅས་འགྲོ་སའི་རྐང་ལམ་རེད། ལམ་བུ་དེ་གཉིས་ལས་གང་བརྒྱུད་ཀྱང་གྲོང་ཁྱེར་ལྷ་སར་སླེབས་ཐུབ་པ་འདྲ་མཚུངས་ཡིན་མོད་མི་འདྲ་ནི་འགྲོ་བ་བོའི་སེམས་ཀྱི་ཚོར་བ་རེད།
“རྒན་ལགས།ཁྱོད་རང་གངས་འདབས་ཀྱི་དུར་ཁྲོད་དུ་ངལ་གསོ་བྱེད་པར་ག་དུས་ཕེབས་རྩིས་ཡོད།”སྐད་ཆ་འདི་རི་ལོས་དེའུ་འབུར་ཞིག་གི་སྟེང་དུ་ཙོག་བུར་བསྡད་དེ་མ་ཎི་བགྲང་བཞིན་པའི་རྒན་པོ་ཞིག་ལ་སྨྲས་པ་ཡིན་ཞིང་རྒན་པོས་ཁོ་ལ་ལན་བསྐྱོན་པར་རྩོམ་པའི་སྐབས་སུ་གྲོང་རྡལ་འདི་ཀའི་གསར་བུ་སྦག་སྦག་ཞོན་མཁན་འགས་ང་ཚོའི་མཐའ་ནས་བསྐོར་བྱུང་། ཁོ་ཚོས་སྦག་སྦག་ལ་ལྕགས་གཟིག་ཏུ་འབོད་ཅིང་དེ་ལས་འཕྲུལ་རྫས་ལ་བརྩི་བཀུར་བྱེད་པའི་བསམ་པ་ཞིག་མངོན།
“ག་རེ། དུར་ཁྲོད། དུར་ཁྲོད་གླེང་མཁས་པའི་མི་ཞིག་ཡིན་ན་ཤི་གསོན་གྱི་བར་དུ་མཚུངས་རྟགས་རྒྱག་པར་མི་ཕོད་ག་ལ་སྲིད༑”སྐྲ་ལོ་རིང་བོས་རྒྱབ་གཞུང་ཁེབས་པའི་གསར་བུ་ཞིག་གིས་གྲི་རིང་ཤུབས་ལས་བཏོན་ཏེ་རི་ལོའི་མཇིང་བར་བཞག་བྱུང་། རི་ལོས“ཁྱི་རྐུན། ཁྱོད་ཀྱིས་གྲི་སར་ཞོག་དང་ངས་ཁྱོད་ལ་རོལ་རྩེད་ཅིག་རྩེ།”ཞེས་རང་གི་རུས་པ་མཐའ་དག་མེར་བསྒྲོན་ནས“ཁྱོད་ཀྱིས་ནོར་བུ་ཟླུམ་པོའི་དབྱིབས་སུ་སྣང་བའི་མེ་ལྕེ་ལ་གཟིགས་དང་༑ རང་ཅག་གི་ལོ་རྒྱུས་ནི་འདི་ལྟ་བུའི་ཟིལ་ཤུགས་རྫོགས་པ་ཞིག་རེད། བདག་གི་རུས་ཚིགས་རེ་རེ་དུས་རབས་ཀྱི་དཀྱོགས་མཚམས་རེ་རེ་ཡིན་ན་མེ་ལྕེ་འདི་ནི་དམག་འཁྲུག་གི་མེ་ལྕེ་དང་༑ ནད་ཡམས་ཀྱི་མེ་ལྕེ། འཐབ་རྩོད་ཀྱི་མེ་ལྕེ། རྒྱལ་ཁའི་མེ་ལྕེ་དང་བདེ་སྐྱིད་ཀྱི་མེ་ལྕེ་བཅས་ཡིན་ངེས”ཞེས་རང་ལ་མ་ཡུམ་གྱིས་བཤད་པའི་སྐད་ཆ་དེ་ཁོ་ཚོའི་མདུན་ནས་བསྐྱར་ཟློས་ཐེངས་གཅིག་བྱས། སྐབས་དེར་ནམ་མཁའི་དབྱིངས་ནས་གཤོག་འོད་འཚེར་བའི་གནམ་གྲུ་ཞིག་ཕར་འཕུར་ཚུར་འཕུར་བྱས་ཤིང་དེའི་ལྡིར་སྒྲས་གྲོང་རྡལ་འདིའི་ཁང་བརྩེགས་རེ་རེར་གཡོ་འགུལ་ཐེབས་ཤིང་རི་ལོའི་མཇིང་བར་བཞག་པའི་གྲི་དེའང་སར་ལྷུང་དུ་བཅུག
དེ་འཕྲལ་གསར་བུ་དེས“ཨ་མའི་བུ་ཟེར་བ་ཁྱོད་རེད། དེའི་ཕྱིར་ངེད་ཅག་དྲག་ཆར་ཚོགས་པས་ཁྱོད་གཉིས་ལྷ་སར་སྐྱེལ་བའི་ལས་འགན་ཕྲག་ཏུ་ལེན་རྒྱུ”ཟེར།
“དྲག་ཆར་ཚོགས་པ།”གསར་དུ་ཐོན་པིའ་ཐ་སྙད་འདིས་གྲོང་རྡལ་འདིའི་བྲོ་གར་ཁང་དང་བོད་ཟས་ཟ་ཁང་།ཅོག་ལྒང་རྩེད་ར། བརྙན་ཕབ་ཁང་སོགས་མི་ཚོགས་འདུ་འཛོམས་བྱེད་ས་ཚང་མར་གོ་གནས་ངེས་ཅན་ཞིག་བཟུང་ཡོད། མེས་པོ་ཚང་མ་དམག་མི་བྱེད་མྱོང་བའི་ཚོགས་མི་དག་གིས་གནས་ངེས་མེད་དུ་འཁྱམས་ཉུལ་བྱེད་བཞིན་ལང་ཚོའི་ཁེངས་པ་དང་མི་གཤིས་ཀྱི་ཟིལ་རྔམ་ངོམ་པའི་མི་རབས་སྔོན་མ་འམ་གདོད་མའི་དུས་ཀྱི་དཔའ་རྒོད་ཚོར་ལད་ཟློས་བྱེད་པ་གཙིགས་སུ་འཛིན། འོན་ཀྱང་རི་ལོས་ཁོ་ཚོའི་གྲས་ཀྱི་གསར་བུ་ཆུང་ཆུང་ཞིག་ལ“སྨད་ཚོང་མ་ཚོས་ཁྱོད་ཀྱི་ལུས་སྟེང་གི་དབང་ཐང་བཅོམས་འདུག”ཟེར་བ་ན་དེའུ་འབུར་སྟེང་དུ་ཙོག་བུས་བསྡད་དེ་མ་ཎི་འདོན་བཞིན་པའི་རྒན་པོ་དེས“བདེན་པར་འདུག ཁྱོད་ཚོས་མདའ་མོ་གཅིག་མིག་རྒྱང་གསུམ་ལ་འཕེན་མི་ཐུབ་པ་སུས་མི་ཤེས”ཟེར༑
གང་ལྟར་ངེད་གཉིས་ལམ་དུ་ཆས་པ་ཡིན། “དྲག་ཆར་ཚོགས་པའི”སྐྱེལ་མ་དང་དུ་མ་བླངས་པས་བྱིས་པ་ཆུང་ཆུང་རེས་ཀྱང་ངེད་གཉིས་ལ་“ལས་བསོད་དམན་པའི་ལམ་འགྲོ་བ”ཞེས་འབོད་ཀྱིན་འདུག
རི་ལོས་བཤད་པ་ལྟར་ན་གནས་འདི་མི་འགྱངས་པར་མྱ་ངམ་ཐང་དུ་འགྱུར་ངེས་ཤིང་སྐབས་དར་མི་རྣམས་ལ་མངོན་སུམ་གྱི་འཚོ་བ་ཙག་ཙིག་དེ་ལས་རྨི་ལམ་ཞེས་པའི་འཇིག་རྟེན་ཞིག་རོལ་རྒྱུ་མེད༑
ཁ་དོག་དང་གཟུགས་དབྱིབས་མི་འདྲ་བའི་དར་ལྕོག་དང་མེ་ཏོག་མང་བོ་ངེད་གཉིས་ཀྱི་མིག་ལམ་ནས་རེ་རེ་བཞིན་ཡལ་ཞིང་དེ་དག་ནི་ལམ་འགྲམ་དུ་ལས་ལ་བྲེལ་བཞིན་པའི་གྲོང་མི་ཚོའི་ངོ་གདོང་ཇི་བཞིན་སྙིང་དུ་སྡུག་པ་ཞིག་རེད། འོན་ཀྱང་སྙིང་དུ་མི་སྡུག་པ་ཞིག་ནི་ཐག་རིང་ནས་ངེད་གཉིས་ཀྱི་རྗེས་འདེད་བཞིན་འོངས་པའི་ཨ་མོ་དང་ཆོས་སྤ་རེད།
དྲང་མོར་བཤད་ན་ངེད་གཉིས་མདུན་དུ་སྐྱོད་པ་ནི་དུས་ལ་བརྟེན་པ་ལས་རང་གི་རྐང་ཟུང་ལ་བརྟེན་པ་མ་ཡིན། དུས་ཚོད་ཟེར་བའི་འཇིགས་རུང་གི་གཅན་གཟན་འདིས་ངེད་གཉིས་ཚུད་པའི་འགྲོ་བ་ཀུན་འཇིག་རྟེན་གྱི་གྲུ་ག་སོ་སོར་ཡར་འདེད་མར་འདེད་བྱས་ཏེ་མཐའ་མར་དབུགས་ཀྱང་ལེན་དཀའ་བ་ཞིག་ཏུ་བཟོ་སྲིད། དེ་བས་ངེད་གཉིས་གནས་གཅིག་ཏུ་གཏན་འཇགས་སུ་གནས་ཀྱང་དུས་ཚོད་ཀྱིས་གོམ་པ་སྤོ་བཞིན་འདུག་ལ་ཚུལ་དེ་མི་རྣམས་ཀྱི་སྣང་ངོར་ངེད་གཉིས་ཀྱིས་གོམ་པ་སྤོ་བཞིན་པ་དང་ངོ་བོ་དབྱེར་མེད་དུ་གྱུར་འདུག གལ་ཏེ་ངེད་གཉིས་ཀྱིས་རྒྱང་རིང་གི་གནམ་སའི་མཚམས་ཀྱི་སྤྲིན་དམར་ཞིག་དུས་ཚོད་ཀྱི་ཚད་གཞིར་བཟུང་ན་དེ་སྤྲིན་དཀར་རམ་སྤྲིན་ནག་ཏུ་མ་འགྱུར་གོང་དུ་གོམ་པ་སྤོས་པ་ཙམ་གྱིས་གནས་དེར་སླེབས་མི་ཐུབ། དེའི་ཕྱིར་དུས་ཚོད་ཀྱིས་ང་ཚོའི་བླ་སྲོག་དང་འཚམས་པའི་མཛེས་སྡུག་གི་དངོས་པོ་ཡོད་ཚད་གནའ་རྫས་སུ་བསྒྱུར་བ་འམ་མེད་པར་བཟོས་ལ་ང་ཚོར་དུས་ནམ་ཡང་དུ་དྲེག་གིས་ཟིན་པའི་བར་སྣང་ཞིག་མཁོ་སྤྲོད་བྱེད་བཞིན་མཆིས། གཞན་ལུགས་འདི་ཚུལ་བཞིན་རྟོགས་པའི་མི་རྣམས་ཀྱིས“ངས་དུས་ཚོད་ཟེར་བའི་གཅན་གཟན་འདི་གསོད་རྒྱུ”ཞེས་རྫིག་རྔམ་སྣ་ཚོགས་སྟོན་ཡང་མཐའ་མར་ཁོང་ཚོས་དེའི་སྡེར་འོག་ནས་ཉམ་ཆུང་བའི་འཁུན་སྒྲ་འདོན་བཞིན་མཆིས།
ཆར་བ་བབས་བྱུང་། ལྷ་སར་འགྲོ་བའི་རླངས་འཁོར་མང་བོ“ཁྲུས”ལ་རོལད་བཞིན་ངེད་གཉིས་ཀྱི་གམ་དུ་འགྲོ་ཞིང་དེ་ལས་ཨ་རུའི་ཕ་ཝང་རྟགས་ཅན་གྱི་རླངས་འཁོར་ཞིག་གིས་ངེད་གཉིས་ཀྱི་ཕྱོགས་ལ་ཐེངས་དུ་མར་དུང་བརྡ་བརྒྱབ། དེར་བསྡད་པའི་ཁ་ལོ་བ་དང་མི་ཚང་མ་ཨ་རུའི་མིང་གྲགས་ཅན་གྱི་གླུ་མ་MADONNAཡི་སྒྲ་བརྙན་བཟོ་སྐྲུན་ལས་གྲྭའི་ལས་ཀ་བ་སྟེ་ཁོ་ཚོས་ངེད་གཉིས་ལ་“གང་ལྟར་ལོ་རྒྱུས་ཀྱིས་ཁྱོད་གཉིས་ཤུལ་དུ་བསྐྱུར་སོང་། དེ་བས་ཁྱོད་གཉིས་རླངས་འཁོར་དུ་བུད་དང་། ང་ཚོ་མཉམ་དུ་ལྷ་སར་འགྲོ།”ཟེར།
ངས“འོན་ཀྱང་ཡིད་ཕངས་དགོས་པ་ཞིག་ལ་ཁྱེད་ཚོ་འགྲོ་ས་ནི་ལྷ་ས་མིན་པར་གྱང་ཆག་ཁོ་ན་ལས་ཅི་ཡང་མེད་པའི་གནའ་བོའི་གྲོང་ཁྱེར་ཞིག་གི་རྗེས་ཤུལ་རེད”ཞེས་བཤད།
“རྗེས་ཤུལ། ང་ཚོར་མཁོ་བ་ནི་རྗེས་ཤུལ་ཡིན།”
“རྗེས་ཤུལ་ལ་བརྟེན་ན་དངུལ་མང་བོ་རག་ཐུབ”རི་ལོས་དེ་ལྟར་སྨྲས་པ་ན་ཁོ་ཚོས་མཉམ་གཅིག་ཏུ་“དངུལ”ཟེར་བཞིན་རླངས་འཁོར་གྱི་མྱུར་ཚད་ཀྱང་ཇེ་མགྱོགས་སུ་བཏང་སྟེ་མྱུར་མོར་བུད་སོང་། ངེད་གཉིས་ཀྱི་གོས་ཡོངས་རློན་པར་གྱུས་བས་བྲག་སྐྱིབས་ཤིག་ནས་ངལ་གསོ་ཕྲན་བུ་བརྒྱབ་པ་ཡིན། སྐབས་དེར་ངེད་གཉིས་ཀྱི་གམ་ནས་སླེ་བོ་ཆུང་ཆུང་ཁུར་བའི་བུ་མོ་ཞིག་གིས་ཀྱང་ངལ་གསོ་བརྒྱབ་ཅིང་ཁོ་མོས་ངེད་གཉིས་ཀྱི་ཕྱོགས་ལ་ལྟ་ཙམ་བྱས་ནས་སྐད་ཆ་ཞིག་བཤད་རྩིས་བྱེད་པའི་རྣམ་འགྱུར་རེ་སྟོན་ཡང་མཐའ་མར་རྒྱུ་རྐྱེན་ཅི་ཡོད་པ་མི་ཤེས་ཀྱང་མགོ་བོ་ནང་དུ་སྒུར་བར་བྱེད།
“ཁྱོད་ཕ་གིའི་སྡེ་བའི་ནང་གི་ཡིན་ནམ།”ངས་ཁོ་མོར་དེ་ལྟར་དྲིས་པ་ན་མོས་མགོ་བོ་འཕྲེད་དུ་ཡུག་བཞིན“ང་ལ་ཕ་ཡུལ་མེད།”ཟེར།
