མེ་ཏོག་གངས་ལྷ།

༄༅།། མེ་ཏོག་གངས་ལྷ།

——– ཚེ་བརྟན་རྡོ་རྗེ།

  རྒྱང་རིང་གི་གནམ་སའི་འབྲེལ་མཚམས་སུ། ཁ་ཆར་དང་འཐོར་རླུང་དྲག་ཏུ་འཚུབ་པས། རི་ལུང་དང༌། ནགས་ཚལ།
ལམ་ཕྲན་རྣམས་མོག་པོར་སྣང་ལ། རི་ཁུལ་དུ་ཐར་ཐོར་དུ་ཆགས་པའི་གྲོང་ཚོ་འདིའི་བར་སྣང་ཡང་ནག་འཐིབ་བེར་གྱུར་
ཅིང༌། ཁང་མིག་ཆུང་ཆུང་འདིའི་ནང་གི་སྣུམ་སྒྲོན་གྱི་འོད་སྣང་དེ་རིམ་གྱིས་ཇེ་གསལ་དུ་གྱུར།
ཞོགས་པའི་སྐྱ་རེངས་ཤར་མ་ཐག་ཁྱོད་རང་སེམས་ཆུང་གི་སྒོ་ནས་ཡར་ལངས་ཤིང༌། གམ་དུ་གཉིད་སྟུག་པོར་ཡུར་
འདུག་པའི་བུ་མོའི་སྟེང་ལ་ཡང་བསྐྱར་མལ་གོས་གཡོགས་རྗེས། ཕྱགས་མ་དང་ཤིང་ཁེམ་བཟུང་སྟེ་སྒོ་ཕྱིར་བུད། ཁྱོད་ཀྱིས་
ཚོད་དཔག་བྱས་པ་དངོས་གནས་འཆུགས་མི་འདུག་སྟེ། མདང་དགོང་ཁ་བ་བབས་བྱུང༌། ཁོ་ར་ཁོར་ཡུག་རྣམས་རབ་དཀར་
གྱི་ཁ་བའི་འདབ་མས་གཡོགས་ཤིང་ཁྱོད་རང་གངས་ཀྱི་འཇིག་རྟེན་དུ་གནས་འདུག ཡིན་ན་ཡང༌། ཁྱོད་ཀྱིས་ཁ་བ་ཉུང་ངུ་
ཙམ་ལས་མ་ཕྱགས་པར་ཤིང་ཁེམ་ལ་སྔས་ཏེ་མིག་ཧྲིག་གེར་གྱུར་སོང༌།
ཁྱོད་རང་འདི་ལྟར་བསམ་གཞིག་གི་མཚོ་མོའི་འཇིངས་སུ་ལྷུང་བ་ཅི་ཡིན་ནམ། དཀར་ཞིང་གཙང་བའི་ཁ་བའི་
འདབ་མ་ཁྱོད་ཀྱི་བལ་སྐུད་ཀྱི་ཞྭ་མོའི་སྟེང་དང༌། ལྟེབ་གཉེར་ཆགས་ཤིང་ཐགས་ལ་བབ་པའི་རྒྱ་ལྭ་སྔོན་པོ། དེ་ཕོའི་རྔ་སྒྲོ་
ལྟ་བུའི་སྐྲའི་ལན་བུ། ད་དུང་རྒས་གཉེར་བབས་པའི་སྐེ་མཇིང༌། སྒོར་ཞིང་སྨུག་པའི་གདོང༌། རིད་ཅིང་ནག་པའི་ལག་ཟུང་
ལ་བབས་ཏེ་ཁྱོད་རང་ཁ་བའི་ཀློང་དུ་བཏུམས་ཀྱང་ཁྱོད་ཀྱིས་དེ་ལ་སྣང་དོགས་ཙམ་ཡང་མི་བྱེད། འདི་ལྟར་ཁ་བས་ལུས་
ཕུང་གཡོགས་པར་བྱས་ན། ད་གཟོད་རང་ཉིད་ཀྱི་སྐྱོ་གདུང་སངས་པར་འགྱུར་བ་ལྟར་སྔར་བཞིན་འགུལ་ཙམ་ཡང་མི་བྱེད།
རས་ལྷམ་གྱི་སྣེ་མགོ་རིམ་གྱིས་ཁ་བས་བརྟོལ་ཏེ་རློན་པར་བྱས་པ་དང༌། དྲོད་རླངས་ཆུང་ངུ་ཞིག་ལྡང་གིན་འདུག
ཁྱོད་རང་ཤིང་ཁེམ་ལ་སྔས་ཏེ། རང་ཉིད་ཅི་ཞིག་ལ་ཁེན་པ་དང་ཅི་ཞིག་བྱེད་པ་ཡང་ཡེ་ནས་བརྗེད་འདུག མིག་
མདུན་གྱི་ཁ་བའི་འདབ་མར་ཧྲིག་ནས། རང་ཉིད་ཀྱི་མིག་ལ་ཡིད་ཆེས་མེད་ཅིང༌། མིག་སྔར་གྱི་ཡོད་ཚད་ནི་རྟོག་བཟོའི་རྨི་
ལམ་ཞིག་ཡིན་པའི་སྣང་བ་འཆར།
