འབྲོག་པའི་དམངས་སྲོལ་དང་འབྱུང་འགྱུར་གླེང་བ།

འབྲོག་པའི་དམངས་སྲོལ་དང་འབྱུང་འགྱུར་གླེང་བ།

    གནམ་གླིང་རྒྱན་མཚན་ཚེ་རིང་།༼འདམ་གཞུང་༽

དེ་ཡང་རླངས་ཀྱི་པོ་ཏི་བསེ་རུ་ལས”ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ”ཞེས་པ་ལྟར་རང་གི་སྐྱེ་རྒྱུད་དང་འབྲེལ་བའི་སྔ་བར་ཕྱི་གསུམ་གྱི་འཚོ་ཐབས་ལ་ཞིབ་ཏུ་མནོ་བསམ་རེ་གནང་ན། སྤྱིར་ང་ཚོ་འགྲོ་བ་མི་ནི་ལོ་ངོ་ས་ཡ་ལྔ་དྲུག་གི་གོང་ནས་ཨ་ཧྥེ་རི་ཀའི་ཡུལ་དུ་ཐོག་མའི་མེས་པོ་སྤྲ་དང་སྤྲེའུ་ལས་རིམ་འགྱུར་གྱིས་བྱུང་ཞིང་དེ་དང་མཐུན་པ་བོད་ཀྱི་འགྲོ་བ་མིའི་རིགས་ཀྱང་ལོ་ངོ་ཁྲི་སྟོང་མང་པོའི་གོང་ནས་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་དང་མ་བྲག་གི་སྲིན་མོ་གཉིས་ལས་མཆེད་པ་ལོ་རྒྱུས་འཆད་མཁས་རྣམས་ཀྱིས་གསུངས་པ་ལྟར་བྱུང་བའི་ལོ་ཡི་བརྒྱུད་རིམ་ཁྲོད་དུ། ང་ཚོ་མཐོ་སྒང་གི་ས་གཞི་ཆེན་པོ་འདིའི་སྟེང་ནས་འཚོ་སྡོད་བྱེད་ནས་ཡོང་བའི་བོད་མི་ནི་རྡོ་ཆས་དུས་རབས་ནས་རིམ་བཞིན་འབྲོག་པ་དང་རྔོན་པ་སོགས་ཀྱི་འཚོ་བ་ལ་བརྟེན་ནས་བརྒྱུད་ཡོང་བ་ཡིན། དེ་ནི་པུར་རྒྱལ་དགུ་པ་པུ་དེ་གུང་རྒྱལ་སྐབས་སུ་བྱུང་བའི་མཛངས་མི་དང་པོ་རུ་ལས་སྐྱེས་ཀྱིས་ཤིང་གི་གཤོལ་དང་། ལྕགས་དང་ཟངས་བཞུ་བ། སྤང་ཐང་ལ་ས་ཞིང་གསར་སྦོལ། ཆུ་ཡུར་དྲངས་པ་སོགས་གསར་གཏོད་ཀྱི་མཛད་པ་ལ་ལྟ་ཡོང་དུས་ཞིང་ལས་གསར་དུ་དར་ཡོང་བ་མངོན།  དེར་བརྟེན་ཆོས་རྒྱལ་དེ་རྣམས་ཀྱི་ཡར་སྔོན་དུ་བོད་པ་ཡོངས་འབྲོག་ལས་གཙོ་བོར་གཉེར་ཞིང་དེ་ནས་རིམ་བཞིན་ཞིང་ས་བདག་གཉེར་སོགས་དར་ཁྱབ་ཤུགས་ཆེན་བྱུང་ནས་ད་བར་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་བོད་མི་རིགས་ཀྱི་འཚོ་རྟེན་གཙོ་བོར་ཞིང་འབྲོག་གཉིས་སུ་གྲངས་ངེས་པར་བྱུང་། དེ་ལྟར་རིམ་བཞིན་འབྲོག་པ་རྣམས་ཕྱུགས་ཟོག་གསོ་སྐྱོང་ཆེད་དུ་ས་བཟང་ས་དང་རྩྭ་ཆུ་གང་འཛོམས་ཀྱི་སར་ངེས་མེད་ཀྱིས་འཚོ་བ་དང་། ཞིང་པ་རྣམས་སོ་ནམ་ཆེད་དུ་དམའ་ས་དང་དྲོད་སར་གཞིས་བཟུང་ནས་ས་ཞིང་ཁོ་ན་བདག་སྐྱོང་བྱས་ཏེ་ཞིང་འབྲོག་གཉིས་སོ་སོར་འཚོ་སྡོད་བྱེད་སྲོལ་བྱུང་ནས་ཐ་སྙད་ལ་ཡང་རོང་འབྲོག་གཉིས་ཞེས་པ་ད་བར་གྲགས་ཡོད།