“འོ་ན་སླེ་བོ་འདིས་ཅི་བྱེད།”
“ངས་སླེ་བོ་འདིའི་ནང་དུ་མི་མང་བོ་ཞིག་གི་རྐང་རྗེས་རྒུམ་བཞིན་ཡོད།དཔེར་ན་ཚངས་དབྱངས་རྒྱ་མཚོ་དང་མི་ལ་རས་པ། སྡིག་པ་དབང་ལྡན་གྱི་རྐང་རྗེས་ལྟ་བུ།”
“སྡིག་པ་དབང་ལྡན་ཟེར་བ་སུ་རེད།”
“ཡུལ་དཔོན་གྱི་བཀའ་ཁྲིམས་ལ་རྒྱབ་འགལ་བྱས་ཏེ་ཚེ་གང་བོར་ཡུལ་གྱར་གྱི་འཚོ་བ་རོལ་བའི་ཇག་པ་ཞིག་རེད། ངག་རྒྱུན་ལྟར་ན་ཁོ་གང་དུ་སོང་ཡང་རྗེས་འདེད་མཁན་ལ་འབྲོང་རྒོད་ཁྲི་ཕྲག་གཅིག་ཡོད་སྐད། དེ་ནི་ཁོའི་རྒྱུ་ནོར་རང་རེད།”
སྐད་ཆ་ཐོས་མ་ཐག་རི་ལོས“དེས་ན་ཁྱོད་ནི་ངའི་གྲིབ་མ་མ་ཡིན་ནམ།”ཟེར།
“ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན།”
“ཤེས་རབ་ལ་བརྟེན་ནས”
རི་ལོས་རང་གི་གྲིབ་མ་རྙེད་བྱུང་བས་ངས་རང་ལའང་གྲིབ་མ་ཞིག་ཨེ་ཡོད་སྙམ་པ་ན་ཁོས་ང་ལ“ཁ་མི་གྲག་པའི་བུ་མོ་ནི་ཁྱོད་ཀྱི་གྲིབ་མ་རེད།”ཟེར། སྐབས་དེར་ང་ཚོའི་ཉེ་གམ་ནས་གློག་ཞགས་གྱ་གྱུ་ཞིག་འཁྱུག་ལ་དེས་རི་ལོའི་གྲིབ་མ་མི་གསལ་བར་བཟོས་སོང་། ཡིན་ནའང་རི་ལོའི་གདོང་ལས་སྐྱོ་ཉམས་མངོན་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་ཡིད་དུ་འོངས་པའི་འཛུམ་མདངས་ཤིག་འཚེར་བྱུང་།
ཁོ་ན་རེ“གུས་པར་འོས་པའི་གྲོགས་མཆོག་མེ་ལྕེ་ལགས། བདག་གི་གྲིབ་མས་ཤུགས་སུ་བསྟན་པ་ནི་ཁྱོད་སྡིག་པ་དབང་ལྡན་གྱི་རྣམ་ཤེས་ཡིན་པ་དེ་རེད།”
“ཅིའི་ཕྱིར?”ངས་ཁོས་བཤད་པའི་གཏམ་གྱི་ཧ་ཆེར་མ་གོ་བས་དེ་ལྟར་དྲིས།
“རྒྱུ་མཚན་སྨྲ་ཐབས་བྲལ།”
ངས་སླར་ཡང་ཁོ་ལ“ཅིའི་ཕྱིར”ཞེས་སྨྲས་པ་ན་ཁོས་རྡོག་ཁྲེས་རྒྱབ་ལ་ཁུར་ཏེ་ལམ་ལ་ཆས་སོང་། དྲག་ཆར་གྱི་ཀློང་ན་ཁོའི་གཟུགས་བརྙན་དེ་སྔར་ལས་བརྗིད་པོར་འདུག་པས་ངས་རང་གིས་རང་ལ་“གོ་སྐབས་སྒུག་རྒྱུ་ནི་ཐབས་རྡུགས་ཀྱི་ལས་སུ་ཟད”ཅེས་སྨྲ་ཞོར་དུ་ཁོའི་རྗེས་སུ་འབྲངས། མདུན་ཕྱོགས་ནས་རྣ་བར་གཟན་པའི་ལྡིར་སྒྲ་ཞིག་གྲགས་ཡོང་བ་ན་ཁོས་གྱོན་གོས་རྣམས་རེ་རེ་བཞིན་ཕུད་ནས་གཅེར་བུ་བུད་དེ“ཀྱེ། མེ་སྒྱོགས། ཁྱོད་ཀྱི་རྒྱབ་རྟེན་དུ་གཞུང་ལུགས་སམ་ཇུས་གཞི་ཅི་ཞིག་ཡོད་ཀྱང་མི་སྐྲག”ཟེར། འོན་ཀྱང་དེ་ནི་མེ་སྒྱོགས་ཀྱི་སྒྲ་མ་ཡིན་པར་ཁ་མི་གྲག་པའི་བུ་མོས་བྲིས་པའི་འཇིགས་སྒྲུང་ནང་གི་བདུད་རྒན་ཞིག་གི་རྟུག་དྲིའི་སྒྲ་རེད། འཇིགས་སྒྲུང་དེར་བྲིས་པ་ལྟར་ན་བདུད་རྒན་དེས་མི་ཞིག་གི་ལུས་སྟེང་ན་རང་ལ་ལྷན་སྐྱེས་སུ་ཡོད་པའི་ཤ་ཁྲག་རུས་གསུམ་ལས་གཞན་དངོས་པོ་ཅི་ཞིག་ཡོད་ཀྱང་མི་དེ་གསོན་པོར་ཁྱུར་མིད་དུ་གཏོང་བ་ཡིན། དེའི་ཕྱིར་གཅེར་བུར་བུད་པའི་རི་ལོར་ཁོས་གནོད་པ་ཕྲན་ཙམ་ཡང་བཏང་མེད། ངས་ཁོ་མཐོང་མ་ཐག“ཁྱོད་ཀྱི་རྩོམ་པ་པོ་ངའི་གྲིབ་མ་ཡིན”ཞེས་ཁ་ཕྱིར་འཁོར་ཏེ་བྲོས་པ་ན་ཁོས“བྱིས་པ་ནི་བྱིས་པ་རང་རེད”ཟེར། སྐབས་དེར་རི་དང་ལྗོན་ཤིང་།མེ་ཏོག་དང་ཆུ་བོ།ཐ་ན་རི་ལོས་ཀྱང་“བྱིས་པ་ནི་བྱིས་པ་རང་རེད”ཟེར།
ངས“ང་མྱུར་བར་འཚར་ལོངས་ཡོང་དགོས”ཞེས་ཨག་སྐད་ཞིག་བཏབ། དེ་མ་ཐག་རི་ལོ་དང་ཨ་མོ། ཆོས་སྤ་གསུམ་ཀས་ངའི་མཐའ་ནས་རུབ་འདུག་ལ་ཁོ་ཚོས་མཉམ་གཅིག་ཏུ“སྡིག་པ་དབང་ལྡན་ནི་ཁྱོད་ཀྱི་སྐྱེ་བ་སྔོན་མའི་སྔོན་ལ། ད་དུང་དེའི་སྔོན་མ་རེད”ཟེར༑
གོང་གི་སྐད་ཅིག་མའི་དུས་ཡུན་དེའི་ནང་ང་རང་བརྒྱལ་སོང་བ་འམ་ཡང་ན་ཤི་སོང་། ང་ཚོས་རོལ་གྱིན་པའི་འཇིག་རྟེན་གྱི་འཚོ་བ་ནི་མེ་མདའ་ཞིག་གི་ཁོག་སྦུབས་དང་འདྲ་ལ་ང་ཚོ་ནི་ནམ་ཞིག་ལ་གས་གཏོར་འབྱུང་བ་མི་ཤེས་པའི་མདེའུ་རེ་རེ་རེད། ང་རང་སྡོད་སའི་མེ་མདའ་དེ་འཛིན་མཁན་ནི་ངའི་རྩོམ་པ་པོ་ཡིན་ལ་རྩོམ་པ་པོ་ཁོ་རང་སྡོད་སའི་མེ་མདའ་དེ་འཛིན་མཁན་ནི་ལས་དབང་རེད༑ འོན་ཀྱང་དགོད་བྲོ་བ་ཞིག་ལ་ཨ་མོས་བྲང་དགྱེ་དགྱེ་བྱས་ཏེ་“ཁྱོད་རང་སྡོད་སའི་མེ་མདའ་དེ་འཛིན་མཁན་ནི་ང་རང་ཡིན”ཞེས་རྫིག་ཉམས་བསྟན་བྱུང་། ངས་ཁོ་མོའི་སྔོན་ཆད་ཀྱི་འཚོ་བར་ཕྱིར་དྲན་ཞིག་བྱས་ནས“ཁྱོད་ཀྱིས་ངེད་གཉིས་ལྷ་སར་འགྲོ་བར་བར་ཆད་མ་བྱེད”ཅེས་སྨྲས།
“ཁྱོད་ཀྱིས་ད་དུང་ང་ཤི་བོ་ཞིག་རེད་འདོད་དམ། ངས་ནུས་མཐུ་ཆེ་བའི་སྤྲུལ་སྐུ་ཞིག་གི་མདུན་ནས་ཚེ་སྲོག་གསར་བ་ཞིག་བླངས་ཟིན༑”
“འོ་ན་ཆོས་སྤ”
“མོ་ང་དང་འདྲ།”
ངས་མོས་བཤད་པའི་གཏམ་དེ་བདེན་པ་ཡིན་མིན་ར་སྤྲོད་བྱ་ཆེད་“ཁྱོད་གཉིས་ཀྱིས་མཉམ་གཅིག་ཏུ་ཕ་གིར་ལྟོས་དང་། མི་མང་བོས་མཉམ་དུ་རུབ་པའི་ཁང་བ་ཆེན་པོ་དེ་ཅི་ཞིག་རེད”ཅེས་སྨྲས།
མོ་གཉིས་ཀྱིས་མགྲིན་གཅིག་ཏུ“དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་འཁོར་ལྟེ་ལྟ་བུའི་གཙུག་ལག་ཁང་རེད། དེའི་ནང་དུ་གྱོན་གོས་རལ་ཞིང་ངོ་གདོང་སྨུག་པའི་སྐྱེ་བོ་མང་བོས་ཇོ་བོའི་ཞལ་ལ་གསེར་རྩི་བྱུག་བ་ཞིན་མཆིས་”ཟེར།
“དེས་ན་ཁང་བ་དེའི་ཕྱི་རོལ་ཏུ་ཅི་ཞིག་མཆིས”
“ཁང་བ་དེའི་ཕྱི་རོལ་ཏུ་བསུང་ངད་ཞིམ་པའི་རླུང་བུ་བསིལ་མོ་ཞིག་དང་དག་པའི་ཞིང་ལ་ཕྱོགས་པའི་མིག་ཟུང་གྲངས་མེད་མཆིས། མིག་ཟུང་རེ་རེའི་ནང་དུ་གངས་རི་རེ་དང་གངས་རི་རེ་རེའི་འདབས་སུ་མཚོ་མོ་རེ་མཆིས”
“སྐད་ཆ་འདི་དག་བཤད་པ་ནས་བཟུང་ཨ་མོ་དང་ཆོས་སྤ་གཉིས་གཤིས་རྒྱུད་འཇམ་ཞིང་གཞུང་རྒྱུད་དྲང་བའི་མཛངས་མ་གཉིས་སུ་གྱུར་ལ་ཁོ་མོ་གཉིས་ཀྱིས་ཤི་བོའི་དུས་ཀྱི་སྡུག་བསྔལ་དང་སྤྱོད་སྟངས་ཡོངས་རྫོགས་མཉམ་གཅིག་ཏུ་བརྗེད་སོང་།”
ང་ཚོ་ཚང་མས་སྤྲུལ་སྐུ་དེའི་བཀའ་དྲིན་བསམ་བཞིན་ལྷ་སའི་ཕྱོགས་ལ་གུས་ཕྱག་རེ་འཚལ། ཆར་བ་འབབ་མཚམས་ཆད་ཅིང་འཇའ་ཚོན་ཞིག་གིས་ང་ཚོའི་མདུན་ལམ་བསུས།
3.ཡུལ་ལྗོངས།
ཡོལ་བ་འདིའི་ངོས་སུ་འཚེམ་དྲུབས་ཀྱི་ཡིག་ཕྲེང་བསྟར་མ་ཞིག་རྡོ་བརྐོས་ཀྱི་མ་ཎི་བཞིན་གསལ་ཞིང་དེ་ནི་སྟོབས་འབྱོར་ཆེས་ཆེ་བའི་ཚོང་ལས་ཀྱི་ཚོགས་པ་ཞིག་གི་ཐོན་རྫས་མཚམས་སྦྱོར་བྱེད་པའི་བརྡ་ཁྱབ་ཡིན། མི་རྣམས་ཀྱིས་རྩ་ཆེ་བའི་ཐོན་རྫས་དེ་ནི་སུ་ལའང་མཁོ་བའི་གདོང་འབག་ཅིག་ཡིན་པ་ཤེས་ཤིང་ཡི་གེའི་སྦྱོར་བ་གསར་དུ་སློབ་པའི་བྱིས་པ་འགས་སྒྲ་དག་ལ་མ་དག་པས་ངང་ཡོལ་བའི་ངོས་ཀྱི་བརྡ་ཁྱབ་དེ་ཀློག་བཞིན་མཆིས།
“བཅོས-མའི-དངོས-པོ-ཀུན-ན-རྒྱལ།”
ཡོལ་བ་དེ་བཟོ་བྱེད་ཀྱི་རྒྱུ་ཆ་ནི་རིགས་རྒྱུད་དང་ཤ་མདོག་མི་འདྲ་བའི་སྐྱེ་བོ་མང་བོས་ཕན་ཚུན་བར་བཟུང་བའི་ཕྲག་དོག་དང་དེའི་ཚབ་ཏུ་བཞུར་བའི་ཟུངས་ཁྲག་ཡིན།
ཡོལ་བ་དེ་ལྷབ་ལྷུབ་གཡོ་བ་དང་བསྟུན་ནས་ང་ཚོས་དེའི་རྒྱབ་ཀྱི་བཀོད་པ་སྣ་ཚོགས་ཏེ་གསེར་དངུལ་རྩིག་སའི་གན་མཛོད་དང་མལ་ཁྲི་དང་དུས་ཚོད་ཙམ་ལ་བརྟེན་ནས་མི་རྣམས་གཉིད་དུ་འགུག་བྱེད་ཀྱི་འགྲུལ་ཁང་། སུས་ཀྱང་ལོངས་སུ་སྤྱོད་ཆོག་པའི་མུན་ནག་དང་ཟླ་འོད་སོགས་མཐོང་ཐུབ།
ཡོལ་བ་དེ་དང་ཆེས་ཐག་རིང་བའི་ས་ན་ས་རྩི་དམར་བོ་བྱུགས་པའི་ལྷ་ཁང་ཆུང་ཆུང་ཞིག་ཡོད་ཅིང་དེའི་མཐའ་སྐོར་དུ་བུད་མེད་གཉིས་ཀྱིས་ལམ་བུ་སྒོར་མོ་ཞིག་ཇེ་ཟབ་ནས་ཇེ་ཟབ་ཏུ་གཏོང་བཞིན་མཆིས། ཁོ་མོ་གཉིས་ཀྱི་གོམ་པའི་རིང་ཚད་དང་སྙིང་གི་འཚར་ཚད་ཡོངས་སུ་མཚུངས་ལ་དེ་ཡི་རྐྱེན་གྱིས་གནས་དེའི་གནམ་གཤིས་ལ་འགྱུར་ལྡོག་མེད་པར་ཁ་བ་འབབ་པའི་མཚམས་མི་འཇོག