ཁྱོད་རང་ཐོག་མར་རི་སྡེ་འདིར་དངོས་སྦྱོང་ལ་ཡོང་བ་ནས་བཟུང༌། བགྲང་བྱའི་ཉག་མ་ཅི་ཙམ་འདས་པ་མི་ཤེས་
མོད། འོན་ཀྱང་ཁྱོད་ཀྱི་དྲན་འཛིན་གྱི་མེ་ལོང་དུ་གནས་འདིའི་ཡོད་ཚད་ཁ་སང་བྱུང་བ་དང་འདྲ་བར་གསལ་ལེར་ཤར་
ཡོད། རི་ལུང་དང་ཐང་གཤོང་གི་རྒྱན་དུ་གྱུར་པའི་འབྲོག་པའི་སྦྲ་གུར་དང༌། སྙན་ཞིང་འཇེབས་པའི་གླུ་སྒྲ། གཟས་ལ་
བཀྲམ་པའི་ཕྱུཊ་ཟོག སྔོ་ཞིང་དྭངས་པའི་མཁའ་དབྱིངས་ལ་སོགས་ཁྱོད་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད། དེ་བས་ཀྱང་
བརྗེད་མི་སྲིད་པ་ནི་ཕོ་གསར་མ་རབས་བསྟན་བཤིག་ཅིག་དང་མཚུངས་པའི་བུ་མོ་གཞོན་ནུ་མ་ཞིག་དང༌། ངོ་ཆུང་བུ་མོ་
གཞོན་ནུ་མ་ཞིག་དང་མཚུངས་པའི་གསར་བུ་གཉིས་ཀྱི་རབ་རིབ་མག་མོག་གི་ཐོག་མའི་བརྩེ་དུང་དེ་རེད།
སྐབས་དེར། སློབ་སྦྱོང་མཐར་ཕྱིན་རྗེས་ཁོ་མོས“ང་རང་ཕྱིར་རི་གྲོང་དུ་འགྲོ་རྒྱུ། ས་དེའི་བོད་རིགས་སློབ་བུ་མང་
ཆེ་བ་ང་ལ་ཆ་རྒྱུས་ཡོད་པར་མ་ཟད། ཡ་རབས་གཤིས་དྲང་འབའ་ཞིག་ཡིན་པ་དང༌། ངའི་རང་སྟེང་ནས་བཤད་ནའང་བོད་
ཡིག་ཀྱང་སྦྱང་བ་བྱས་ཡོད་པས། གང་ལྟར་ཡང་མཐུན་རྐྱེན་འགྲིག་འདུག”ཅེས་རེ་འདོད་ཞུས། ཡིན་ན་ཡང༌། ཁོ་མོས་
རང་ཉིད་ཀྱི་ལང་ཚོ་དང་གསང་བ་ཡོད་ཚད་གནས་འདི་ནས་མགོ་བརྩམས་ཏེ། གནས་འདི་ནས་མཇུག་སྒྲིལ་བ་ཡིད་ལའང་
མ་ཤར། འདི་ནི་གངས་དཀར་དང་བསྡེབས་པའི་རི་བོ་ཧི་མ་ལ་ཡའི་ཡུལ་ལྗོངས་ཏེ། ཁོ་མོ་ནི་རྒྱ་མཚོའི་གཏིང་གི་སྐྱེ་དངོས་
ཉག་གཅིག་དང་སྤྲིན་དཀར་གསེབ་ཀྱི་གྲུ་ཆར་ཐིགས་གཅིག་མ་ཡིན་ནམ།
ཁྱོད་ཀྱིས་མིག་ཟུང་འཕུར་འཕུར་བྱེད་བཞིན་ཤིང་ཁེམ་ལག་ཏུ་བཟུང་སྟེ། ཁ་བ་འདེད་དུ་འོངས་པ་ཤེས་ཤིང༌། དེ་
མུར་ཐང་ཕྱགས་ཀྱང་རུང་ལ་མ་ཕྱགས་ཀྱང་རུང་སང་ཉིན་རང་ཉིད་གྲོང་ཁྱེར་དུ་ཕྱིར་ལོག་ནས་གནས་འདི་དང་གཏན་
བྲལ་བྱེད་ཀྱང་སྲིད་སྙམ།
ཁྱོད་ལ་གློ་བུར་དུ་ངལ་དུབ་ཀྱི་སྣང་བ་ཞིག་སྐྱེས་པ་དང༌། ལྗིད་ཏིག་ཏིག་གི་གོམ་པ་སྤོ་བཞིན་ཕྱིར་ཁང་མིག་ཏུ་ལོག་
སྟེ། མལ་ཁྲིའི་མདུན་དུ་ཤུགས་རིང་ཅིག་ཕྱུང་བ་དང་ཆབས་ཅིག་མར་བསྡད།
“ཨ་མའི་འོ། སྦྲང་རྩི་བཞིན་མངར། ཇི་སྲིད་བར་དུ་བརྗེད་མཐའ་མེད། ” གཉིད་སྟུག་པོར་ཡུར་བའི་བུ་མོ་དེས་