ཡིན་ནའང་མཐའ་གཅིག་ཏུ་ཞིང་ལས་དང་འབྲོག་ལས་གཅིག་རྐྱང་པ་མ་ཡིན་པ་ས་མ་འབྲོག་ཞེས་གཉིས་ཀ་འཛིན་པ་ཡང་མང་པོ་ཡོད།  གང་ལྟར་ང་ཚོ་བོད་མདོ་དབུས་ཁམས་གསུམ་ཡོངས་ལ་ད་ལྟ་བར་ཁྱབ་ནས་གནས་ཡོད་པས་ཞིང་འབྲོག་གཉིས་ལས།    འབྲོག་པའི་དམངས་སྲོལ་འཚོ་བ་ལ་རོབ་ཙམ་གླེང་ན་ང་ཚོ་བོད་ཀྱི་འབྲོག་པ་ནི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་གཙོ་བོར་བརྟེན་ནས་རྩྭ་ཆུ་གང་འཛོམས་སར་དབྱར་དགུན་སྟོན་དཔྱིད་གནས་སྤོས་ནས་འཚོ་བ་རོལ་བའི་དཔའ་མཛངས་ལྡན་པའི་མི་རིགས་ཤིག་ཡིན། དེར་བརྟེན་འབྲོག་པ་ཕལ་ཆེར་སྤང་ལྗོངས་དང་ལྡན་པའི་ས་མཐོ་ས་དང་།  ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་སྟེང་དུ་གནས་ནས་ཡོད། དེ་ཡང་ཕྱུགས་རིགས་གསོ་འཕེལ་གྱི་མཐུན་རྐྱེན་ཆེད་དུ་རྩྭ་ཆུ་འཛོམས་སར་དམིགས་ནས་གནས་པར་སྨྲོས་མི་དགོས་པ་རེད། དེ་ལྟར་རྟ་ནོར་ལུག་གསུམ་གྱི་ཐོན་ཁུངས་ལ་བརྟེན་ནས་དུས་སྐབས་དང་མཐུན་པར་རྒྱབ་ཀྱི་གོས་དང་།  ནང་གི་ཁ་ཟས། ཕྱི་ཡི་སྦྲ་ནག་སོགས་སོ་སོར་རང་མགོ་རང་ཐོན་གྱི་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།  རིམ་བཞིན་སྤྱི་ཚོགས་ཀྱི་འགྱུར་བ་དང་མི་རིགས་ཀྱི་བློ་གྲོས་གོང་མཐོར་སོང་བ་དང་བསྟུན་འབྲོག་པ་ཡང་དེ་དང་མཚུངས་པར་ཁྱིམ་གཞི་ཡུལ་ལུང་སོ་སོར་གཏན་སྡོད་ངང་དབྱར་དགུན་གྱི་མཚེར་ས་ཕར་ཚུར་སྤོས་ནས་འགྲོ་བ་དང་།   བཟོ་ཚོང་རིག་གནས་ཧ་ཅང་གི་དར་ཁྱབ་བྱུང་ནས་དགུན་གྱི་དུས་སུ་བྱང་དུ་གཡག་བརྒྱ་ཕྲག་དུ་མ་རུ་ཚོ་དང་ཤོ་ཁག་བྱས་ནས་ཚྭ་བུལ་ཁལ་ལ་བཀལ་ཏེ་ལེན་པ་དང་།སྟོན་དུས་སུ་ཚྭ་བུལ་དེ་དག་ཁལ་བཀལ་ནས་ལྷོ་ཕྱོགས་ཞིང་པའི་ཁུལ་དུ་འབྲུ་དང་གྲོ་སྲན་སོགས་བྲེ་དང་སྲང་ལ་འཇལ་ནས་བརྗེ་ལེན་བྱེད་སྲོལ་ཡོད་པ་ནི་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་གཡས་གཡོན་བར་མ་ཉམས་པར་གནས་ཡོད།  