སྐབས་འགར་ལོ་ན་གཞོན་ཤོས་དེས“ཨ་ཅེ་ལགས། ང་ཚོ་ནམ་ཞིག་གི་ཚེ་ལ་ལྷ་སར་འགྲོ་ཐུབ”ཅེས་དྲི་བ་རེ་འདོན་མོད་ལོ་ན་རྒན་ཤོས་དེས་ཅིང་ཡང་མི་སྨྲ་བར་ཕྲེང་བ་བགྲང་བཞིན་མ་ཎི་འདོན་པར་བྱེད། ཁོ་མོ་གཉིས་ཀྱིས་ཚེ་འདིའི་གསོག་དངུལ་ཡོད་ཚོད་ལ་བརྟེན་ནས་མཆོད་རྟེན་འདི་བཞེངས་པ་ནས་འདི་ལྟ་བུའི་འཚོ་བ་རོལ་བ་ཡིན། ཉིན་རེ་རེའི་ཆུ་ཚོད་བཅུ་བདུན་པའི་དུས་སུ་ཁོ་མོ་གཉིས་ཀྱིས་ངལ་བ་ཅུང་ཟད་གསོས་ནས་སྔར་ནས་གྲ་སྒྲིག་བྱས་པའི་རྩམ་པ་བརྫིས་མ་དེ་ཟ་ལ་ཏག་ཏག་དུས་ཡོལ་བའི་རྒྱུབ་ཏུ་སྦེད་པའི་ཚོང་དཔོན་དེས་རང་གི་ཁོངས་སུ་ཡོད་པའི་བཟོ་བ་དག་ལ་“ང་ཚོས་ཐོན་རྫས་ཀྱི་རྒྱུ་ཆ་ལྷ་ས་ནས་སྔོག་པའི་ཕྱོགས་ལ་འབད་བརྩོན་བྱེད་དགོས”ཞེས་པའི་སྐད་ཆ་དེ་བསྐྱར་གྱིན་ཡོད། དུས་ནམ་ཞིག་གི་ཚེ་ན་ཚོང་དཔོན་དེས་འཇོར་བ་ཐོག་པའི་མི་སྐོར་ཞིག་ཁྲིད་འོངས་ནས་མཆོད་རྟེན་དེའི་འོག་ཏུ་ངར་ལྕགས་ཀྱི་གཏེར་ཁ་འདུག་ཅེས་སྨྲས་ཚེ་བུད་མེད་དེ་གཉིས་ཀྱི་ངོ་གདོང་དུས་གཅིག་ཏུ་དམར་བོར་འགྱུར་རམ་ནག་པོར་འགྱུར།མ་འོངས་པའི་དོན་རྐྱེན་སུས་ཀྱང་ཚོད་དཔག་བྱ་ཐབས་བྲལ།
4 རྩོམ་པ་པོའི་ཆིག་ལབ།
ཀྱེ། ལས་སྐལ་གྱི་ཚེ་གྲོགས་མ། ཡིད་འཕྲོག་གི་ལྷ་མོ།
ཁོ་བོ་ནི་ད་དུང་ཡང་ནར་མ་སོན་པའི་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་ནམ་ཡང་རྒན་པོ་ཚོས་མཉམ་འཇོག་མི་བྱེད་པའི་རྩེད་ཆས་དག་གཅེས་འཛིན་བྱེད་པར་སྤྲོ།
མི་སྣ་གཙོ་བོ་མེ་ལྕེ་ལྷ་སར་འགྲོ་རུ་བཅུག་པ་ནས་ང་རང་ཉིད་ལའང་ལྷ་སར་འགྲོ་བའི་འདུན་པ་བཟློག་ཏུ་མེད་པ་ཞིག་སྐྱེས་ཤིང་སྙན་ངག་པ་ཞིག་གིས“ལྷ་ས།ངའི་སེམས་ཁོང་གི་ཚེར་མའི་མེ་ཏོག”ཅེས་སྨྲས་མྱོང་བ་ཡིད་ལ་ཡང་བསྐྱར་དུ་དྲན། གང་ལྟར་གཤམ་ནས་བཟུང་རང་རེའི་སྒྲུང་གཏམ་དུ་མིང་ལ་པདྨ་ཟེར་བའི་མི་སྣ་གསར་བ་ཞིག་བྱོན་ངེས་ཤིང་དེ་ནི་ཕྲན་གྱིས་བྲིས་པའི་སྒྲུང་གཏམ་གཞན་ཞིག་སྟེ<<གླུ་སྐད་སྐྱ་བོ>>ཞེས་པའི་ནང་གི་མི་སྣ་གཙོ་བོ་ཡིན་པ་ཀློག་མཁན་ཀུན་གྱིས་ཐུགས་ལ་འཛིན་པར་འཚལ། སྒྲུང་གཏམ་དེ་རུ་ཁོ་མོ་ཚེ་ལས་འདས་པར་མ་ཟད་ཁོ་མོའི་གླུ་སྐད་དང་འབྲེལ་བའི་ཡུལ་ལྗོངས་དེས་ཀྱང་ཉམ་ང་བའི་ཁ་དོག་ཅིག་འཛིན་ཡང་ཐེངས་འདིར་ཁོ་མོ་ལྷ་སར་བྲོས་ཡོང་ནས་གཙུག་ལག་ཁང་གི་སྒོ་མདུན་དུ་གཅིག་བུར་འཁྱམས་བཞིན་འདུག
པདྨ་ལགས། ཁོ་བོས་ཁྱེད་ལ་རྫོགས་མཐའ་བྲལ་བའི་ན་ཟུག་དང་སྐྱོ་གདུང་སྟེར་བ་གངས་རིའི་འདབས་ཀྱི་མེ་ཏོག་རྙིད་པོ་འགའ་སླར་སོས་ཡོང་ཕྱིར་ཡིན།
5.གཏམ་རྒྱུད།
པདྨས་ཤ་མདོག་དང་སྐད་རིགས་མི་འདྲ་བའི་སྐྱེ་བོ་མང་བོ་ཞིག་གི་ངོ་གདོང་ཉམས་སུ་མྱོང་མཐར་པོ་ཏ་ལ་རྡོ་ཡིས་བརྩིགས་པའི་ཕོ་བྲང་ཞིག་ཡིན་པ་དང་ཁྲོམ་གཟིགས་སྒང་དངུལ་ལོར་བྲིན་སའི་ཚོང་ར་ཞིག་ཡིན་པ་སོགས་རྩ་བ་ནས་བརྗེད་དེ“སྲོང་བཙན་སྒམ་པོ་ཡ།ཁྱོད་ཀྱིས་བུ་མོ་ང་ལ་གཏམ་རྒྱུད་འཆད་མཁས་པའི་མ་ཡུམ་ཞིག་དང་ཆར་རླུང་འགོག་ཐུབ་པའི་སྡོད་ཁང་ཞིག་སྟེར་རོགས”ཟེར།ཁོ་མོས་རང་གིས་དེ་ལྟར་སྨྲས་ན་པོ་ཏ་ལ་དང་ཁྲོམ་གཟིགས་སྒང་སོགས་ཀྱིས་སྲོང་བཙན་སྒམ་པོའི་ཚབ་ཏུ་ལན་ཡག་པོ་རེ་འདེབས་ངེས་རེད་སྙམ། འོན་ཀྱང་ཁོ་མོར་ལན་འདེབས་མཁན་ནི་ཨ་རག་གིས་བཟི་སྟེ་སྲང་ལམ་དུ་ཁྱི་ལྡོམ་བཞིན་འཁྱམས་བཞིན་པའི་ཉེས་ཅན་སེང་ཀོ་རེད།
“ག་རེ་སྲོང་བཙན་སྒམ་པོ། སྲོང་བཙན་སྒམ་པོ་ཟེར་བའི་རྒྱལ་སྲས་ཉི་མ་འདྲ་བ་ཞིག་ངས་མི་ཤེས།ཁོ་ནི་གངས་རིའི་འདབས་ཀྱི་མི་རྣམས་ལ་འཇིགས་སྣང་སྟེར་བྱེད་ཀྱི་རྡོའི་སེང་གེ་ཞིག་མིན་ནམ༑”
པདྨས་རང་གི་ལྟག་རྒྱབ་ན་མི་རྒྱུས་མེད་ཅིག་གིས་དེ་ལྟར་ཟེར་བ་ཐོས་འཕྲལ་ཕུན་ནོར་གྱིས་བརྩམས་པའི་གླུ་དབྱངས་ཤིག་བླངས། གླུ་སྐད་ཀྱིས་རྡོ་གཅལ་ཐང་དུ་གུས་ཕྱག་འཚལ་བཞིན་པའི་དད་ལྡན་པ་དག་ཀྱང་རེ་ཞིག་ཧད་དུ་བཅུག་ལ་ཁ་པར་རྒྱག་བཞིན་པའི་སྐྱེ་བོ་ཚོས་ཀྱང་ཕར་ངོགས་ནས་སྐད་ཆ་བཤད་མཁན་ཚོས“ཁྱོད་ཁ་རོག་ཏུ་བསྡད་ནས་ང་ལ་གཞས་དེར་ཉན་དུ་ཆུགས”ཟེར་བའི་བཀའ་དེ་དང་དུ་ལེན་དགོས་བྱུང་། ཡིན་ནའང་སེང་ཀོས་་གླུ་དབྱངས་དེ་རྣ་བས་མ་ཐོས་པ་དང་འདྲ་བར་“བུ་མོ། ཁྱོད་ཀྱིས་ང་ནི་མེ་སྒྱོགས་ཀྱི་མདེལ་ཆེན་པོ་ཞིག་ཡིན་པ་ཨེ་ཤེས། ཅུང་ཙམ་གྱི་རྗེས་ནས་ང་རང་གས་གཏོར་འབྱུང་རྒྱུ་རེད།དེ་བས་ཁྱོད་ཀྱིས་ང་ལ་དེ་དགོང་གཅིག་བུར་བརྩེ་སེམས་ཅུང་ཙམ་གནང་ན་ཨེ་ཆོག”ཅེས་ཡང་ནས་ཡང་དུ་པདྨའི་རྒྱབ་ནས་ཐེན་བྱུང་།
“ཆོག”ཚིག་འདིས་མཇུག་བསྡུས་པའི་གླུ་དབྱངས་དེ་མཐའ་མར་གྱང་གསེབ་ནས་ཐིམ་པ་འདྲ་བས་པདྨའི་དབང་བོ་ལྔ་ད་དུང་ཡང་དེའི་ཕྱོག་ལ་གཡེང་འདུག མི་རྣམས་ཀྱིས་ཁོ་མོའི་ངང་ཚུལ་དེ་མཐོང་ནས་“ལྷ་ས་ན་མཐོང་རྒྱུ་མང་ཟེར་བ་བདེན་པར་འདུག”ཅེས་མགོ་བོ་འཕྲེད་དུ་གཡུག་པར་བྱེད། སེང་ཀོས་ས་རུབ་ནས་སྐར་ཚོགས་ཁྲ་ལམ་མེར་བཞད་པའི་བར་ཁོ་མོ་བསྒུགས་བསྡད། མཚམས་ཤིག་ལ་ཁོ་མོས་“སྙིང་རྗེ་བའི་མི་ཁྱོད་སྡུག་བསྔལ་མཚོན་བྱེད་ཀྱི་སེམས་ཅན་ཞིག་རེད”ཅེས་ཁྲེལ་འཛུམ་ཞིག་བསྟན་པ་ན་ཁོས“ལགས། རེད། རེད། ”ཅེས་ལག་པ་གཅིག་གིས་མགོ་བོར་འཕྲུག་ཅིང་ལག་པ་གཞན་ཞིག་གིས་འཕོངས་ཚོས་ལ་རེག་པར་བྱེད།
སྐབས་འདིར་སེང་ཀོ་དང་རི་ལོ་གཉིས་ཀྱི་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར། ང་ཚོས་འདི་ལྟར་སེང་ཀོ་རི་ལོའི་ལག་འོག་ནས་ཇི་ལྟར་འཆི་ཚུལ་ལ་ལྟད་མོ་བལྟ་དགོས་པས་འདི་ལས་སྡུག་པའི་ལོངས་སྤྱོད་ཅིག་ག་བར་ཡོད།
སྐར་ཆ་དྲུག སྐར་ཆ་ལྔ། སྐར་ཆ་བཞི། སྐར་ཆ་གསུམ། སྐར་ཆ་གཉིས། སྐར་ཆ་གཅིག རི་ལོས་པདྨ་ཁ་མི་གྲག་་པའི་བུ་མོར་འཁྲུལ་ནས“ཨ་རོག”ཅེས་བོས་པ་དང་མཉམ་དུ་སེང་ཀོ་མཐོང་བྱུང་༑ སེང་ཀོས་རི་ལོས་ནི་རྨི་ལམ་ཁྲོད་དུ་མངོན་པའི་སྐྱེ་བོ་དེ་ཡིན་པ་ཤེས་འཕྲལ་ཁ་ཕྱིར་འཁོར་ནས་འབྲོ་རྩིས་བྱས་ཀྱང་གོམ་པ་གཅིག་ཙམ་ཡང་སྤོ་ཐུབ་མ་བྱུང་། སྐད་ཅིག་མ་དེའི་རིང་ལ་སེང་ཀོའི་ལུས་སྟེང་གི་མི་གཤིས་དང་ཆགས་སྡང་། ཉམས་འགྱུར་སོགས་ཡོངས་སུ་ཉམས་སོང་།
རི་ལོས་པདྨའི་གམ་དུ་སླེབས་པ་དང་སེང་ཀོ་ཤི་ཚར་འདུག
པདྨས་སེང་ཀོས་བེམ་རོར་བལྟས་ནས“ངས་ལྷ་ས་ནི་ཅི་ཞིག་ཡིན་པ་ཤེས་བྱུང་”ཟེར།
རི་ལོར་མཐུད་ནས་མེ་ལྕེ་དང་ཆོས་སྤ། ཨ་མོ་གསུམ་ཡང་དེར་སླེབས་བྱུང་། ཁོ་ཚོས་ཉེན་རྟོག་པ་དང་མཉམ་དུ་སེང་ཀོའི་བེམ་རོའི་མཐའ་བསྐོར་ནས་ལྟད་མོར་བལྟས། མ་གཞི་ལྷ་སར་ཐེངས་དང་བོར་སླེབས་དུས་བེམ་རོར་ལྟ་བ་ནི་གོ་རིམ་ཞིག་ཡིན་པ་འདྲ།
རི་ལོས་རང་ཉིད་ལག་དམར་ཡིན་པ་ཚོར་མེད་པ་ཇི་བཞིན་ཁ་རོག་གེར་གྲོགས་པོ་ཚོའི་རྣ་རྩར་རེ་རེ་བཞིན“ང་གནས་འདི་དང་ཁ་བྲལ་རྒྱུ”ཟེར།
“ཅིའི་ཕྱིར”
“གནས་འདི་ན་ལྷ་མོ་ཆོས་སྒྲོལ་མི་འདུག”
ལྷ་མོ་ཆོས་སྒྲོལ་སྔར་ནས་ཤི་ཟིན་ནའང་རི་ལོས་སླར་ཡང་ཁོ་མོ་གླེན་དོན་ཅི་ཡིན་ནམ?