གཉིད་གོང་ནས་གླུ་དབྱངས་ཤིག་བླངས་བྱུང༌། ཁོ་མོ་ཕལ་ཆེར་ཁྱོད་ཀྱིས་དཀྲོགས་པ་འདྲ། མིག་འཕུར་བཞིན་ཁོག་སྟོད་ཡར་
དགྱེ་སྟེ། “འོ …… ལངས་རན་སོང་ངམ། 鉋
“ཅི་སྐྱོན། ད་རུང་ཅུང་ཙམ་ལ་གཉིད། ”
བུ་མོ་མལ་ས་ནས་ཁ་ལོ་ཞིག་འཁོར་རྗེས་ཡང་བསྐྱར་གཉིད་དུ་ཡུར། འདི་ལྟར་སྐྱོ་སེམས་དང་སྡུག་སྣང་ཅི་ཡང་མེད་
པ་ལ་ལྟོས་དང༌། སྐབས་དེར་ང་རང་ཡང་འདི་འདྲ་ཞིག་མ་ཡིན་ནམ། གལ་ཏེ་ང་ལའང་བུ་མོ་ཞིག་ཡོད་ཚེ། འདི་འདྲ་ཞིག་
ཡིན་སྲིད། ཁྱོད་རང་མལ་ཁྲིའི་སྟེང་དུ་རིང་ཤལ་དུ་ལོག་ནས་བསམ་གཞིག་བྱེད་བཞིན་སེམས་ལ་སྟོང་སྣང་ཞིག་སྐྱེས་ཤིང་
ལྟོགས་སྣང་ཞིག་ཀྱང་སྐྱེས།
གནས་འདི་ནི་དངོས་སྦྱོང་སྐབས་ཀྱི་རི་སྡེ་དེ་ཡིན་ནམ། ཁྱོད་ལ་ཡིད་མི་ཆེས་པའི་དོགས་སྣང་ཞིག་སྐྱེས་བྱུང༌། ཁ་
བ་འབབ་མཚམས་བཞག་ནས་སློབ་མ་རྣམས་སློལ་གྲྭར་ཡོང་ཚེ། ཁྱོད་ཀྱིས་ཁོ་ཚོའི་འགྲམ་པར་ལག་ཟུང་སྦྱར་ཏེ། མཇུག་
མཐའི་བསླབ་བྱ་ནན་མོར་བརྗོད་དགོས་ལ། གནས་འདི་རུ་ཁྱོད་ཀྱི་མཇུག་མཐའི་རྐང་རྫེས་བཀོད་དེ། རྩྭ་ཐང་གི་ཁྱིམ་མི་རེ་
རེ་ལ་གྱེས་གཏམ་ཞུ་དགོས།
རྟ་ཕོ་གཉིས་ཀྱི་རྨིག་སྒྲའི་འགྲོས་མཉམ་པའི་ངང་རི་འདབས་སུ་སླེབས་ཤིང༌། གང་ནས་འཕུར་འོངས་པའང་མི་ཤེས་
པའི་ཕྱེ་ལེབ་གཉིས་གཤོག་ཟུང་ལྷབ་ལྷུབ་ཏུ་སྐྱོད་བཞིན་རྟ་ཕོའི་རྣ་རྩེ་ན་ལྡིང་སྐོར་རྒྱག ཁྱུ་དང་ཁྱུ་བསྡེབས་པའི་གཡང་
དཀར་ལུག བྲེ་སེར་འབྲོང། འདོ་རིག་རྟ། ད་དུང …… ཁྱོད་ཀྱི་མིག་ཟུང་རིམ་གྱིས་རབ་རིབ་ཏུ་གྱུར། སྐབས་དེར། ཁོ་
མོ་དང་ཁོ་སྟེ། དེ་ཕོའི་རྔ་སྒྲོ་ལྟ་བུའི་སྐྲའི་ལན་བུ་གཉིས་སླས་པའི་བུ་མོ་ཞིག་དང༌། ངོ་ཆུང་གསར་བུ་གཉིས་ཀྱང་འདི་ལྟར་
ལྷན་དུ་རྩྭ་ཐང་དུ་རྒྱུགས་རྩལ་འགྲན་ཞིང༌། འབྲོག་ཁྱིམ་ཞིག་ནས་འབྲོག་ཁྱིམ་གཞན་ཞིག་ལ་སོང༌།
མི་རྣམས་ཀྱིས“ཕོ་གསར”ཞེས་འབོད་པའི་བུ་མོ་དེས་རང་ཉིད་ནི་བུད་མེད་ཅིག་ཡིན་པ་ཡེ་ནས་ཤེས་མེད་པ་
འདྲ། ཁོ་མོ་ཆུང་དུས་ནས་བཟུང་པྲ་ཚག་ཡིན་ལ། གསར་བུའི་འདུ་ཚོགས་སུ་སྤེ་ག་འགྲན་པ་དང་ལག་གཅུ་རྒྱག་རེས་བྱེད་པ་