མ་ཟད་ཤ་མར་ཕྱུར་བ་བལ་ཁུལ་སོགས་བཙོངས་ནས་དར་གོས་རིན་ཆེན་སོགས་ཉོ་སྒྲུབ་ཀྱི་འཚོང་ལས་སྣ་ཚོགས་བྱེད་ནས་འབྲོག་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད།  ཡང་སྒོས་གནའ་སྔ་མོ་མི་ལོ་སྟོང་ཕྲག་མང་པོའི་རིང་ཕ་མེས་ཡང་མེས་ནས་རྒྱུད་ཡོང་བའི་ང་ཚོ་འབྲོག་པའི་འཚོ་བ་ནི་ངོ་མ་གནའ་ཉམས་ལྡན་པ་ཞིག་ཅིས་ལ་མིན།  ནམ་མཁའི་སྐར་ཚོགས་ལྟར་གྱི་ཕྱུགས་རིགས་དཀར་ནག་ཁྱུ་ཚོགས་མང་པོ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་འདོ་བ་རྟ་ཡི་འཚེར་སྒྲ་དང་། གཡང་དཀར་མ་མོའི་འབའ་སྒྲ།  གནག་ཆུང་ནོར་གྱི་ངུར་སྒྲ་སོགས་སྙན་འཇེབས་ཡིད་འོང་ལྡན་པ་མ་ཟད་དེ་དག་འཚོ་སྐྱོང་གནང་བའི་རྫི་བོ་དག་གི་གླུ་སྐད་སྙན་མོ་དྲི་ཟའི་དབྱངས་ལྟར་རི་ཀླུང་ཀུན་ལ་ཁྱབ་ཅིང་ལྗང་མདོག་གི་སྤང་ལྗོངས་སྟེང་དུ་སྔོ་ཕྱུར་གྱི་དུ་ཞག་ལང་ལོང་དུ་འཁྲིགས་པའི་སྦྲ་ནག་གི་ནང་དུ་ཤ་མར་ཐུད་ཀྱི་དྲི་ཞིམ་ཐུལ་ལེ།  འོ་ཞོ་དང་།  སྦྲང་དཀར་ཀྱི་རྩམ་པ་སོགས་ལོངས་སྤྱོད་སུམ་རྩེན་གྱི་དཔལ་ལ་འགྲན་བཞིན་སྐྱེ་བོ་ཀུན་གྱི་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་པར་ནུས་པའི་འབྲོག་སྡེ་ཕྱུག་མོ་འདི་ཡངས་པའི་རྩྭ་ཐང་འདིའི་སྟེང་དུ་ད་བར་ལྷིང་འཇགས་སུ་གནས་ཡོད་པ་ཙམ་མ་ཡིན་པར་འབྲོག་པའི་དམངས་སྲོལ་གྱི་རིག་གནས་རྒྱ་མཚོ་ལྟ་བུ་ལས་གླུ་གར་གྱི་རིག་གནས་གཅིག་པུ་ལ་མཚོན་ན་ཡང་།  ཁེད་དང་ལྡེའུ། གཞས་ཆེན།  གཞས་ཆུང་། གཞས་ཤག སྒོར་གཞས།  