“འོ་ན་ལྷ་མོ་ཆོས་སྒྲོལ་གང་དུ་ཡོད་དམ?” མེ་ལྕེས་ཁོའི་ཉམ་ཐག་པའི་ངང་ཚུལ་དེ་མཐོང་ནས་དེ་ལྟར་འདྲི་ཡང་ཨ་མོ་དང་ཆོས་སྤ་གཉིས་ཀྱི་མཉམ་གཅིག་ཏུ་ཧབ་ཆ་རིང་བོ་ཞིག་བརྒྱབ་ནས “ཁྱོད་གཉིས་སྨྱོས་འདུག”ཟེར།
“ངེད་གཉིས་ཅིའི་ཕྱིར་སྨྱོས་འདུག”རི་ལོ་དང་མེ་ལྕེ་གཉིས་ཀྱིས་ཀྱང་མཉམ་གཅིག་ཏུ་དེ་ལྟར་ཟེར་བ་ན་ཨ་མོས་ཁྲེལ་དགོད་དང་བཅས“ལྷ་ས་ཟེར་བའི་གཡུལ་ས་འདིར་སླེབས་དུས་ཁྱོད་གཉིས་ཀྱི་གདོང་ལ་དཀྲག་མདངས་མི་འདུག་ཅིང་ཁྱོད་གཉིས་ཀྱི་གཏམ་ལའང་སྙིང་བོ་མི་འདུག དེ་བས་ལྷ་མོ་ཆོས་སྒྲོལ་གླེང་མཚམས་ཞོག་དང་ང་ཚོས་གནས་འདི་ནས་ཚོང་ཁང་ཆུང་ཆུང་ཞིག་གཉེར་ཏེ་འཚོ་བ་སྐྱེལ་ཐབས་བྱེད༑”ཟེར།
“ཚོང་ཁང”ཞེས་པའི་ཐ་སྙད་དེ་ཐོས་པ་དང་པདྨའི་གདོང་ལའང་འཛུམ་ཞིག་མངོན་ཞིང་ཕར་བལྟས་ན་ཁོ་མོ་ཚང་མས་སྔོན་ཆད་ཅིག་ནས་གནས་འདིར་མཉམ་འཛོམས་བྱེད་པར་ཁ་ཆད་བསྒོས་ཡོད་པ་འདྲ།
6.མེ་ལྕེའི་ཉིན་ཐོ།
ང་ཚོ་མི་ལྔ་བོ་ལས་སུ་ལའང་ཤོག་དངུལ་གཅིག་ཀྱང་མེད་པས་དོན་དུ་ང་ཚོ་ནི་སྤྲང་བོ་ཁྱུང་གཅིག་རེད། འོན་ཀྱང་ང་ཚོའི་བ་ནི་སྤྲང་བོ་གཞན་དག་དང་བསྡུར་ན་དེ་འདྲའི་སྐྱོ་ཤོས་ཤིག་མ་ཡིན། རྒྱུ་མཚན་ནི་ཨ་མོས་ཉིན་རེ་བཞིན་ང་ཚོར་སེམས་གསོ་བྱས་ནས་གལ་ཏེ་མོའི་སེམས་ཁོང་གི་ཚོང་ཁང་དེ་གཉེར་ཚེ་ང་ཚོས་ཉིན་ཤས་རིང་ལྷ་སའི་ཚོང་ལས་ཡོངས་རྫོགས་ལ་ཁ་ལོ་སྒྱུར་ཐུབ་ཟེར། ང་ཚོ་ཚང་མས་མོའི་ཚོང་ཁང་ལ་རེ་སྒུག་བྱེད་བཞིན་ཉིན་ཞག་མང་བོ་ཕར་བསྐྱར་ཡང་མཚམས་ཤིག་ནས་གྲོད་པ་ལྟོགས་ཏེ་བཟོད་ཐབས་བྲལ་བས“ཨ་མོ་ལགས།ཁྱོད་ཀྱིས་མྱུར་བར་མྱུར་བར་ཚོང་ཁང་དེ་གཉེར་རོགས”མི་ཟེར་ཐབས་མེད་བྱུང་།
ང་ཚོས་ཨ་མོས་གཉེར་འདོད་པའི་ཚོང་ཁང་དེ་ཅི་ཞིག་ཡིན་པ་གསལ་བོར་མ་ཤེས་གོང་བསམ་ཡུལ་ལས་འདས་པའི་དོན་ཞིག་བྱུང་བ་ནི་ཨ་མོ་དང་ཆོས་སྤ་གཉིས་གར་སོང་ཆ་མེད་དུ་གྱུར་བ་དེ་རེད། དེ་བས་ང་ཚོས་རང་ཉིད་ནི་རང་ཉིད་ཀྱི་སྐྱབས་མགོན་ཡིན་པ་ལས་སྐྱེ་བོ་གཞན་ལ་བརྟེན་ཏེ་བདེ་སྐྱིད་འཐོབ་འདོད་པ་ནི་འུ་ཐུག་པའི་ལས་ཀ་ཞིག་ཡིན་པ་ཤེས་ཏེ་དངུལ་ཕྲན་བུ་གསོག་རྒྱུའི་གྲོས་མོལ་བྱས།རི་ལོས“དངུལ་གསོག་དགོས་ན་ཚོང་རྒྱག་དགོས།ཚོང་རྒྱག་དགོས་ན་མ་རྩ་དགོས”ཟེར་བས་ང་ཚོས་མ་རྩའི་ཕྱོགས་ལ་བསམ་གཞིགས་གཏོང་སྐབས་པདྨའི་ལག་པ་གཡོན་པའི་སྲིན་མཛུབ་ལས་གསེར་གྱི་མཛུབ་རྒྱན་ཞིག་གི་འོད་ཟེར་འཚེར་བྱུང་། འོན་ཀྱང་པདྨས“འདི་ནི་ང་ལ་ཕུན་ནོར་གྱིས་དྲན་རྟེན་དུ་གནང་བ་ཡིན་པས་ཚོང་རྒྱག་བྱེད་ཀྱི་མ་རྩར་འཇོག་མི་འོས”ཟེར། སྐབས་དེར་རི་ལོའི་བྲང་ངོས་ནས་ཀྱང་གཞན་དང་མི་འདྲ་བའི་འོད་ཟེར་ཞིག་འཚེར་བས་པདྨས“ང་ཚོས་རི་ལོའི་སྙིང་བཙོང་བར་བྱ། སྡུག་བསྔལ་གྱིས་བཟུང་བའི་སྙིང་ནི་འཇིག་རྟེན་སྟེང་རྩ་ཆེ་ཤོས་ཀྱི་ཚོང་རྫས་ཤིག་ཡིན”ཟེར་བ་ན་རི་ལོས“མིན། མིན།”ཟེར་ཞོར་དུ་བྱིས་པ་ཞིག་དང་འདྲ་བར་ཕྱིས་བཀྱེད་པར་བྱེད། ངས “རི་ལོ། ཁྱོད་མ་འབྲོ་དང་ང་ཚོས་ཁྱོད་ཀྱི་སྙིང་མི་བཙོང”ཞེས་ཁོ་ལ་སྙིང་རྗེ་བའི་བསམ་པ་ཙམ་བསྟན་ཡང་ཁོས་འདང་རྒྱག་མེད་པར་ཀི་རིང་ཆེན་པོ་ཞིག་བཏང་སྟེ“ཀྱེ། མ་ཡུམ། ངས་མིག་མདུན་གྱི་འཇིག་རྟེན་འདི་དང་ལེན་བྱ་ཐབས་བྲལ།”ཟེར།
སྐབས་དེར་ཨམ་ཚོམ་མཐུག་ལ་གདོང་མདོག་ནག་པའི་རྒན་པོ་ཞིག་གིས“གསར་བུ། སྐད་ཅུང་ཙམ་སྒྲ་དམའ་མོས་ངང་ནས་བརྒྱབ་ན་མི་ཆོག་གམ”ཞེས་རི་ལོའི་ཕྱོགས་ལ་སྡང་མིག་ཅིག་བགྲད།
ཁོང་ནི་ནག་ཆུ་ནས་ཡོང་བའི་ཤ་སྐམ་བཙོང་མཁན་ཞིག་རེད། ཁོའི་གམ་དུ་ཕྲུ་གུ་མཚེ་མ་གཉིས་ཀྱིས་མདུན་ལ་ཤོག་སྒམ་ཆུང་ཆུང་ཞིག་བཞག་སྟེ་ལམ་འགྲོ་བ་ཚོར“རྒན་ལགས།མའོ་ཙེ་གང་སྟེར་རོགས།”ཞེས་མཚམས་མེད་པར་ཞུ་བ་བྱེད་ཀྱིན་འདུག བདག་གིས་ཁོའི་ཉམ་ཐག་པའི་མིག་འོད་ལ་བརྟེན་ནས་ཁོས་རང་གི་འདས་ཟིན་པའི་ཆུང་མ་དྲན་གྱིན་པ་གསལ་བོར་ཚོར་བྱུང་།
བདག་གི་སྣང་ངོར་རྒན་པོ་འདི་ནི་ཁ་བའི་ཁྲོད་དུ་ཨུ་ཚུགས་ཀྱིས་བཞད་པའི་མེ་ཏོག་སྐྱ་བོ་ཞིག་རེད་ལ་དུས་ཚིགས་ཀྱི་འགྱུར་ལྡོག་ཙམ་གྱིས་ཁོའི་ཚེ་སྲོག་ལ་བར་ཆད་གཏོང་རྒྱུ་ནི་ལས་སླ་མོ་ཞིག་རེད། གྲོང་ཁྱེར་ལྷ་ས་ཡོངས་སུ་བཟོ་དབྱིབས་མི་འདྲ་བའི་སྡོད་ཁང་ཇི་འདྲའི་མང་བོ་ཞིག་ཡོད་ནའང་དེ་དག་ཁྲོད་དུ་ཁོ་ལ་བགོ་སྐལ་ས་ལག་མཐིལ་ཙམ་ཡང་མ་མཆིས། ཁོས་དེ་ལ་ལེ་བདའ་མི་བྱེད་པར་མ་ཟད་ཐ་ན་རླངས་འཁོར་དང་སྐུད་མེད་ཁ་པར་ལ་བརྟེན་ནས་སྒྲོབ་ཉམས་ངོམ་བཞིན་པའི་ཚོང་དཔོན་ཚོར་ཡིད་སྨོན་ཡང་མི་བྱེད༑ མི་ལོ་དྲུག་ཅུ་ལྷག་ལ་འཚོ་སྡོད་བྱེད་ཐུབ་པ་བྱུང་བས་ཁོ་ལ་གཞན་ལས་ལྷག་པའི་ང་རྒྱལ་ཞིག་སྐྱེས་འདུག
འོན་ཀྱང་ངའི་གྲོགས་པོ་རི་ལོ་ནི་ལང་ཚོའི་དཔལ་ཡོན་ལ་བརྟེན་ནས་མ་འོངས་པའི་བྱ་བཞག་ཡོད་ཚད་འཚོལ་སྙེག་བྱེད་འདོད་པའི་ཕོ་གསར་ཞིག་རེད། དེའི་ཕྱིར་ཁོས་དྲག་ཏུ་ལྡིང་བཞིན་པའི་རང་གི་ཁོག་པའི་སྙིང་དེ་སྐྱེ་བོ་སུ་ལའང་བཙོང་མི་འདོད། ཁོའི་བྱད་དབྱིངས་དང་བཟོ་ལྟ་མཐོང་མྱོང་བའི་སྐྱེ་བོ་རྣམས་ཀྱིས་ཁོ་རང་གཏན་ནས་གཏན་དུ་བརྗེད་ཐབས་བྲལ་ཞིང་དེ་ཡི་རྐྱེན་གྱིས་བདག་གིས་ཁོ་ནི་ལྷ་སྒྲུང་ཁྲོད་ནས་ཚུར་བྱོན་པའི་སྐྱེ་བོ་ཞིག་ཏུ་ངོས་འཛིན་བཞིན་ཡོད།
“པདྨ། ཁྱོད་ཀྱིས་དྲང་མོར་ཤོད་དང་། ང་ཚོའི་ཁོའི་སྙིང་བཙོང་རུང་ངམ།”ངས་མོ་ལ་དྲི་བ་དེ་བཏོན་པ་ན་མོས་ངུ་མ་དགོད་ཀྱིས“དེ་ནི་ང་ཚོའི་དགོས་མཁོར་རག་ལས”ཟེར།
“དགོས་མཁོ་ཡོད་ཚད་ཀྱིས་མིའི་སེམས་ཀྱི་སྡུག་བསྔལ་སེལ་ག་ལ་ཐུབ།”ངའི་ངག་ལས་ཚིག་དེ་འདྲ་ཞིག་ཤོར་མོད་འོན་ཀྱང་དེའི་རྒྱར་རྩར་རློམ་དུ་རུང་བའི་འགྲེལ་བཤད་ཅིག་རྒྱག་རྒྱུ་མེད།
མཐར་མར་ང་ཚོས་རི་ལོའི་སྙིང་མི་བཙོང་རྒྱུ་བྱས་ཤིང་“ལྷ་སར་སླེབས་རྗེས་ང་ཚོར་ལས་ཀ་མེད་པ་དེ་ཅིའི་ཕྱིར་ཡིན་ནམ”ཞེས་པའི་འདྲི་གཞི་ཞིག་ཀྱང་<<སྦྲང་ཆར>>དུས་དེབ་ཀྱི་ཤེས་རབ་རྒན་པོའི་འབེལ་གཏམ་ལ་བསྐུར།
ལྷ་སའི་བར་སྐོར་གླིང་གི་སྐྱེ་བོ་མང་བོས་ང་ཚོའི་མཐའ་བསྐོར་ནས་པར་མང་བོ་བརྒྱབ་ཅིང་ལྷག་པར་དུ་སློབ་གྲྭ་ཆེན་མོ་བའི་ཆ་ལུགས་སྤྲས་པའི་ན་གཞོན་ཞིག་གིས“བདག་གིས་མངོན་སུམ་གྱི་འཚོ་བ་མ་ལུས་པ་གློག་ཀླད་ཁྲོད་ནས་རོལ་བཞིན་ཡོད། ད་ལྟ་ང་ཚོའི་མིག་ལམ་དུ་མངོན་པའི་སྣང་ཚུལ་མཐའ་དག་ནི་བདག་ལ་མཚོན་ན་རྨི་ལམ་རིང་བོ་ཞིག་ལས་གཞན་ཅི་ཡང་མིན། འོན་ཀྱང་བུ་་མོ་ཁྱོད་ཀྱིས་གྲེ་བ་གཟེངས་སུ་བཏེགས་ནས་གླུ་གཞས་གཅིག་ཙམ་བཏང་བ་ཙམ་གྱིས་བདག་གི་གློག་ཀླད་ཀྱི་ཤེལ་སྒོ་སྐད་ཅིག་ཉིད་ལ་ཧྲུག་ཆག་ཏུ་འགྲོ་ངེས”ཟེར༑ ཁོས་བཤད་པའི་སྐད་ཆ་འདིར་བརྟག་བཞིན་བདག་གིས་གྲོང་ཁྱེར་ལྷ་སའི་ཕྱི་རོལ་ཏུ་ཡོད་པའི་གྲོང་ཚོ་བརྒྱ་ཕྲག་དུ་མ་ལྷ་ཚོགས་ཀྱི་ཞིང་བཀོད་དང་འདྲ་བར་ནམ་ཡང་ལྷིང་འཇགས་སུ་གནས་ཡོད་པ་དང་། སྙན་ངག་གི་ཚིག་ཚོགས་ལྟར་ཡི་གར་འོངས་པའི་འབྲུ་རིགས་ཀྱི་སྙེ་མའི་གསེབ་ཏུ་ན་ཆུང་མ་ཚོའི་བརྩེ་དུངས་ཐིམ་ཡོད། སྐབས་དང་སྐབས་སུ་འཁྱུག་པའི་གློག་ཞགས་ཀྱི་རོལ་རྩེད་ནི་སྐབས་དང་སྐབས་སུ་འབྱེད་པའི་སྒོམ་ཆེན་པ་ཚོའི་མིག་ཟུང་དང་འདྲ་བ་སོགས་གསལ་བོར་ཤེས་པས“ཡུལ་ལྗོངས་འདིའི་ཡོལ་བ་ནི་ནམ་ཡང་མི་སེམས་ཀྱི་སྡུག་བསྔལ་སེལ་ཐུབ་པའི་མཚམས་སྤྲིན་ཞིག་ཡིན་པས་ང་ཚོ་འཕྲུལ་རྫས་ཀྱི་དུས་རབས་སུ་འགྲོ་དགོས་དོན་གཏན་ནས་མེད”ཅེས་སྨྲས། སྐབས་དེར་ཕྱོགས་གང་ནས་ཡོང་བ་མི་ཤེས་པའི་ཟོག་དབོར་རླངས་འཁོར་ཆེན་པོ་ཞིག་ཁྱི་སྨྱོན་གྱིས་བཟུང་བའི་སྐྱེ་བོ་ཞིག་དང་འདྲ་བར་ང་ཚོའི་ཕྱོགས་སུ་ཤོར་ཡོང་། ང་ཚོ་རང་ལུས་ལ་གཅེས་སྤྲས་བྱ་ཕྱིར་བྱེའུ་ཚོགས་ཀྱི་ཁྲོད་དུ་རྡོ་ཡིས་བརྒྱབ་པ་ལྟར་ཕྱོགས་སུ་འཐོར་ནའང་ཅུང་ཙམ་འགོར་རྗེས་སླར་ཡང་ཧྲུག་ཆག་ཏུ་གྱུར་བའི་རླངས་འཁོར་དེའི་མཐའ་རུ་འདུས། ཉེན་རྟོག་པས་བཤད་པ་ལྟར་ན་དེའི་ནང་གི་ཁ་ལོ་བ་བཟི་ནས་ལོ་ངོ་གྲངས་མེད་པ་ཞིག་འགོར་འདུག་པས་ང་ཚོ་ཚང་མ་སྐད་ཅིག་རིང་ཡ་མཚན་པར་གྱུར། ཁྱད་པར་དུ་རླངས་འཁོར་ནང་དུ་ཡོད་པ་ནི་ཁ་དོག་མི་འདྲ་བའི་འགྱིག་ཁུག་སྣ་ཚོགས་ཀྱིས་བཏུམས་པའི་ལུད་རྫས་རེད། རི་ལོས་ཤི་ཟིན་པའི་ཁ་ལོ་བ་དེ་དང་དེ་གར་ཡོད་པའི་ལུད་རྫས་ཀྱི་ཕྱོགས་སུ་མིག་ཞགས་འཕེན་བཞིན་བདག་གི་རྣ་རྩར་ཤབ་ཤུབ་ཀྱིས “ངས་རླངས་འཁོར་འདིའི་མིང་ལ་ཅི་ཞིག་ཟེར་བ་ཤེས་བྱུང་།”ཟེར།