ལ་ཐེ་ཚོམ་མེད། ཁོ་མོ་ལོ་བཅོ་ལྔར་སོན་པའི་ལོ་དེར། ཉིན་ཞིག་ཁོ་མོས་རང་གི་སྲིང་མོ་ཁྲིད་དེ། ཁྲུས་ཁང་དུ་ཁྲུས་བྱེད་དུ་
སོང༌། བསམ་ཡུལ་ལས་འདས་པ་ཞིག་ལ་ཁྲུས་གཞོང་ནང་དུ་འཛུལ་མ་ཐག་དྭངས་གཙང་གི་ཆུ་དེ་དམར་པོར་བསྒྱུར།
“ཨ …… མ། ཁྲག”ཁོ་མོ་སྐྲག་སྣང་དང་བཅས་ངུ་སྔངས་བྱས། ཕྱིར་ཡུལ་ལ་ལོག་རྗེས་སྲིང་མོས་ཁ་སྔོན་མ་བྱས་ཏེ་
གནས་ཚུལ་དེ་ཇི་བཞིན་དུ་ཨ་མར་བཤད། ཨ་མས་སྲིང་མོ་ལ“བླུན་གཏམ་མ་བཤད། ”ཅེས་ཚིག་ལོག་ཅིག་བརྒྱབ་པ་
དང༌། གམ་དུ་ལངས་པའི་ཁོ་མོའི་ལག་མགོ་ནས་བཟུང་སྟེ། “ད་རུང་བྱིས་པ་ཞིག་དང་འདྲ། ཁྱོད་ད་ལྟ་མོ་གསར་ཞིག་
ཡིན་པའང་མི་ཤེས་སམ། ”ཞེས་བཤད།
ཁོ་མོས་དུས་དེར་ད་གཟོད་བུད་མེད་རྣམས་ལ་གསང་བ་ཁྱད་པར་བ་ཞིག་ཡོད་པ་ཤེས་བྱུང༌། ཡིན་ན་ཡང་ཡ་མཚན་
རྒྱུ་ཅི་ཡོད་དེ། ཟླ་གཅིག་ལ་ཐེངས་གཅིག་མ་ཡིན་ནམ། ཁོ་མོས་ཉིན་རེ་བཞིན་འབུར་འོངས་པའི་བྲང་སྐྱེས་དེ་དམ་དུ་
བསྡམས་ཤིང༌། སྔར་བཞིན་མ་རབས་པྲ་ཚག་གི་ལས་ཁོ་ན་བྱས། དངོས་སྦྱོང་ལ་འགྲོ་སྐབས། ཁོ་མོས་སྤོབས་སེམས་ཆེན་པོའི་
ངང་ནས“ང་རང་རྒྱང་ཐག་རིང་བའི་འབྲོག་ཁུལ་ལ་སོང་ནས། རྩྭ་ཐང་གི་དཔའ་མོ་ཞིག་བྱེད་འདོད། ”ཅེས་བཤད་
པས་སློབ་གྲོགས་ཚོའི་གྲས་སུ་བཞད་གད་ཐག་གེར་གྱུར། ཁོ་མོ་སྤྲོ་སེམས་འཁོལ་བའི་དགོད་སྒྲའི་ཁྲོད་དུ་དཔོག་དཀའ་བའི་
རི་སྡེ་འདིར་འོངས། རི་སྡེ་འདིའི་སློབ་ཆུང་ལ་སློབ་མ་སྡུད་ལེན་བྱེད་པའི་མགོ་ཐོག་མར་བཙུགས་པས། རྟ་ཞོན་ནས་ཉིན་གཅིག་ལ་འགྲོ་
དགོས་པའང་ཡོད་ལ། ཁ་སྐོམ་ཚེ་རྫ་ཆུ་མི་འཐུང་ཀ་མེད་རེད། རྫ་ཆུ་གཙང་ཞིང་དྭངས་པ་ཞིག་ཡིན་ནའང༌། འཐུང་ལོབས་མ་
བྱས་པའི་རྐྱེན་གྱིས་ཐོག་མའི་གཟའ་འཁོར་གཅིག་ཙམ་གྱི་རིང་ལ་རྒྱུ་མ་གཟེར་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར།
ཟླ་གཅིག་རིང་གི་འཚོ་བའི་དུས་ཡུན་ནི་ཤིན་ཏུ་ཐུང་ནའང༌། བྲོ་བ་མི་གཅིག་པའི་དྲན་ཤེས་མང་པོ་ཞིག་བཞག་འདུག ཁོ་ཚོ་
མི་བཞི་བོ(ཁོ་དང་ཁོ་མོ) གཞན་པའི་བུ་མོ་གཉིས་ཡོད)རྟ་ལ་ཞོན་ཏེ་འབྲོག་ཁྱིམ་རེ་རེར་སློབ་མའི་བསམ་འཆར་སྡུད་ལེན་
བྱེད་དུ་སོང་ཚེ། ལམ་སྐེད་ཞིག་ནས་གལ་ཏེ་ཁོ་མོས་བསམ་བཞིན་དུ་རང་གི་རྟ་ཁ་བསྒགས་ཏེ་རྒྱུ་མ་གཟེར་བའི་ཉམས་