རྐྱང་གཞས། ལ་གླུ། ཚྭ་གླུ། བལ་གླུ། ཁྲམ་གླུ། གཏམ་དཔེ་སོགས་དོན་ཟབ་ལ་ཚིག་གི་སྡེབ་སྦྱོར་ཧ་ཅང་གི་རྣ་བ་སྙན་པ་མ་ཟད་དེ་དག་རེ་རེ་ལ་ཡང་བོད་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་འཚོ་བ་དང་མིའི་སེམས་ཁམས་མཚོན་ཐུབ་ཀྱི་ཡོད། ད་དུང་རྟ་རྒྱུགས་མདའ་འཕེན་དང་། རྩིད་བསེད་བལ་ཐག། འོ་བཞོ་མདོང་དཀྲོག་སོགས་རེ་རེ་ལ་ཡང་ཁྱད་ཆོས་དང་རྣམས་གྲངས་བརྗོད་ཀྱི་མི་ལངས་བ་ཞིག་ཡོད། ཡང་བསྐྱར་བརྗོད་འདོད་པ་ཞིག་ལ་སྒོ་ཟོག་རྟ་ནོར་ལུག་གསུམ་ལས་བྲེ་སེར་འབྲོང་གི་རྒྱུད་ལས་མཆེད་པས་ནོར་ནག་འབྲི་གཡག་ལ་མཚོན་ན་འཛམ་གླིང་གོ་ལའི་ཁྱོན་འདིར་ང་ཚོ་བོད་ལ་མ་གཏོགས་གཞན་སུ་ལ་ཡང་མེད་པའི་ཁྱད་ནོར་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དགོས་འདོད་ཟས་གོས་ཤ་མར་ཐུད་གསུམ་དང་། གནས་མལ་བུད་ཤིང་ཡན་ཆོད་ཀུན་གྱི་འབྱུང་ཁུངས་ཆུ་གཏེར་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས་པའི་གཡང་ཟོག་འདི་འདྲ་ཞིག་མེས་པོ་གོང་མ་ཚོས་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་ད་ལྟ་ང་ཚོའི་ལག་ཏུ་བཞག་ཡོད་ནའང་།  ངས་སྐབས་འདིར་ལྷག་ཏུ་གླེང་འདོད་པ་ཞིག་ལ་དེང་སྐབས་དུས་ཀྱི་འགྱུར་བ་ཡིན་ནའང་འདྲ་ཡར་ཐོན་གྱི་བསམ་བློ་འདྲ་ཡིན་ཁུལ་གྱིས་སློབ་མཐར་ཕྱིན་ལ་མ་ཕྱིན་གྱི་ལོ་ཆུང་གཞོན་སྐྱེས་ཕལ་ཆེར་དང་རྒན་རབས་ཡང་མི་ཉུང་བ་ཞིག་གིས་རིན་པོ་ཆེ་གཏེར་གྱི་བང་མཛོད་ལྟ་བུའི་གཡང་ཟོག་དེ་དག་བདག་སྐྱོང་མི་བྱེད་པ་གྲོང་ཁྱེར་དང་གསང་ལམ་མྱུལ་ནས་སྒོ་སྲུང་དང་། ཟ་ཁང་མགྲོན་ཁང་གི་ཞབས་ཞུ།  ཐ་ན་ལམ་གྱི་གད་དར་ཕྱགས་མཁན་དང་གསང་སྤྱོད་སྲུང་མཁན་ཞིག་ལས་མ་བྱུང་ཡང་དེ་དག་ལ་གཙིགས་སུ་འཛིན་ནས་ཡར་སྔོན་ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་ནས་བརྒྱུད་ཡོང་བའི་འཚོ་ཐབས་ཕུན་སུམ་ཚོགས་པོ་འདི་དག་དང་སྲོལ་རྒྱུན་གྱི་རིག་གནས་ཉམས་དགའ་བ་དག་མཆིལ་མའི་ཐལ་བ་བཞིན་དུ་དོར་ཡོང་བ་འདི་འཇིགས་སུ་རུང་བ་ཞིག་དང་སྐྱོ་དགོས་པ་ཞིག་ཏུ་མངོན།