“ཅི་ཞིག་ཟེར།”
“རིག་གནས།”
“འོ་ན་ཁ་ལོ་བ་འདིའི་མི་ལ་ཅི་ཟེར།”
“God*ཟེར།”
ཞེ་མེར་བ་ཞིག་ལ་ལུད་རྫས་དེ་དག་མི་རྣམས་ཀྱིས་རྡོག་བརྫིས་བཏང་བ་དང་མཉམ་དུ་ཁྲོམ་སྲང་ཧྲིལ་བོར་ཁྱབ་ནའང་སུས་ཀྱང་ཉར་ཚགས་མི་བྱེད་པས་པདྨས“བུ་མོ་ངའི་གསོལ་བ་འདེབས་སའི་རྗེ་བཙུན་སྒྲོལ་མར་ཡང་དུག་གྲིབ་ཕོག་ངེས་པས་ང་ཚོས་ཐབས་བཀོག་ཅིག་ཐེན་ནས་ལུད་རྫས་འདི་དག་གཙང་ཕྱགས་བྱས་ན་འགྲིག་གམ”ཞེས་རི་ལོ་དང་ངེད་གཉིས་ལ་གྲོས་གཞི་ཞིག་བཏོན། ཡིན་ནའང་བཀྲེས་ལྟོགས་ཀྱི་དབང་གིས་ང་ཚོས་གོམ་པའང་སྤོ་དཀའ་བས་དོན་དེ་ལག་ཏུ་བསྟར་ག་ལ་ཐུབ།
“རྒན་ལགས། ང་ལ་མའོ་ཙེ་གང་སྟེར་རོགས།”
མཐར་མར་ང་ཚོའི་ཁྲོད་ཀྱི་མི་གཅིག་གི་ངག་ལས་ཚིག་དེ་ཤོར།
མཆན་འགྲེལ།*དབྱིན་སྐད་དེ་ཡེ་ཤུ་ཆོས་ལུགས་པའི་དཀོན་མཆོག་གི་དོན།
7.ཡུལ་ལྗོངས།
གལ་ཏེ་མི་ཡི་རུས་པ་ནི་གཞོམ་གཞིག་བྲལ་བའི་རྡོ་བ་མཁྲེགས་པོ་ཡིན་ན་ང་ཚོའི་མཐོང་ལམ་དུ་མངོན་པའི་མཁར་རྫོང་འདི་ནི་མི་ཡི་རུས་པ་ཁོ་ནས་གྲུབ་པ་ཞིག་ཡིན།དེའི་སྟེང་དུ་སྐྱེས་པའམ་འཇག་མ་དང་མེ་ཏོག་རེ་གཉིས་ཀྱིས་རླུང་བུའི་རྒྱུན་དང་བསྟུན་ནས་ཤུགས་གླུ་ཉམ་ཆུང་ཞིག་ལེན་ཞོར་གཤོག་ཆུང་བརྐྱངས་པའི་སྦྲང་མ་ཚོས་ཀྱང་ཞེ་སེམས་སྡུག་བཞིན་རང་གི་ལུས་རྟེན་བཅོལ་བའི་ཁུང་བུ་རེ་འཚོལ།
སྔོན་ཆད་མི་རྣམས་ཀྱིས་འཕྲོག་རྩོད་བྱེད་མྱོང་བའི་མཁར་རྫོང་ནང་གི་གསེར་ཁྲི་དང་དེ་ད་
ལྟ་ཆུ་ཐིགས་དང་བྱ་བྲུན།ས་རྡུལ་བཅས་ཀྱིས་གཡོགས་འདུགལོ་རྒྱུས་སྨྲ་བ་ཚོས་རྔུལ་ཆུས་བྲིས་པའི་དེབ་ཐེར་དག་ས་འོག་ཏུ་ཐིམ་ནས་ས་བོན་ཞིག་ཏུ་གྱུར་ཞིང་དེ་ལས་སྨིན་པའི་སྣོལ་མར་འཛིངས་པའི་རྩྭ་ལྡུམ་ཆུན་པོ་ཞིག་རེད།ཁ་ཟས་འཚོལ་བའི་ལྷ་གཡག་ཅིག་གིས་རྩྭ་ལྡུམ་དེ་ཁམ་བུ་གང་བྱས་ནས་ལྷག་མེད་དུ་ཟོས་རྗེས་མཁར་རྫོང་འགྲམ་གྱི་ཡུར་ཆུ་རྙོག་པོ་དེ་འཐུང་།
ཁོའི་རྩེ་མོ་ཕྲ་བའི་རྭ་ཅོ་ཟུང་གིས་གནས་འདིའི་ཉམས་རྒུད་དང་སྐྱོ་གདུང་ཁོང་དུ་ཆུད་པར་བྱས།
སྐབས་དེར་ལུས་ལ་དར་ཟབ་བསྣམས་ཤིང་གླུ་གཞས་སྙན་མོ་གཏོང་བའི་ཡིད་འཕྲོག་མ་ཞིག་གིས་མདུན་ཕྱོགས་ཀྱི་གཙང་བོ་བརྒལ།སྐྱེ་དངོས་ཀུན་གྱིས་ཁོ་མོར“ཅུང་ཙམ་སྒུག་རོགས”ཟེར་འདོད་ཀྱང་ཁོ་མོའི་གོམ་སྟབས་ཧ་ཅང་མགྱོགས་པས་ཀུན་གྱི་ངག་མ་འཁྲོལ།
གློ་བུར་དུ་དྲག་ཆར་ཆེན་པོ་ཞིག་བབས་ཤིང་དེས་མཁར་རྫོང་འགྲམ་གྱི་དེའུ་འབུར་ཞིག་ལ་ཡང་ནས་ཡང་དུ་བཟོ་བཅོས་བྱས་པས་མཐར་རང་བྱུང་གི་བསང་ཁྲི་ཞིག་ཡུལ་འདིའི་མཛེས་རྒྱུན་དུ་གྲུབ་ཅིང་འཇའ་ཚོན་གསར་བ་ཞིག་ཀྱང་དེའི་རྒྱབ་ལྗོངས་སུ་ཤར་བྱུང་།འོན་ཀྱང་གནས་འདིར་ཆེས་དཀོན་པ་ནི་སྐྱེ་འཕེལ་གྱི་དབང་བོ་ཉམས་མེད་པའི་འགྲོ་བ་ཕོ་མོ་རེད།ཐག་རིང་དུ་ཕྱིན་ཚར་བའི་ཡིད་འཕྲོག་མ་དེས་གནས་ལུགས་འདི་ཚུལ་བཞིན་རྟོགས་ཀྱང་ཕྱི་མིག་ཙམ་ཡང་མི་བལྟ་བར་རྒྱང་དུ་བརྐྱངས་པའི་ལམ་ཕྲན་ཞིག་འདེད་ཀྱིན་མདུན་དུ་བསྐྱོད་སོང་།
ཉིན་ཞག་ཆིག་ཁྲི་སུམ་སྟོང་ལྷག་འདས་རྗེས་ཀྱི་མཚན་མོ་ཞིག་ལ་རས་གཟན་རལ་ཞིང་མགོ་སྐྲ་གཟེངས་པའི་གཅོད་པ་ཞིག་གིས་མཁར་རྫོང་འགྲམ་དུ་མེ་སྒོང་ཆེན་པོ་ཞིག་བརྒྱབ་ནས་མཚམས་མེད་པར་རྐང་གླིང་ཤུགས་ཆེན་གྱིས་བུས་ཤིང་དེས་མདུན་དུ་སྐྱོད་ཀྱིན་པའི་ཡིད་འཕྲོག་མ་དེའི་བླ་སྲོག་ཕྱིར་བཀུགཡིད་འཕྲོག་མས་གདུག་རྩུབ་ཆེ་བའི་བཙན་འཛུལ་འདི་བཟོད་མི་ཐུབ་ཀྱང་རང་ཉིད་ལ་གཅོད་པ་དེར་ངོ་རྒོལ་བྱེད་པའི་ནུས་ཤུགས་ཕྲན་ཙམ་མེད་པ་ཤེས་ནས་ཁ་རོག་གེར་ཁོའི་འགྲམ་ནས་མེ་སྒོང་རྒྱག་རོགས་བྱས།ནམ་གསལ་རྗེས་གཅོད་པ་དེ་གར་སོང་ཆ་མེད་དུ་གྱུར་འདུག་ཅིང་ཡིད་འཕྲོག་མའི་མཐའ་འཁོར་དུ་ལྕགས་ཀྱི་དྲ་བ་མང་བོས་རབ་དང་རིམ་པར་བསྐོར་འདུགམོས་ཐབ་སྣ་ཚོགས་བྱས་ཀྱང་གྲུབ་འབྲས་ཅི་ཡང་མེད་པས་མཐར་མཁར་རྫོང་དེ་ལ་ཞེ་མི་འཁོར་ཐབས་མེད་བྱུང་སྟེ་སྔོན་ཆད་ཀྱི་མཛེས་སྡུག་དེ་སླར་གསོ་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས།དེ་ལྟར་མོ་རང་ངལ་རྩོལ་བ་འཁྲུལ་མེད་ཅིག་གམ་མཆོག་ཏུ་གྱུར་པའི་མ་ཡུམ་ཞིག་ཏུ་གྱུར་པས་མཁར་རྫོང་དེས་ཀྱང་མོ་ལ་མཐུན་རྐྱེན་སྦྱོར་བ་ཇི་བཞིན་ཞིག་རལ་དུ་སོང་བའི་སྐྱེ་དངོས་ཀུན་ལ་གཟི་དཔལ་གསར་བ་ཞིག་སྤྲས།ཤིན་ཏུ་བསིལ་བའི་རླུང་བུ་དང་ཁེར་རྐྱང་གི་གདུང་བ་དྲག་པོས་མོའི་མངལ་དུ་ཕྲུ་གུ་འཁོར་བར་བྱས་པས་རིམ་གྱིས་ཡུལ་གྲུ་འདིས་སྔོན་གྱི་ལོ་རྒྱུས་ཀྱི་རྒྱུན་མཐུད་དེ་རང་ཚུགས་ཅན་གྱི་རིག་སྟོབས་ཤིག་ང་ཚོའི་མཐོང་ལམ་དུ་བསྐྱལ་བྱུང་།ཡུལ་གྲུ་འདིའི་གློ་བུར་བའི་འགྱུར་ལྡོག་ལ་ཧད་པའི་སྲོག་ཆགས་རྣམས་ཀྱིས་“གཅོད་པ་དེ་ནི་དམག་དཔོན་ཆེན་མོ་ཞིག་དང་ཡིད་འཕྲོག་མ་དེ་ནི་ཁོས་བཙན་ཤེད་ཀྱིས་དབང་དུ་བསྡུས་པའི་དམག་མི་ཞིག་རེད ”ཅེས་པའི་གཏམ་བཤད་ཅིག་གླེང་གིན་འདུག
ཉི་ཟླའི་འཆར་ནུབ་ལ་འགྱུར་ལྡོག་མེད་ཀྱང་ནམ་མཁའི་ཀློང་དུ་དར་ཆ་མང་བོས་འཁྲུག་རྩོད་བྱེད་པའི་མཚམས་མི་འཇོག
8.རྩོམ་པ་པོའི་ཆིག་ལབ།
ལྟོགས་སྐོམ་གྱི་ངང་ནས་ཉི་འོད་ཟ་ཟི་ཞིག་རོལ་བཞིན་རང་གི་འཆི་སྐར་ལ་སྒུག་མཁན་ནི་ང་རང་ཡིན་ནམ་ལྷ་ས་ཡིན། བསང་དུད་དང་གསོལ་འདེབས་ལ་སྨོན་པའི་དད་ལྡན་པ་ཚོ་ཆང་རག་དང་མཉམ་དུ་གཉིད་ཀྱི་བདེ་བར་ཞུགས་དུས་ངས་ཀྱང་རང་གཤིས་དང་འཚམས་པའི་ཐ་སྙད་ཀྱི་རོལ་རྩེད་ཅིག་རྨི་ལམ་གྱི་ལྗོངས་ཆེན་པོར་མཚམས་མི་ཆད་པའི་ཁ་བ་བཞིན་འབབ་ཏུ་འཇུག་ངེས།
ཤེས་རིག་དང་དེའི་མཛེས་སྡུག་མཚོན་བྱེད་བྱེད་ཀྱི་ཕོ་བྲང་ཆེན་པོ་ཡ། སྲས་མོ་དེའི་ངོ་གདོང་དང་འདྲ་བར་བཅོ་ལྔའི་ཟླ་བ་ཞིག་ཁྱོད་ཀྱི་སྟོབས་འབྱོར་ལ་ཆགས་ནས་ཡུན་རིང་འགོར། བུ་ཆུང་ངའི་ལྷུང་བཟེད་ལྟ་བུའི་སྙན་ངག་འབྲི་དེབ་ཀྱི་ངོས་སུའང“ཁྱོད་ཀྱི་འཁུན་སྒྲ་འདབ་ཆགས་ཀྱི་གཤོག་སྒྲོས་བསྒྲིབས་པས་ཡུལ་འདིའི་ཕྱོགས་སོ་སོར་ད་དུང་ཚེ་སྲོག་ཡོད་ངེས”ཞེས་པའི་སེམས་གསོའི་མཆི་མ་དེ་ཐ་སྙད་ཀྱི་ཐིགས་པ་རེ་རེའི་ངང་ནས་དལ་མོར་འཐོར་ཡོད།
བདག་ལ་མཚོན་ན་གཏམ་རྒྱུད་འདིའི་རྒྱུན་དང་ལྷན་དུ་མཐའ་མཇུག་གི་དུར་ཁྲོད་འདེམས་པ་ནི་འཇིག་རྟེན་འདིའི་སྤྲོ་སྣང་ཆེ་ཤོས་ཀྱི་ལས་གར་ཟད༑ མེས་པོ་ཚོའི་སྒམ་བརླིང་གི་ངོ་གདོང་དང་རྣོ་ངར་གྱི་རལ་གྲི་དང་བསྡུར་ན་ང་ཚོ་ནི་རྩེད་མོའང་རྩེ་མི་ཤེས་པའི་བྱིས་པ་སྐོར་ཞིག་དང་འདྲ་མོད་སང་ཉིན་གྱི་གཡའ་དག་པའི་ནམ་མཁའ་དེའི་ཆེད་དུ་ང་ཚོའང་ཁལ་མ་ཁ་ཤས་དེད་ནས་ལམ་ལ་མི་ཆས་ག་ལ་སྲིད། ཇག་པའི་གདུང་འཚོབ་ཡིན་པའི་བདག་གི་སྙིང་ཉེ་བའི་གྲོགས་པོ་དེས“ཕོ་བྲང་པོ་ཏ་ལ་ནི་མེ་ཕུང་ཞིག་ཡིན་པ་མཐོང་བྱུང་།”ཟེར།