བཏོན་ཚེ། ཁོས་རྒྱང་རིང་ནས་རྟ་ཁ་ཕྱིར་བསྐོར་ཏེ་སྒུག་ངེས་ལ། ཁོ་མོ་གམ་དུ་སླེབས་ཚེ་ད་གཟོད་རྟ་ལ་ལྕག་གིས་སྐུལ་ཏེ་
ཆབས་ཅིག་ཏུ་འགྲོ་སྲིད། འོན་ཀྱང་ཁོ་རང་ངོ་ཆུང་བའི་ཁར་ལམ་བར་དུ་ཁུ་སིམ་མེར་འགྲོ་བ་ལས། སྐད་ཆ་ཚིག་གཅིག་
ཀྱང་མི་བཤད། ལན་རེར་ཁོ་མོ་ཚོས་དགོད་གཏམ་ཞིག་བཤད་ཚེ། ཁོ་རང་ད་གཟོད་གད་མོ་རེ་དགོད།
དུས་དེའི་བརྩེ་དུང་ངོ་མས་བརྗོད་དཀའ། རྗེས་མའི་ལོ་ཟླ་མང་པོ་ཞིག་གི་ཁྲོད་དུ། ཁོ་མོས་འདི་ལྟར་དབུགས་རིང་
འབྱིན། ཁོ་རང་ཅིའི་ཕྱིར་ཁ་མི་གྲགས་པ་ཡིན་ནམ། མ་མཐའ་ཡང་སྐད་ཆ་ཚིག་གཅིག ……
“ང་ཚོ་ཚང་མས་བསམ་ཤེས་མེད་པ་འདྲ། ” ཁྱོད་ཀྱིས་དལ་བར་ཤུཊ་རིང་ཞིག་འཐེན་པ་དང༌། གདོང་ཡོངས་
དྲོད་ལམ་ལམ་ཏུ་གྱུར།
“ཨ་མ་ཧོང་མེ། ཁྱོད་ཀྱིས་ཅི་ཞིག་ལ་བསམ་བློ་གཏོང་གི་ཡོད། ”སྐད་གདངས་ཕྲ་ཞིང་གསལ།
ཐོག་མར་མི་རྣམས་ཀྱིས་ཁྱོད་ལ་རྒྱ་ཞི་མ་དང་“ཕོ་གསར”ཞེས་འབོད་པ་དང༌། རྗེས་སུ་ཨ་ཅེ་ཞེས་འབོད། དེའི་
རྗེས་སུ་སློབ་མ་གསར་བ་སྐོར་ཞིག་གིས་ཁྱོད་ལ་ཨ་མ་ཧོང་མེ་ཞེས་འབོད། ཡིན་ནའང་ཁྱོད་ཀྱི་བསམ་པར་རང་ཉིད་རྒས་མེད་
ཅིང༌། ད་དུང་དེ་ཕོའི་རྔ་སྒྲོ་ལྟ་བུའི་སྐྲའི་ལན་བུ་གཉིས་ཤད་ཅིང་སྐྲ་སྣེར་དར་ལིང་སྡོ་ཁྲ་ཞིག་གིས་བསྡམས། ཉིན་དེར་སློབ་
ལོ་རན་པའི་བྱིས་པ་དེས་ཡང་བསྐྱར་ཁྱོད་ལ་ཨ་མ་ཧོང་མེ་ཞེས་འབོད་དུས། ཁྱོད་ཀྱིས་ད་གཟོད་དོགས་སྣང་དང་བཅས་མལ་
ཁང་དུ་ཕྱིར་ཡོང་སྟེ། མེ་ལོང་སྟེང་གི་ས་རྡུལ་རྣམས་ཕྱིས་ཏེ་རང་གི་གཟུགས་བརྙན་ལ་ཞིབ་མོར་བལྟས། ཨ……ངོ་མས་
རྒས་ཟིན། ཁྱོད་ཀྱི་ཟ་འགྲམ་གྱི་སྐྲའི་ཉག་མ་མང་པོ་ཞིག་དཀར་པོར་གྱུར་འདུག་ལ། མིག་མཐར་ཇི་ལྟར་ཕྱིས་ཀྱང་བསུབས་
ཐབས་མེད་པའི་རྒས་གཉེར་ཟབ་ཅིང་རིང་བ་འགའ་བབས་འདུག གློ་བུར་དུ་ཁྱོད་ཀྱི་ཡིད་ལ་ལོ་བཅོ་ལྔའི་དུས་ནས་དུས་
ལྟར་ཡོང་བ་དེ་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་སོང་བ་དང༌། ཕྱིར་འབུར་བའི་བྲང་སྐྱེས་ཀྱང་རིམ་གྱིས་ཕྱིར་བསྐུམས་པའི་
དྲན་སྣང་བྱུང༌། མིག་རྡེབ་དབང་ཙམ་གྱི་རིང་ལ་མོ་ལོ་ཉི་ཤུའི་ནང་གི་གཞོན་ནུ་མ་དེ་རྒན་མོ་ཞིག་ཏུ་གྱུར། ཨ། ལང་ཚོ་