སྔ་མོའི་གཏམ་དཔེ་ལ་ནོར་བུ་རང་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད།  ནོར་བུ་མི་ལ་ཤོར་དུས་འགྱོད་པའི་གཏིང་ཚོད་མི་ཟིན་ཟེར་བ་དེ་ཅིས་མ་ཡིན། ཡང་མིན་ན་ངོ་མ་ཡར་ཐོན་གྱི་བསམ་བློ་ཁྱད་འཕགས་ཤིག་ཡིན་ནམ།  འདིའི་ཐད་བློ་གྲོས་ཀྱི་པད་འདབ་རབ་ཏུ་རྒྱས་པའི་མཁས་པའི་དབང་པོ་རྣམས་དང་ཉམས་མྱོང་ཕུགས་ནོར་གྱིས་ཕྱུག་པའི་རྒན་རབས་མཐོང་རྒྱ་ཅན་ཚོ་དང་། འགན་བབས་ཀྱི་དབུ་ཁྲིད་རྣམས་ཀྱི་གཙོས་དེང་སྐབས་བསམ་བློ་བ་ཡིན་ཟེར་མཁན་གྱི་ཡི་གེ་ཁ་ཤས་ཤིག་འབྲི་ཤེས་པ་ཙམ་གྱི་འུར་གྱིས་ནམ་མཁའ་བཀང་མཁན་ཚོགས་དང་མདོར་ན་ལྟེ་ཁྲག་རུས་གསུམ་སྦྲ་ནག་ནས་ཐོར་ཞིང་ཤ་ཁྲག་སྙོམས་ལག་རྩྭ་ཐང་ནས་རྒྱས་ཡོང་བའི་འབྲོག་ཕྲུག་ཡོད་དོ་ཅོག་གིས་གླེང་སློང་དང་། དཔྱད་བརྗོད། འབོད་སྐུལ་སོགས་བྱེད་རྒྱུ་ཡོད་ན་བྱེད་རན་འདུག་མ་གཏོགས་དུས་རབས་ཉི་ཤུ་པའི་མི་རྣམས་མཇུག་རྫོགས་པ་དང་མཉམ་དུ་སྲོལ་རྒྱུན་གྱི་ཕྱུག་པའི་འབྲོག་པ་ཡང་འཇུག་རྫོགས་པ་ལ་ཐེ་ཚོམ་མེད་པ་དུས་རབས་ཉེར་གཅིག་པའི་གཞོན་སྐྱེས་རྣམས་ལ་བལྟས་ན་གསལ་པོ་ཞིག་མངོན་ཡོང་བར་ངེས།  སྤྱིར་ང་ལྟ་བུའི་ཤེས་འཇོན་གང་ཡང་མེད་པ་ཞིག་གིས་མ་འཇོན་འཇོན་མདོག་དང་མི་ཤེས་ཤེས་མདོག་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཞིག་རེད་བསམ་མཁན་མི་ཉུང་བ་ཞིག་ལོས་ཡོད་སྲིད་ཀྱང་འདི་ངས་རྨོངས་ཚོད་དང་རིགས་རུས་ཀྱི་ཞེན་ཁོག་ཙམ་མ་ཡིན་པ་འབྲོག་པའི་འཚོ་བ་ལ་ལེགས་ཆ་མང་པོ་མཐོང་ཐོས་མྱོང་གསུམ་བྱུང་ནས་ལྷག་བསམ་རྣམ་དག་གི་དཔྱད་བརྗོད་དང་འབོད་སྐུལ་གྱིས་ཚུལ་དུ་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་ཡིན། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་འབྲོག་པའི་དམངས་སྲོལ་གྱི་འཚོ་བ་མང་དག་ཞིག་ད་ལྟ་ལོ་རྒྱུས་ཀྱི་གླེང་བྱ་ཙམ་དུ་ཟད་པ་མ་ཟད་ད་དུང་བོད་ཀྱི་འབྲོག་པ་ཞེས་པ་དེ་ཡང་མི་རིང་བར་ལོ་རྒྱུས་ཀྱི་གླེང་བྱ་ཙམ་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ་བར་བརྟེན་འབྲོག་པའི་འཆི་གསོན་དང་ལེགས་བཅོས་གོང་འཕེལ་གང་ཡོང་མཐའ་དག་འབྲོག་པའི་གཞོན་སྐྱེས་རྣམས་ལ་རག་ལས་པས་དེ་ལུགས་ཀྱི་དགོངས་པ་རྣལ་མ་ཞིག་ངེས་པར་བཞེས་དགོས་པ་བོད་པ་སྤྱི་དང་ལྷག་པར་རྩྭ་ཐང་གི་བུ་ཕྲུག་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཡིན་པར་སེམས་སོ།།

 

བྱང་འབྲོག་པའི་རྩོམ་རིག་རྒྱང་སྐྱོད་ལས་ཤག

 

 

བརྒྱུད་སྐུལ།

མཆན་སྤེལ།