ཀྭ་ཡེ། ཁྲེལ་གཞུང་ཆེ་བའི་ཀློག་པ་པོ། ཁྱེད་ཀྱིས་ཀྱང་གྲོགས་པོས་བཤད་པའི་སྐད་ཆ་དེ་བདག་གི་རྣ་ལམ་དུ་བསྐྱར་ཟློས་ཐེངས་གཅིག་བྱེད་ན་ང་ཚོས་ཨ་རག་ཤེལ་དམ་གང་བོ་འདི་མཉམ་གཅིག་ཏུ་ཞབས་དག་བརྒྱབ་ནས་རང་རེའི་གཏམ་རྒྱུད་ཀྱི་མི་སྣ་དེ་ཚོའི་བདེ་སྡུག་ལ་སྒུག
ཨ། བརྩེ་དུངས་ཀྱི་མཆོད་མེ་དང་དེས་སྲེག་གིན་པའི་ནམ་མཁའ། མཚན་མོའི་ལྷིང་འཇགས་དང་ཚེ་སྲོག་གི་ལྷིང་འཇགས།
9.གཏམ་རྒྱུད།
ད་ལྟ་མེ་ལྕེ་ནི་ཁྲ་ཁྲ་རིག་རིག་གི་ལྟད་མོར་ལྟ་བར་མི་དགའ་ཞིང་སེམས་ཀྱི་འདོད་ཚུལ་དྲང་བོར་ལབ་པར་ཡང་ཡིད་གཏན་ནས་མི་ཕྱོགས་པའི་སྐྱེ་བོ་ཞིག་ཏུ་གྱུར་འདུག་པས་རི་ལོ་དང་པདྨ་གཉིས་ཀྱིས་ཁོའི་འཚེར་ཉམས་དོད་པའི་ངོ་གདོང་མཐོང་ཐེངས་རེར་སེམས་གསོའི་ཚུལ་དུ་སྐད་ཆ་མང་བོ་རེ་ལབ་ནའང་ཕན་ཐོགས་ཅི་ཡང་མ་བྱུང་།
ཉིན་རེ་རེའི་ས་སྲོད་ཀྱི་དུས་སུ་ཁོས་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་མིག་ཟུང་གཏད་ནས་ཁ་ཁུ་སིམ་པའི་ངང་ཡུན་རིང་བོར་སྡོད་ཅིང་ཡ་མཚར་བ་ཞིག་ལ་དུས་སྐབས་འདི་ནས་བཟུང་ཁོས་ཁ་ཟས་གང་ཡང་ལོངས་སུ་མ་སྤྱད་ནའང་བཀྲེས་སྐོམ་གྱི་ཚོར་བ་གཏན་ནས་མྱོང་མི་དགོས་པར་གྱུར།
རི་ལོ་དང་པདྨ་གཉིས་ཀྱིས་སྣང་ཚུལ་འདིའི་རྒྱུ་རྐྱེན་འཚོལ་ཕྱིར་ཐེ་བར་ཁ་པར་ཞིག་བཏང་།
ཐེ་བ་ན་རེ།“ཁོར་མཚོན་ན་མི་རིགས་འདིའི་རིན་ཐང་ཆེ་བའི་ཤུལ་བཞག་མཐའ་དག་ལུས་སེམས་གསོ་བའི་ཟས་མཆོག་ཏུ་གྱུར་ཡོད། དེ་མིན་ན་ང་ཚོས་ཁ་གྲག་མི་ཤེས་པའི་ལྷ་སྐུ་མང་བོར་རང་གི་སྐྱིད་སྡུག་བཅོལ་ནས་ཅི་བྱ།”
རི་ལོས་ཐེ་བའི་སྐད་ཆ་བདེན་པར་རློམ་ནས་གཙུག་ལག་ཁང་གི་གྱང་སྡེབས་སུ“སུ་ཞིག་གིས་རང་རེའི་མི་རིགས་འདིའི་རིན་ཐང་ཆེ་བའི་ཤུལ་བཞག་དག་གཅེས་པར་བཟུང་ན་དེས་ཟས་རིགས་ལོངས་སུ་སྤྱོད་མི་དགོས”ཞེས་བྲིས་པ་ན་དེ་མ་ཐག་མེ་ལྕེ་ཏིང་འཛིན་ལས་བབས་པ་ལྟར་རི་ལོའི་གམ་དུ་བརྒྱུགས་ཡོང་ཞིང“ཁྱོད་ཀྱིས་འདི་ལྟར་བྲིས་ན་ང་ཚོ་གཞན་གྱི་ཚོང་རྫས་སུ་འགྱུར་སྲིད་པ་ཨེ་ཤེས།”ཟེར།
“ང་ཚོ་སྔ་མོ་ནས་གཞན་གྱི་ཚོང་རྫས་སུ་གྱུར་ཡོད་པ་མིན་ནམ།”
“དེས་ན་ཁྱོད་ཀྱིས་རང་གི་སྙིང་བཙོང་འདོད་པ་ཨེ་ཡིན།”
“སྙིང”ཞེས་པའི་ཚིག་དེ་ཐོས་མ་ཐག་རི་ལོའི་གདོང་མདོག་གློ་བུར་དུ་སྐྱ་བོར་གྱུར་བས་མེ་ལྕེས་ཀྱང་རང་གི་ངག་ལས་ཚིག་དེ་ཤོར་བར་ཕངས་སེམས་སྐྱེ་བའི་རྣམ་པ་དང་བཅས“འུ་གཉིས་དེ་དགོང་ཡིད་སེམས་དྭངས་པའི་ཞབས་བྲོ་ཞིག་འཁྲབ་པར་འགྲོ”ཞེས་སྨྲས།
“དེ་ལ་པདྨའང་ཤིན་ཏུ་དགའ་བས་ང་ཚོ་མཉམ་དུ་སོང་ན་ཇི་འདྲ་རེད།”
“འོན་ཀྱང་མོ་དེ་རིང་སྒྲུང་གཏམ<<གླུ་སྐད་སྐྱ་བོའི>>ནང་ཕྱིར་འགྲོ་རྒྱུ་རེད།”
ཞི་དུལ་གྱིས་ཕྱུག་པའི་མཚན་མོའི་སྐར་ཚོགས་འཁོར་འབངས་ཚོའི་མིག་ཟུང་དང་འདྲ་བར་བཞད། རི་ལོ་དང་མེ་ལྕེ་གཉིས་དཔུང་བ་མཉམ་གཤིབས་ཀྱི་ངང་ནས་ལྷ་སའི་སྐྱིད་ཆུའི་འགྲམ་དུ་སླེབས། ཁོང་གཉིས་ཀྱིས་ཕུན་སུམ་ཚོགས་པའི་དུས་སྟོན་ཞིག་རོལ་བ་ལྟར་སྟང་སྟབས་མི་འདྲ་བའི་ཞབས་བྲོ་སྣ་ཚོགས་རྩེ་བཞིན་བསྡད་པས་ཕྱོགས་སོ་སོའི་གློག་འོད་དང་ངུ་སྐད་ཀྱིས་ཁོང་གཉིས་ལ་རམ་འདེགས་སྣ་ཚོགས་བྱས་པར་མ་ཟད་ཆུ་ཡི་ཟེགས་མ་དཀར་བོའང་མཆོད་པའི་མེ་ཏོག་གི་ཟེའུ་འབྲུ་འཐོར་བ་ལྟར་ཁོང་གཉིས་ཀྱི་ལུས་སྟེང་ལ་འཕྱོ་བཞིན་འདུག
“ཀྱེ། བདག་གི་དམ་ཚིག་བཞིན་གཙང་བའི་རང་བྱུང་ཁམས་ཆེན་པོ་ཡ། ཁྱོད་ཀྱིས་བུ་ཆུང་ང་འདོད་པའི་བདེ་བ་དང་ཤེས་རབ་ཀྱི་སྒྱུ་འཕྲུལ་ཁྲོད་ནས་འཆི་རུ་འཇུག་རོགས།”
ཁོང་གཉིས་ཀྱིས་ཚིག་དེ་མཉམ་གཅིག་ཏུ་ངག་ལས་ཕྱུངས་ཏེ་དུས་ཡུན་རིང་བོ་མ་འགོར་བར་མུན་ནག་ཁྲོད་ནས་གོམ་འགྲོས་འཁྱོར་བའི་སྐྱེ་བོ་ཞིག་གནས་དེར་སླེབས་ཤིང་ཁོའི་སྙིང་ཁར་རྩེ་མོ་ཕྲ་ལ་རྩ་བ་ནག་པའི་ལྕགས་ཀྱི་མདའ་མོ་ཞིག་ཟུག་འདུག
“ཁྱོད་གཉིས་ཀྱིས་སྙིང་རྗེ་བའི་གངས་རི་དང་མཚོ་མོ་མང་པོ་ཞིག་མཐོང་ཨེ་བྱུང་། དེ་ཚོ་ནི་བདག་ལ་འཛད་མཐའ་མེད་པའི་སྐྱོ་གདུང་སྟེར་མཁན་གྱི་ཆབ་འབངས་དག་ཡིན། ཡིན་ནའང་ལོ་རྒྱུས་ཟེར་བའི་གདུག་རྩུབ་ཅན་གྱི་ངོ་ལོག་པ་དེས་ང་རང་ཁོ་ཚོ་དང་བཙན་ཤེད་ཀྱིས་བྲལ་དུ་བཅུག གལ་ཏེ་ཁྱོད་གཉིས་ཀྱིས་གསང་བ་གཞན་ལ་མི་གྱར་བར་བྱེད་ན་བདག་གིས་རང་ཉིད་ཀྱི་སྐོར་ཞིབ་ཅིང་ཕྲ་བའི་ངང་བཤད་ཆོག”
“ཁྱོད་ནི་ང་ཚོའི་མེས་པོ་དང་འདྲ་བར་གཡུལ་ལས་ཕམ་པའི་དམག་དཔོན་ཞིག་ཡིན་ནམ།”
“དེ་ལྟར་བཤད་ཀྱང་ཆོག་མོད་འོན་ཀྱང་བདག་ནི་འགྲོ་བའི་བདེ་སྡུག་ལ་ཁ་ལོ་སྒྱུར་བའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་པའི་རྒྱལ་སྲས་ཤིག་ཡིན༑ ངའི་མིང་ལ་དར་མ་འུ་དུམ་བཙན་པོ་ཟེར། དབུལ་ཕོངས་དང་དཀའ་སྡུག་གི་ངང་ནས་འཚོ་བ་རོལ་བའི་བདག་གི་འབངས་མི་ཚོས་དམག་འཁྲུག་གི་གདུག་རྩུབ་ཀྱང་མྱོང་དགོས་བྱུང་བས་ངོ་མ་ཡ་རེ་ང་། གལ་ཏེ་གནས་ཚུལ་མཐའ་དག་འདི་ལྟ་བུར་འགྱུར་སྲིད་པ་སྔོན་ནས་ཤེས་ན་ཕྲན་གྱིས་འབངས་མི་དཀྱུས་མ་ཞིག་ལྟར་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་ན་མི་རུང་།” ཁོང་གི་སྐད་ཆའི་མཇུག་མ་རྫོགས་གོང་མིག་ཀོང་ནས་མཆི་མ་རྡོག་པ་གཉིས་སར་ལྷུང་ཞིང་དེ་མ་ཐག་ལུས་ཡོངས་ལ་ཟུག་གཟེར་དྲག་པོ་ཞིག་ལངས་པས་དབུགས་ཀྱི་རྒྱུ་བའང་དུས་ཚོད་སྐར་ཆ་རེ་རེའི་འགྲོས་དང་བསྟུན་ནས་དལ་མོར་ཆད་སོང་། བུད་མེད་ཅིག་གི་གདུང་འབོད་བྲག་ཅར་མཆེད་པ་བཞིན་སྐྱོ་ལྷང་ངེར་གྲགས་ཤིང་དེ་ནི་ཕོ་བྲང་སྟོང་བ་དེ་ལ་དབང་བའི་མཐའ་མཇུག་གི་སྙན་ངག་ཚན་པ་གཅིག་ཡིན། གློ་བུར་དུ“ང་ཚོའི་རྒྱལ་བོར་གླང་རྭ་སྐྱེས་འདུག”ཅེས་པའི་གཏམ་ཤབ་ཤུབ་ཅིག་མཐའ་འཁོར་དུ་ཡོད་པའི་རྩྭ་དང་རྩི་ཤིང་། ཆུ་དང་ནགས་ཚལ། བྲག་དང་རི་བོ་བཅས་ཀྱིས་མཉམ་གཅིག་ཏུ་བསྒྲགས་ཤིང་ནམ་མཁའི་དབྱིངས་ཀྱི་སྐར་ཚོགས་ཀྱང་རིམ་གྱིས་མོག་པོར་གྱུར། མི་སེམས་དངངས་པར་བྱེད་པའི་འོད་སྣང་ཞིག་གིས་མུན་ནག་མཐའ་དག་སྐད་ཅིག་ལ་ཁྱུར་མིད་བཏང་མ་ཐག་རི་ལོ་དང་མེ་ལྕེ་གཉིས་ཀྱང་འཇིགས་སྐྲག་བསམ་གྱིས་མི་ཁྱབ་པ་ཞིག་གི་ཁྲོད་ནས་ཕྱིར་འབྲོ་དགོས་བྱུང་། དེའང་ཁོ་ར་ཁོར་ཡུག་ཀུན་ཏུ་ཀེང་རུས་ཀྱིས་གྲུབ་པའི་རི་བོ་མང་པོ་ཚར་དུ་དངར་ཞིང་དེ་དག་རེ་རེའི་རྩེ་ན་གངས་སེང་རྟགས་ཅན་གྱི་རྒྱལ་དར་ཞིག་མེ་ཡིས་འཚིག་བཞིན་འདུག
རྒྱལ་སྲས་ཀྱིས་བེམ་པོའི་མཐའ་རུ་གསར་དུ་བཞད་མ་ཐག་པའི་མེ་ཏོག་དཀར་དམར་གཉིས་མྱ་ངན་བྱེད་བཞིན་པའི་བུ་ཕྲུག་གཉིས་དང་འདྲ་བར་ཉམ་ཆུང་གི་ངང་དུ་གནས།
ཕྱིར་གྲོང་ཁྱེར་དུ་སླེབས་རྗེས་མེ་ལྕེས་རི་ལོར་“མེ་ཏོག་དེ་གཉིས་ལས་དཀར་བོ་དེ་རྒྱལ་སྲས་ཀྱི་མིག་ཆུ་ལས་སྐྱེས་པ་དང་དམར་པོ་དེ་རྒྱལ་སྲས་ཀྱི་ཟུངས་ཁྲག་ལས་སྐྱེས་པ་རེད། འོན་ཀྱང་རྩེ་མོ་ཕྲ་ལ་རྩ་བ་ནག་པའི་དུག་མདའ་དེ་དང་བསྡུར་ན་མེ་ཏོག་དེ་གཉིས་ཇི་འདྲའི་སྙིང་རྗེ་བ་ཞིག་རེད༑”ཅེས་སྨྲས།
“དེའི་ཕྱིར་ང་ཚོས་ལོ་རྒྱུས་ཀྱི་བསླབ་བྱ་ཡིད་ལ་དམ་པོར་འཛིན་འོས༑ ཨོ། བདག་གིས་བཤད་པའི་བསླབ་བྱ་ནི་མི་རྣམས་ཀྱི་ལུས་ལ་ནད་དང་ཟུག་རྔུ་སྟེར་བའི་སྐྱོ་གདུང་གི་འབྱུང་གཞི་སྟེ་དམག་འཁྲུག་དང་བཤད་ཡམས་ངོས་ཟིན་པ་དེ་ལས་དཔེ་དེབ་ཏུ་བསྒྲིགས་པའི་ལེགས་བཤད་བསྟར་མ་དག་མ་ཡིན”