ཡང་མི་རྟག་པ་ཞིག་རེད་ཨང༌། ཁྱོད་ཀྱི་སེམས་ལ་སྡུག་སྣང་ཆེན་པོ་ཞིག་སྐྱེས་ནའང༌། སྔར་བཞིན་མཐོ་གང་ལས་མེད་པའི་
སྐྲའི་ལན་བུ་གཉིས་སླས་ཏེ་རང་ཉིད་ནི་གཞོན་ནུ་མ་ཞིག་སྟེ། བུད་མེད་ཞིག་གི་ལུས་བླངས་པའི་མཇུག་མཐའི་མཚོན་
རྟགས་ཤིག་ཏུ་རྩི།
“ཅི་ལའང—ཨིན—བསམ་བློ་གཏོང་གི་མེད། ”སྐད་གདངས་ཧ་ཅང་དམའ། དངོས་གནས་ཅི་ལའང་
བསམ་བློ་མ་བཏང༌། དུས་དེར་སུ་ཡིན་རུང་རང་དོན་ལ་བསམ་བློ་གཏོང་ཁོམ་ཞིག་ག་ལ་ཡོད། སྐབས་འགར་ཟས་ཟ་སྐབས་
ཤ་མར་ཐུད་གསུམ་གྱི་བཅུད་སོགས་གླེང་བ་ཙམ་ལས……ཕྱིར་དྲན་ནི་རྒན་པར་གཏོགས་ཤིང༌། སྟོང་སེམས་ནི་བྱིས་པར་
གཏོགས།
ཁྱོད་ཀྱིས་མིག་ཧྲིག་གེར་རྒྱང་རིང་དུ་བལྟས། རྫི་བོ་རྫི་མོ་དེ་གཉིས་སྔ་མོ་ནས་རིའི་ཕ་རོལ་ལ་ཡལ། ཁྱོད་ཀྱིས་སྔར་
བཞིན་སེམས་བསྒྲིམས་ནས་ཡང་དང་ཡང་དུ་བལྟས། ཁོ་དང་ཁོ་མོ་ད་དུང་འདི་ན་འགྲོ་ཞིང༌། ཆ་བྱས་ནས་འགྲོ་བ་དང་འདྲ།
བུ་མོ་བསམ་མེད་དེ་ཡང་ཡོང་ནས་ཁྱོད་ཀྱི་ལྟ་བའི་ཕྱོགས་སུ་རྒྱང་ལྟ་བྱེད། འོན་ཀྱང་ཁོ་མོས་ཅི་ཞིག་མཐོང་ཐུབ་བམ།
སྦྲ་ཁྱིམ་དང་རི་སྒང་ལས་གཞན། མིག་ལམ་དུ་ཤར་བ་ནི་མཐའ་མེད་ཀྱི་རྩྭ་ཐང་ཁོ་ན་ལས་ཅི་ཡོད།
རྒྱང་རིང་བའི་རི་འདབས་ཀྱི་སྤང་ཁུག་དེ་མཐོང་བྱུང༌། ཁྱོད་ཀྱི་དོན་སྙིང་དྲག་ཏུ་ལྡིང་ཞིང་ལུས་ཡོངས་དྲོད་ལམ་
ལམ་བྱས།
འདི་ནི་དུས་གཏན་དུ་བརྗེད་མི་ཐུབ་པའི་གནས་ཤིག་སྟེ། ཁྱོད་ཀྱི་མི་ཚེ་གང་བོའི་ཁྲོད་དུ་ལང་ཚོའི་མེ་ལྕེ་དྲག་ཏུ་
འབར་བའི་གནས་གལ་ཆེན་ཞིག་ཡིན་ལ། བརྩེ་དུང་གི་ཆུ་རྒྱུན་ཐོག་མར་རྒྱུ་སའི་རྨི་ལམ་གྱི་མཛེས་ལྗོངས་ཤིག་ཀྱང་ཡིན།
རི་རྒྱུད་འདིའི་ཕ་རོལ་ན་འབྲོག་ཁྱིམ་མང་པོ་ཞིག་ཡོད་ལ། ཉིན་དེར་ཁོ་མོས་བསམ་བཞིན་ཁོ་རང་གྲོགས་སུ་སྦྲན་ཏེ། སློབ་
ལོ་རན་པའི་སློབ་མའི་མིང་རྟགས་འགོད་དུ་སོང༌། དབྱར་དྲུག་པའི་ནང་གི་མཐོན་མཐིང་གི་རི་སྒང་དང་ནགས་ཚལ། ཆུ་
ཕྲན། ད་དུང་ཁྲ་ལམ་མེར་བྱེད་པའི་སྤང་ལྗོངས་དང་སྙན་ཞིང་འཇེབས་པའི་རྫི་གླུ་སོགས་ཀྱིས་ཡིད་དུ་འོངས་ཤིང་བསམ་
གྱིས་མི་ཁྱབ་པའི་འཇིག་རྟེན་ཞིག་གྲུབ་འདུག ཐར་ཐོར་དུ་ཆགས་པའི་སྦྲ་ཁྱིམ་རེ་རེ་ནི་དར་ཟབ་སྟེང་གི་གོས་སྐུད་སྣ་ལྔས་
གཙགས་དྲུབ་བྱས་པའི་མཛེས་སྡུག་གི་ཁང་བཟང་ཞིག་དང་མཚུངས། ཁོ་བོ་སྔར་བཞིན་ཁུ་སུམ་མེར་འགྲོ་བ་ལས། ཁ་གཅིག་
ཀྱང་མི་གྲགས་ལ་ལན་རེར་གཡས་ལོག་ཏུ་གཤིབ་ནས་འགྲོ་བའི་ཁོ་མོ་དང་ཁོ་མོའི་བཞོན་པ་ལ་ལྟ་ཙམ་བྱེད་པ་ལས། ཡང་
བསྐྱར་མིག་ཟུང་མདུན་ཕྱོགས་སུ་ཧྲིག་སྟེ་ལག་པས་ལྕག་ཚན་གཡུག་གཡུག་བྱེད། “འདི་འདྲའི་ཡིད་དུ་འོང་བའི་མཛེས་
ལྗོངས། ཁྱོད་ཀྱིས་ཉོན་དང་རྫི་ཀླུ་ལེན་བཞིན་པ་ཐོས་སམ། ” ཁོ་མོས་བསམ་བཞིན་ཚིག་སྣེ་བཙལ་ཏེ་གླེང་བསླངས།
“ཨིན། ”ཁོས་རི་ངོས་སུ་ཁྱབ་པའི་ལུག་ཁྱུའི་ཕྱོགས་སུ་ལྟ་ཙམ་བྱས་ནས་ལྕག་ཚན་གཡུག་གཡུག་འགའ་བྱས་
རྗེས་སླར་ཡང་སྨྲ་བ་མེད་པར་གྱུར།
ཁོས་སྐད་ཆ་བཤད་འདོད་མེད་དམ། དུས་རྒྱུན་ཁོ་ཁ་གྲག་རྒྱུར་མི་དགའ་ཞིང༌། གཤིས་ཀ་ལྷུན་ཆགས་ཤིག་ཡིན་
མོད། གང་ལྟར་ཡང་ལོ་གསུམ་གྱི་སློབ་གྲོགས་ཀྱི་མདངས་ཡོད་ན་ལོས་ཆོག……འདི་ལྟར་བསམ་བློ་གཏོང་བཞིན་ཁོ་མོ་
ཁོང་ཁྲོ་དང་འཁང་སེམས་ཤིག་སྐྱེས་པ་དང༌། བསམ་བཞིན་རྟ་ཁ་བསྒགས་ཏེ་ཁོའི་རྗེས་སུ་བསྡད། 鉊དལ་མོ་བྱོས་དང༌།
”ཁོ་མོ་ཁོང་ཁྲོ་དང་བཅས་དེ་སྐད་བཤད།
“ཨ། ཅི་རེད། ” ཁོས་རྟ་ཁ་ཕྱིར་བསྐོར་ཏེ་མྱུར་དུ་ཚུར་འོངས།
“ངའི་ཨོང་ཤ་སྒ་ཤིང་གིས་བརྡར་ནས་འགྲོ་མི་ཐུབ་པས་ཁྱོད་སོང༌། ” ཁོ་མོས་ཡིད་ཆེས་པའི་རྫུན་ཞིག་བཤད།
དོན་དམ་དུ་ཨོང་ཤ་བརྡར་བ་མིན་ལ་འགྲོ་འདོད་མེད་པའང་མིན། ཁོ་མོས་བསམ་བཞིན་ཁོ་དང་ཁ་བརྡ་ཞིག་བྱེད་པའི་གོ་
སྐབས་བཙལ་བ་ཡིན། “འོ་ན……”ཁོས་ལག་པ་གཡོན་པས་སྲབ་མདའ་བཟུང་ཞིང་གཡས་པས་མགོ་འཕྲུག་འཕྲུག་
བྱེད་བཞིན་ཅི་བྱ་གཏོལ་མེད་དུ་གྱུར། གོ་སྐབས་དེར་བསྟུན་ནས་ཁོ་མོས་ཁོའི་རྟའི་དྲུག་ཐོག་ལ་ལྕག་གིས་ཚ་ལམ་ལམ་ཞིག་
བྲབས་པ་ན། རྟའི་བང་ཁ་རླུང་གིས་བསྐྱོད་པ་ལྟར། གློ་བུར་དུ་ཤར་རྒྱུག་བྱས་པས། ཁོ་མོས་རྗེས་ནས་ཧབ་ཆ་ཆེན་པོ་ཞིག་
བརྒྱབ་པ་དང༌། ཡིད་ལ་བསམ་དོན་གྲུབ་པའི་ངའོ་ཞིག་སྐྱེས་བྱུང༌། ཡིན་ནའང་ཁོའི་རྟ་ཁ་སྒོག་མ་ཐུབ་པར་འཚུབ་ཆ་
ལངས་པའི་ཉམས་དང་སྐྲ་ལོ་རླུང་གིས་བསྐྱོད་དེ་དར་ལྕོག་དང་འདྲ་བའི་ཚུལ་མཐོང་བས། ཁོ་མོའི་སེམས་ལ་གློ་བུར་དུ་