“དེས་ན་འུ་གཉིས་ཀྱིས་ད་དུང་ཡང་ཞབས་བྲོ་ཞིག་རྩེ་དགོས་སམ།”
“མིན། ངས་ཀེང་རུས་ཀྱིས་གྲུབ་པའི་རི་བོ་དེ་མཐོང་མི་འདོད།”
སྐབས་དེར་ཁོང་གཉིས་ཀྱི་ཉེ་གམ་ནས་ལུས་ལ་དེང་རབས་ཀྱི་གཟབ་འཆོར་ཕུན་སུམ་ཚོགས་པ་སྤྲས་ཤིང་ཆགས་ཉམས་ཀྱི་མཛེས་པ་ཀུན་ན་རྫོགས་པའི་བུད་མེད་གཉིས་ཀྱིས་མཉམ་གཅིག་ཏུ་“ངེད་གཉིས་ཀྱིས་ཀྱང་ཀེང་རུས་ཀྱིས་གྲུབ་པིའ་རི་བོ་དེ་མཐོང་མི་འདོད།”ཟེར།
བུད་མེད་དེ་གཉིས་ནི་ཨ་མོ་དང་ཆོས་སྤ་ཡིན་པས་རི་ལོས“ལོ་རྒྱུས་ཀྱི་གད་སྙིགས་འཇུག་བྱེད་ཀྱི་ཁུག་མ་གཉིས་པོར་ངས་ཡིད་སེམས་དག་པས་འཚམས་འདྲི་ཞུ”ཞེས་སྨྲས། ཨ་མོས་རི་ལོའི་སྐད་ཆ་དེར་གོང་བཀུར་ཞུ་བའི་ཚུལ་གྱིས “ཁྱོད་ཀྱིས་དེ་ལྟར་བཤད་ཀྱང་ཆོག བུད་མེད་ཅིག་ཏུ་སྐྱེས་ཚེ་བགྲོད་ལམ་གཉིས་ལས་མེད་པས་ངོ་མ་ཡི་ཐང་ཆད་པ་ཞིག་རེད། གལ་ཏེ་སྨད་ཚོང་མ་ཞིག་བྱེད་མི་འདོད་ཚེ་སྐྱེས་པ་ཞིག་གི་ཆུང་མ་བྱེད་དགོས། སྐྱེས་པ་ཞིག་གི་ཆུང་མ་བྱེད་མི་འདོད་ཚེ་སྨད་ཚོང་མ་ཞིག་བྱེད་དགོས”ཟེར།
སྐབས་དེར་མེ་ལྕེས་ཟུར་ཟའི་ཉམས་དང་བཅས“ཁྱོད་ཚོར་མཚོན་ན་དེ་འདྲ་ཞིག་ཡིན་སྲིད་དེ་འཇིག་རྟེན་གྱི་ལས་དོན་གང་ལས་ཀྱང་སུན་སྣང་ཞིག་ཚོར་བས་སོ།། མཐར་གཏུག་ན་ཁྱོད་ཚོས་བཅོས་འཛུམ་སྟོན་རྒྱུ་མང་དྲགས་པས་སྤྲོ་སྣང་ངོ་མ་ཞིག་རྙེད་མི་ཐུབ། གལ་ཏེ་ང་ཚོའི་མདུན་ཏུ་དངོས་པོ་གསར་བ་ཞིག་ལྷགས་ཚེ་དེར་ཆེས་ཐོག་མར་ལག་པས་འཇུ་མཁན་ནི་ཁྱོད་ཚོ་ཡིན་སྲིད་ལ་དེ་ཉིད་ཆེས་ཐོག་མར་མི་གཙང་བར་འདོད་མཁན་ཡང་ཁྱོད་ཚོ་ཡིན་སྲིད།”ཅེས་སྨྲས།
མཚན་མོ་སླེབས་རྗེས་མེ་ལྕེའི་རྨི་ལམ་དུ་སྐྱི་གཡའ་བའི་དུག་སྦྲུལ་ཆེན་པོ་ཞིག་བྱུང་ཞིང་དེས་གཙུག་ལག་ཁང་གི་མཐའ་ཡོངས་སུ་བསྐོར་ནས་དད་ལྡན་པ་ཚོའི་བགྲོད་ལམ་བཀག་བྱུང་། སྐབས་དེར་ཕྱི་དབྱིབས་དུག་སྦྲུལ་ཆེན་པོ་དེ་དང་མཚུངས་པའི་དུག་སྦྲུལ་ཆུང་ངུ་ཞིག་ཁོའི་ལུས་སྟེང་ལ་སྣུར་ཡོང་སྟེ་མཆུ་འདབས་སུ་སླེབས་པར་ཉེ་བའི་དུས་སུ་ཁོ་རང་གཉིད་ལས་སད། རྨི་ལམ་ཁྲོད་ཀྱི་དུག་སྦྲུལ་དེ་དང་འདྲ་བའི་ཨ་མོའི་ལག་པས་ཁོའི་ངོ་གདོང་བཀབ་འདུག
“ཁྱོད་ཀྱིས་ངའི་ཕྲག་ལྷ་བཙན་པོར་དུག་གྲིབ་ཕོག་ཏུ་འཇུག་འདོད་པ་ཨེ་ཡིན། འོན་ཀྱང་དེ་ནི་འཁྲུལ་སྣང་རང་རེད།”མེ་ལྕེ་ཁོང་ཁྲོ་ཆེན་པོས་ཁོ་མོ་དང་རིང་དུ་བཀྱེད་དེ་གཡུད་དུ་ཡུར།
ལེའུ་བཞི་བ། རྨི་ལམ།
ཟླ་འོད་ཀྱི་བསླུ་བྲིད་དང་ཟླ་འོད་ཀྱི་མཛེས་པ། ཟླ་འོད་ཀྱིས་བསྡེབས་པའི།
དུག་དང་ཚེ་གང་གི་ངུ་སྐད། གསོལ་འདེབས་བྱས་རྗེས་ཀྱི་བདེ་བ།
-འཁོར་འབངས་ཉམ་ཐག་ཅིག་གིས་གང་བྱུང་དུ་སྨྲས་པ།
1.ཡུལ་ལྗོངས།
འདོད་སྲེད་ལ་གོམས་པའི་ཚེ་སྲོག་མང་པོས་བར་སྣང་གི་རྒྱ་ཁྱོན་ཡོངས་སུ་བཟུང་བའི་ངང་ཚུལ་ནི་སླ་ང་ཆེན་པོའི་ནང་ཆུ་ཁོལ་གྱི་རླངས་པ་བཅུམས་པ་དང་གཉིས་སུ་མ་མཆིས། སྡུག་བསྔལ་གྱི་མེ་འོབས་ཆེན་པོ་དེ་དུས་ཚོད་ཀྱི་གཡང་གཟར་འོག་ཏུ་ནམ་ཡང་གཡོ་མེད་དུ་གནས། སྨྲ་ལྕེ་ཕན་ཚུན་འཐབ་པའི་བརྡ་སྤྲོད་ཀྱི་རླུང་འཚུབ་ཁྲོད་དུ་མིག་ཟུང་གི་དཔལ་འབར་དག་ཇི་འདྲའི་ཉམ་ཆུང་ཨང་།
གང་ལྟར་ཕྱི་དབྱིབས་དང་ཁ་ཕྱོགས་གཏན་ནས་མི་འདྲ་བའི་རྐང་རྗེས་མང་བོས་གཞུང་ལུགས་རེ་རེའི་བསྟན་དོན་དང་འདྲ་བར་ས་གཞི་ཆེན་པོའི་ངོས་ཡོངས་རྫོགས་ཁེབས་པར་བྱས་ཤིང་དེ་ཡི་རྐྱེན་གྱིས་མེ་ཏོག་གི་སྐྱེ་སྟངས་དང་ལྗོན་ཤིང་གི་འཇིག་ལུགས། ཉི་ཟླའི་འཆར་ནུབ། གློག་མདར་གྱི་འཁྱུག་ཚུལ་སོགས་ལའང་རབ་དང་རིམ་པའི་འགྱུར་ལྡོག་སྣ་ཚོགས་བྱུང་།
ཟས་སུ་ནམ་མཁའ་དང་གོས་སུ་བསིལ་རླུང་བསྟེན་པའི་སྒོམ་ཆེན་པ་ཞིག་གིས“ནག་ཉེས་ཀྱི་མཚོན་བྱེད་དུ་འོངས་པའི་མི་ཁྲག་ཐིགས་པ་གཅིག་གིས་ཀྱང་རྒྱ་ཆེ་བའི་མཚོ་མོ་འདིའི་བཞིན་རས་སྦག་སྲིད།”ཟེར། བདེན་ནམ། བུད་མེད་ཀྱི་མངལ་ཁྲག་ལས་སྨིན་པའི་ངུ་སྐད་ཀྱི་མེ་ཏོག་ལ་ཉི་འོད་དང་སྦྲང་ཆར་འོག་ནས་གཟི་དཔལ་རྒྱས་དུས་ངལ་རྩོལ་བ་རེ་རེའི་མིག་མདུན་དུ་འཐིབས་པའི་སྨུག་པ་མཐུག་པོ་དེ་རྨང་ནས་སངས་ངེས།
གཏམ་རྒྱུད་ཀྱི་ཆུ་ཀླུང་དྲག་ཏུ་བཞུར་ནས་མི་རབས་རྗེས་མ་རྗེས་མ་ཚོའི་སྙིང་ཁོང་ནས་རྦ་རླབས་དང་བཅས་ཏེ་འཕྱུར་ཡང་སྲིད། གྲ་སྒྲིག་མེད་ལ་དྲག་ཆས་ཀྱང་སྤྲས་མེད་པའི་བསམ་བློའི་དམག་མི་སྐོར་ཞིག་རོལ་དབྱངས་ཀྱི་ཐང་ཆེན་བརྒྱུད་སྐབས་ངལ་དུབ་དང་དབུལ་ཕོངས་ཀྱིས་ཀུན་ནས་མནར། ཁྱིམ་ཚང་གི་བཙོན་ར་ནས་ཚེ་གང་བོར་ལྕགས་སྒྲོག་གིས་བཅིངས་པའི་ན་ཆུང་མ་དག་གིས་འཇིག་རྟེན་ཕྱི་རོལ་གྱི་ཡུལ་ལྗོངས་མཐོང་ཕྱིར་རིགས་མི་འདྲ་བའི་དམ་ཚིག་མང་བོ་སེམས་ཀྱི་སྒྲོམ་བུར་ཉར་ནས་ཡུན་རིང་འདས། རོ་སྒམ་གྱི་ཁ་ཕྱེས་པའམ་དུག་རྫས་ཀྱི་མཛོད་ཁང་གཏོར་བ་ལྟ་བུའི་ལོ་རྒྱུས་ཀྱི་སྙིགས་རོའི་མདུན་དུ་མེ་ཏོག་གི་དྲི་བསུང་ལ་ཆགས་པའི་གཞོན་ནུ་ཞིག་གིས་མིག་ཟུང་ལག་པས་བཀབ་ནས་བགྲོད་ལམ་གཞན་ཞིག་བཙལ། རྒྱུ་རྐྱེན་དེ་དག་གི་དབང་གིས་ང་ཚོར་རྨི་ལམ་ཞེས་པའི་ཚེ་སྲོག་གི་ལྗོངས་ཆེན་པོ་ཞིག་ལས་སྐལ་གྱི་ཚེ་ནོམ་དུ་ཐོབ་ཅིང་དེ་ཡི་ཕྱོགས་མཚམས་རེ་རེར་ང་ཚོའི་རེ་འདོད་དང་དྲན་གདུང་ལས་ཐོན་པའི་སྙན་ངག་གི་མཛེས་པ་མཐའ་དག་གོ་རིམ་དང་མགོ་མཇུག་མེད་པའི་ངང་རང་བྱུང་དུ་མངོན་ཡོ།
དཀའ་ཚེགས་དང་སུན་སྣང་གིས་མནར་བའི་སེམས་ཀྱི་སྣང་ཚུལ་མཐའ་དག་རྨི་ལམ་གྱི་ཟླ་འོད་འོག་ནས་ཁྲུས་ལ་རོལ་དུས་མངོན་སུམ་གྱི་མེ་ལྕེ་ཡོད་ཚད་རྨང་ནས་ཞི་བར་གྱུར་ཏེ་རྗེས་ཤུལ་ཙམ་ཡང་ལུས་མི་འདུག
རྨི་ལམ་རྨི་བཞིན་པའི་གངས་རི་དང་རྨི་ལམ་རྨི་བཞིན་པའི་ཕོ་བྲང་། རྨི་ལམ་སད་རྗེས་ཧོ་རིང་འདེབས་མཁན་གྱི་དམག་མི། རྨི་ལམ་ཁྲོད་ཡང་ཡང་མངོན་པའི་སྙན་ངག་གི་ལྷ་མོ། རྨི་ལམ་གྱིས་གནང་བའི་འཇིགས་སྐྲག་དང་དེ་ལས་རྒྱལ་འདོད་ཀྱི་འདུན་པ། རྨི་ལམ་གྱིས་ངོ་སྤྲད་པའི་ཚེ་གྲོགས། རྫོགས་མཐའ་མེད་པའི་རྨི་ལམ་གྱི་རོལ་རྩེད་མདུན་དུ་སུས་ཀྱང་དུས་དང་ཡུལ་ལས་འགོངས་པའི་རང་དབང་མཐའ་དག་ལོངས་སུ་སྤྱོད་ཆོག་པ་ཡིན་ན་ང་ཚོས་ཁ་སང་གི་ནམ་མཁའ་དྭངས་མོ་དེའི་ཆེད་དུ་ད་ལྟ་ནས་རྨི་ལམ་རྨི་ཆོག
2 .མེ་ལྕེའི་ཉིན་ཐོ།
ཉིན་འདི་ནས་བཟུང་བདག་ལུས་ཀྱི་ཆ་ཤས་མཐའ་དག་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་ན་ཟུག་དྲག་པོས་བཟུང་བས་རི་ལོས་བདག་གི་བདེ་ཐང་གི་ཕྱོགས་ལ་ཕན་པའི་ཐབས་ཤེས་ཤིག་རྙེད་པར་མནོ་བསམ་སྣ་ཚོགས་གཏོང་བཞིན་མཆིས། ཁོས་ང་ལ་སེམས་གསོའི་ཚུལ་གྱིས“ཁྱོད་ཀྱི་མིག་མདངས་ཉམས་ཤིང་ངོ་གདོང་སྐྱ་བོར་འགྱུར་ལ་ཉེ་བས་སྲོག་ཉེན་ཡང་ཆེ་བར་འདུག གོ་ཐོས་ལྟར་ན་ཡུལ་འདིར་མི་སེམས་ཀྱི་གསང་བ་བརྟོལ་མཁས་པའི་སྨན་པ་སྐད་གྲགས་ཅན་ཞིག་ཡོད་པས་ཁོའི་ཁྱོད་ཀྱི་ནད་གཞི་སེལ་ཐུབ་ཀྱང་སྲིད།” ཟེར་ཞིང་ངའི་ཕྱོགས་སུ་སྤུས་ཀ་ལེགས་པའི་མེ་ལོང་གཙང་མ་ཞིག་གཏད་བྱུང་། བདག་གིས་མེ་ལོང་ལས་མཐོང་བ་ནི་འདབ་མ་རྙིད་པའི་མེ་ཏོག་རྙིང་བ་ཞིག་དང་ཀུན་ནས་མཚུས་པའི་རང་གི་ངོ་གདོང་རེད།
“མེ་ལྕེ་ལགས། ཁྱོད་ཀྱིས་ཞིབ་མོར་སོམས་དང་། ནད་འདིའི་རྩ་བ་ཁྱོད་ཀྱི་སེམས་ཁམས་ལ་རག་ལས་ཡོད།དེའི་ཕྱིར་ཁྱོད་ཀྱི་རང་གི་འདོད་ཚུལ་མཐའ་དག་མ་གསང་བར་དྲང་མོར་བཤད་རོགས།” ཁོས་ང་ལ་ཡང་དང་བསྐྱར་དུ་དེ་ལྟར་སྨྲས་པས་བདག་གིས“ད་ལྟ་ངས་ནད་འདིའི་རྒྱུ་རྐྱེན་འདི་རེད་ཅེས་ངོ་མ་ཁ་ཚོད་གཅོད་མི་ཐུབ། འོན་ཀྱང་ངའི་སྣང་ངོར་ས་ཆ་འདི་རང་ཅག་གཏན་སྡོད་བྱེད་ཆོག་སའི་ཕ་ཡུལ་མ་རེད། བདག་གིས་རང་ཉིད་གློག་འོད་བཅོས་མ་དང་གདུག་རྩུབ་ཆེ་བའི་མིག་ཟུང་མང་བོའི་ལྟ་རྟོག་འོག་ནས་འཆི་ཆུ་འཇུག་མི་འདོད།སྙིང་ཉེ་བའི་སྤུན་ཟླ།འཇིག་རྟེན་ན་ད་དུང་ཡང་ངའི་བདེ་སྡུག་ལ་སེམས་ཁུར་བྱེད་མཁན་ཞིག་ཡོད་དམ”ཞེས་སྨྲས།
ཕྱི་ཉིན་ང་རང་རི་ལོའི་ཐུགས་ཁུར་དང་ལྟ་སྐྱོང་འོག་ནས་ཁོས་བཤད་པའི་སྨན་པ་དེའི་སར་སོང་། ཡ་མཚར་བ་ཞིག་ལ་སྐད་གྲགས་ཆེ་བའི་སྨན་པ་དེའི་མདུན་དུ་ནད་པ་གཅིག་ཀྱང་མེད་པར་མ་ཟད་ཁོའི་སྡོད་ཁང་ནང་དུའང་སྨན་བཅོས་ཀྱི་ལས་ཀ་དང་འབྲེལ་བ་ཡོད་པའི་དངོས་རྫས་ཀྱང་ཏིལ་འབྲུ་ཙམ་ཡང་མི་འདུག ཁོས་ཚིག་འབྲུ་མི་གསལ་བའི་སྣ་གླུ་ལྡབ་ལྡིབ་ཅིག་ལེན་ཞོར་དུ་གཅིག་བུར་ཆང་རག་འཐུང་ཞིང་སྔོ་རྩྭ་ཟ་བཞིན་འདུག་ལ་ངེད་གཉིས་ཀ་བསླེབས་པ་ཚོར་འཕྲལ་ “ངས་ཁྱོད་ཚོའི་ཕྱོགས་སུ་སྒོ་མོ་བརྒྱབ་ནས་དུས་ཡུན་རིང་བོ་འགོར་བ་མ་ཤེས་སམ”ཟེར།
“འོན་ཀྱང་ཁྱོད་ཀྱིས་ངེས་པར་དུ་ངའི་སྤུན་གྲོགས་འདིའི་ནད་ལ་བརྟག་དཔྱད་བྱེད་དགོས། ཁོ་ནི་འཇིག་རྟེན་སྟེང་གི་ཆེས་མཐར་མའི་‘མ་ཎི་རྟགས་ཅན་གྱི་དར་ཆ’ཡིན།”རི་ལོས་གུས་ཉམས་དང་བཅས་དེ་ལྟར་སྨྲས་པ་ན་ཁོས་ངེད་གཉིས་ལ“དེས་ན་ཁྱོད་གཉིས་ཀྱིས་ཐོག་མར་ངའི་སྡོད་ཁང་གི་བཀོད་པ་ཡོངས་རྫོགས་ལ་སེམས་རྣལ་མས་ཞིབ་ལྟ་ཞིག་བྱས་ཏེ་དུས་རབས་འདིར་འགྲོ་བ་མི་རྣམས་ཀྱིས་ཐུན་མོང་དུ་བསགས་པའི་ནག་ཉེས་དག་ཁོང་དུ་ཆུད་པར་གྱིས། གལ་ཏེ་ཁྱོད་གཉིས་ཀྱིས་ཚོད་དཔག་བྱས་པ་འགྲིག་ན་ངས་ནད་བརྟག་དཔྱད་བྱེད་ཆོག”ཟེར།
གཤམ་དུ་ཁོའི་སྡོད་ཁང་དུ་བཤམས་པའི་དངོས་རྫས་དག་རེ་རེ་བཞིན་འབྲི་བར་བྱེད། དེ་དག་ལས་ཤེས་རིག་གི་ལྟ་བ་ཡན་གར་བ་ཞིག་མཚོན་ཡང་སྲིད།
དུ་རྡུལ་གྱིས་གཡོགས་ཤིང་ཤེལ་སྒོ་ཧྲུག་ཆག་ཏུ་གྱུར་ལ་མི་ཁྲག་གིས་ཟིན་པའི་གློག་ཀླད་རྙིང་བ་ཞིག རྒྱུ་འབྲོང་རྭས་གྲུབ་ཅིང་གཞུ་རྒྱུད་དུམ་བུ་གཉིས་སུ་ཆད་ལ་དེ་ལས་དུམ་བུ་གཅིག་ལ་དངུལ་གྱི་སོར་གདུབ་ཅིག་བརྒྱུས་ནས་མདུད་པ་མང་བོ་བརྒྱབ་ཡོད་པའི་མདའ་གཞི་ཞིག་ཕྱོགས་གཅིག་ཡལ་ཀ་མང་བའི་ལྗོན་ཤིང་དང་ཕྱོགས་གཞན་ཞིག་འབྲོག་མོ་ཞིག་གི་ལུས་སྟོད་ཀྱི་འདྲ་གཟུགས་ཡིན་པའི་འཇིམ་བཟོས་བརྐོས་རིས་ཤིག འབར་མཚམས་ཆད་པའི་ལྰ་སྒྲོན་དང་རིགས་མི་འདྲ་བའི་གད་སྙིགས་ཀྱིས་ཕྱུར་བུར་གཏམས་པའི་གསེར་གྱི་བུམ་པ་ཞིག ཉི་ཟླའི་རི་མོས་ཀུན་ནས་བརྒྱན་པའི་མགོ་རུས་མཁྲེགས་པོ་ཞིག་གི་ནང་དུ་ཡོད་ཅིང་མངོན་སུམ་གྱི་དུས་ཚོད་དང་བསྡུར་ན་ཆུ་ཚོད་བདུན་ཙམ་གྱིས་སྔ་བའི་ལག་འདོགས་ཆུ་ཚོད་འཁོར་ལོ་ཞིག ཕྱི་ངོས་ནས་བལྟས་ན་མེ་སྒྱོགས་ཆུང་ཆུང་ཞིག་ཡིན་ཡང་ནང་དུ་དོན་ལྔ་སྣོད་དྲུག་ཆ་ཚང་ཞིང་སྲོག་གི་དབང་བོས་བཟུང་བའི་ཡ་མཚན་པའི་མཚོན་ཆ་ཞིག འབུ་སྲིན་གྱིས་ཟོས་ཏེ་ཚར་ལ་ཉེ་བའི་ཆོས་ཀྱི་གླེགས་བམ་ཞིག འཛམ་གླིང་ཡོངས་སུ་གྲགས་པ་རྒྱས་པའི་ལས་གྲྭ་ཆེན་པོ་ཞིག་གིས་ཐོན་སྐྱེད་བྱས་པའི་འགད་རྫས་ཤིག་གི་དཔེ་རིས་དང་དེས་བསད་པའི་སྐྱེ་ཕོ་ཞིག་གི་ཅ་ཕོར་དང་སྨྱུ་གུ། ད་དུང་མདངས་ཉམས་པའི་རྒྱན་ཆ་དང་རུལ་ཟིན་པའི་འབྲུ་རིགས་སྣ་ཚོགས། ངེད་གཉིས་ཀྱིས་ཅ་ལག་འདི་དག་ལ་ལྟ་བཞིན་སྔར་ཡོད་མ་མྱོང་བའི་འཇིགས་སྐྲག་ཅིང་ཚོར་ཞིང་ཁོས“འཇིག་རྟེན་ཆེན་པོ་འདིས་འགྲོ་བ་མ་ལུས་པར་འཛད་མཐའ་མེད་པའི་སྡུག་བསྔལ་གྱི་ཁྲོད་ནས་ཚེ་སྲོག་གི་རིན་ཐང་ངོས་ཟིན་པར་དྲན་སྐུལ་གཏོང་ནའང་འོན་ཀྱང་འགྲོ་བ་རེ་རེས་རང་གི་བེམ་པོའི་འདོད་པ་སྐོང་ཕྱིར་ཟང་ཟིང་གི་འཚོ་བའི་ཁྲོད་ནས་དུས་ཚོད་མང་བོ་འཕྲོ་བརླག་ཏུ་གཏོང་དགོས་པས་རྣམ་ཤེས་བཅིངས་འགྲོལ་གཏོང་ཐུབ་ཀྱིན་མེད། དེའི་ཕྱིར་རྨི་ལམ་ཞེས་པའི་འཇིག་རྟེན་དེ་ནི་རྣམ་ཤེས་ཁོ་ནར་དབང་བའི་ལོངས་སྤྱོད་ཡིན་པ་ཤེས་པར་གྱིས། ཡ། ཁྱོད་གཉིས་ཀྱིས་ཤོད་དང་། ངའི་འདོད་ཚུལ་ངོ་མ་ཅི་ཞིག་རེད།”ཟེར།
ལན་ཐོག་མར་འདེབས་མཁན་ནི་རི་ལོ་རེད། ཁོ་ན་རེ། “ཁྱོད་ཀྱིས་འཇིག་རྟེན་འདིའི་ཆེ་ཆུང་གཞལ་དགོས་ན་སའི་རྒྱ་ཁྱོན་ཁོ་ན་བཙལ་བ་ཙམ་གྱིས་རློམ་དུ་རུང་བའི་སྡོམ་རྩིས་ཤིག་རྒྱག་མི་ཐུབ་པ་དང་། འཇིག་རྟེན་གྱི་ལྟེ་བ་འམ་བདག་པོ་དངོས་ནི་མིའི་སེམས་ཁམས་ཡིན་པ་ལས་ཕྱི་རོལ་གྱི་སྒྱུ་མ་ལྟ་བུའི་སྣང་ཚུལ་མ་ཡིན་པ། མིའི་རིགས་ཡོངས་རྫོགས་གླུ་སྐད་གཅིག་གམ་ལྷ་སྒྲུང་གཅིག་གི་དབང་སྒྱུར་འོག་ནས་ནམ་ཡང་བྲན་གཡོག་ཏུ་གྱུར་ཡོད་པ། མི་རང་ཉིད་ལ་དབང་བའི་ཤེས་རབ་དང་འདོད་སྲེད་ནི་རྣམ་ཤེས་ཀྱི་རིན་ཐང་རྙེད་པར་མེད་དུ་མི་རུང་བའི་ཡོ་བྱད་ཡིན་པ་ལས་རྣམ་ཤེས་ཀྱི་མཐར་ཐུག་གི་རྟེན་གཞི་མ་ཡིན་པ་སོགས་གསལ་བཤད་བྱེད་ཆེད་དངོས་གཟུགས་འདི་དག་སྡོད་ཁང་དུ་བཤམས་པ་རེད། མཐར་གཏུག་ན་འདི་ནི་ཁྱོད་ཀྱིས་དག་ཞིང་དུ་འགྲོ་ཁར་མི་ཡུལ་དུ་ཕྱི་མིག་ཐེངས་གཅིག་བལྟས་པ་རེད།”
རི་ལོར་མཐུད་ནས་ངས་ཀྱང་རིང་གི་འདོད་པ་བཞིན་དྲིས་ལན་འདེབས་འགོ་བརྩམས། “ཁྱོད་ཀྱི་སྣང་ངོར་འཇིག་རྟེན་གྱི་དུས་ཚོད་ལ་རིང་ཐུང་ཟེར་བའི་ཚད་གཞི་མི་འདུག སྐྱེ་རྒ་ན་འཆི་ནི་དུས་ཚོད་བསྐྱར་ཟློས་བྱེད་སྤྱད་ཡིན་ལ་དེ་ཡིས་ཕྱི་རོལ་གྱི་འགྱུར་ལྡོག་སྣ་ཚོགས་ལ་ཚོད་འཛིན་བྱེད་ཀྱིན་ཡོད། དེའི་ཕྱིར་དུས་ཚོད་ཀྱི་ཆ་ཤས་གང་རུང་ཡང་དུས་ཚོད་སྤྱིའི་དཀྱིལ་དབུས་རེད། གོ་སླ་བར་བརྗོད་ན་དུས་ཚོད་ལ་རྒྱུ་སྤུས་ཡོད་པ་ལས་རིང་ཐུང་ཡོད་པ་མ་ཡིན། དེ་བས་ང་ཚོས་ད་ལྟའི་ཚེ་སྲོག་ནི་དུས་ཚོད་ཡིན་པ་དང་མ་འོངས་པའི་ཚེ་སྲོག་གམ་དོན་གྱི་ཚེ་སྲོག་ནི་སངས་རྒྱས་ཡིན་པ་དེ་ཤེས་དགོས། ཁྱོད་ཀྱི་སྡོད་ཁང་ནང་གི་དངོས་གཟུགས་འདི་དག་གིས་དུས་ཚོད་མང་པོ་ཞིག་གཞི་གཅིག་ཏུ་ཁེགས་པར་བྱས་འདུག འདི་ནི་ཁྱོད་ལ་མཚོན་ན་ཆེས་མཐར་མའི་འཁྲབ་སྟོན་ཞིག་ལ་ལྟ་བ་དང་ཀུན་ནས་མཚུངས།”
ངེད་གཉིས་ཀྱི་དྲིས་ལན་བློར་བབས་པ་དང་འདྲ་བར་ཁོང་གི་གདོང་ལས་བཅོས་བསླད་མེད་པའི་འཛུམ་མདངས་ཤིག་ཡིད་ཆེས་པའི་བརྡ་རུ་མངོན་ཞིང་དེ་མུར “ཁྱེད་གཉིས་ནི་མིའི་རིགས་ཀྱི་ལུས་སྟེང་གི་འོད་ཟེར་ཏེ་ཤེས་རབ་ལ་མཐོང་ཆེན་བྱེད་མཁན་གཉིས་ཡིན་པས་ངས་ནད་ལ་བརྟག་པར་བྱ”ཟེར།
དེ་ལྟར་ཁོས་གཟབ་ནན་ཆེན་པོས་ལྟ་རེག་འདྲི་གསུམ་ལ་བརྟེན་ནས་ངའི་ནད་ལ་བརྟག་དཔྱད་སྣ་ཚོགས་བྱས་ཤིང་མཐར་“ཁྱོད་ཀྱི་ན་རྐྱེན་ཁྱོད་ཀྱི་སྐྱེ་བ་སྔོན་མའི་སྨོན་ལམ་དང་འབྲེལ་བ་འདུག”ཟེར།
“བདག་གིས་སྐྱེ་བ་སྔོན་མར་སྨོན་ལམ་ཅི་ཞིག་བཏབ་བམ།”
“ཁྱོད་ལ་མཚོན་ན་སྐྱེ་བ་སྔོན་མ་ནི་དྲན་གདུང་དང་ཁེར་རྐྱང་གི་ངང་དུ་བསྐྱལ་བའི་མི་ཚེ་ཞིག་རེད། སྐྱེ་བ་དེར་ཁྱོད་ཀྱིས་ཚེ་སྲོག་གི་རིན་ཐང་རྙེད་པ་ལྟར་སེམས་ཀྱི་མཛེས་པ་མཐའ་དག་བཅོས་མས་མ་བསླད་པའི་བརྩེ་སེམས་དང་བཅས་ཏེ་བུ་མོ་ཞིག་གི་ལུས་སྟེང་ལ་བཅོལ་ནའང་ཡིད་ཕངས་པ་ཞིག་ལ་ཁྱོད་དང་ཁོང་མོ་གཉིས་མི་འདོད་བཞིན་དུ་གསོན་བྲལ་བྱེད་དགོས་བྱུང་། ཁྱོད་གཉིས་ཀྱིས་ཕན་ཚུན་ལ་བཅངས་པའི་བརྩེ་དུངས་ཁོ་ན་སྟོང་བསམ་དང་རྨི་ལམ་གྱི་ཁྲོད་ནས་རོལ་བཞིན་རོལ་རྩེད་སྐྱེ་
(ཚར་མེད)