སེམས་ཁུར་དང་སྐྲག་སྣང་ཞིག་ཆབས་ཅིག་ཏུ་སྐྱེས་ཤིང༌། ཁོའང་མོ་དང་འདྲ་བར་སྐྱ་རྩལ་མེད་པའི་ཁར་རྟ་ལ་ལོབས་མེད་
པས……ཁོ་མོས་འཕྲལ་དུ་ཁོའི་མིང་ནས་འབོད་བཞིན་རྗེས་སུ་བརྒྱུགས། ཡིན་ནའང་སྟབས་འགྲིག་པ་ལ་སྦྲ་ནག་ཞིག་གི་
སྒོ་ཁྱིམ་ནས། ཁོ་གཉིས་བདེ་བླག་ཏུ་ངོ་ཕྲད་ཅིང༌། གཅིག་གིས་སེམས་ཁུར་གྱི་མིག་མདངས་དང་གཅིག་གིས་འཁང་རའི་མིག་
འོད་ཀྱིས་ཕན་ཚུན་ལ་བལྟས་ནས་བསྡད།
“ཁྱོད་ཀྱིས་ང་ཤི་སོང་ཨེ་འདོད། ”
“ཁྱོད་ཤི་རུང་ངམ། ”
གུང་ཚིཊ་ཀྱི་དུས་ཡོལ་འདུག་ལ། ཚ་གདུག་ཤིན་ཏུ་ཆེ།
ཐག་རིང་གི་ཚ་རླངས་འཕྱུར་བ་ལྟ་བུའི་སྨིག་རྒྱུའི་མཚམས་སུ་སྦྲ་ནག་འགའ་མཐོང་ཐུབ་ལ། རུ་མ་བབས་པའི་
མཚེར་ཤུལ་འགའ་ཡང་མཐོང་ཐུབ། ཉེ་འདྭབས་སུ་འབྲོག་ཁྱི་བེའུ་དང་མཉམ་པ་འགས་ཞེ་སྡང་གིས་ཟུག་འཐེན་བྱེད་བཞིན་
ཡོད་ཀྱང་ལྕགས་ཐག་གིས་བཏགས་ཡོད་པས་སྐྲག་དགོས་དོན་མི་འདུག
སྦྲ་ཁྱིམ་དུ་ཁོས་སློབ་ལོ་རན་པའི་སློབ་མ་དང་མིའི་ཁ་གྲངས། འཚོ་བའི་སྤྱོད་སྟངས་སོགས་རྒྱུས་ལོནབྱསཤིང༌། ཁོ་
མོས་ཟིན་ཐོར་བཀོད། དེ་ལྟར་འབྲོག་ཁྱིམ་ཞིག་ནས་འབྲོག་ཁྱིམ་གཞན་ཞིག་ལ་སོང་ཞིང༌། ཉིན་གང་བོར་ཁོ་གཉིས་ཀྱིས་
གནས་ཚུལ་རྒྱུས་ལོན་བྱས། དགུང་ཕྱི་དྲོའི་ཉི་མ་ཚང་ལ་ནུབ་ཁར། ཁོ་གཉིས་ཕྱིར་མཛེས་སྡུག་གི་སྤང་ཁུག་དེར་སླེབས་ཤིང༌།
རྟ་བཏོད་རྗེས་ཅུང་ཞིག་ལ་ངལ་གསོས། ཁོར་ཡུག་སྟོང་འཇགས་སེ་འདུག་ལ། ཉེ་འདབས་སུ་ལྷུང་ལྷུང་དུ་བཞུར་བའི་ཆུ་ཕྲན་
གྱི་སྒྲས་ལྷག་པར་སྟོང་བའི་སྣང་བ་ཞིག་སྟེར། རི་སྐྱེས་པདྨས་ཀྱང་འདབ་སྟོང་རྣམ་པར་དགོད་པའི་ཚེམས་ཕྲེང་སྦས་ཏེ།
གཞན་དབང་གི་ལས་ལ་འཇུག་པའི་སྟ་གོན་བྱེད། མཚན་མོ་ཕྱིར་མལ་ཁང་དུ་འོངས་ཚེ། ད་གཟོད་གློ་བུར་དུ་ཁོ་མོའི་གདོང་
ཚ་ལམ་ལམ་བྱེད་པའི་སྣང་བ་ཞིག་སྐྱེས།
ཕལ་ཆེར་ཉིན་དེ་ནས་བཟུང༌། ཁོ་མོས་རང་ཉིད་བུད་མེད་ཅིག་ཡིན་ལ། གཞོན་ནུ་མ་ཞིག་ཡིན་པའི་དོགས་སྣང་
སེལ་བ་འདྲ།
ཕྱི་ཉིན་ཁོ་མོས་སྔར་དང་མི་འདྲ་བའི་མིག་འོད་ཀྱིས་ཁོ་ལ་ལྐོག་ལྟ་བྱས་ཙ་ན། ཁོ་རང་སྔར་བཞིན་ཉམས་འགྱུར་སྤུ་
ཙམ་ཡང་མེད་པར་གདོང་ལ་བླུན་མདོག་ཤར་ཏེ་སློབ་མའི་ལས་བྱར་ལྟ་བཞིན་འདུག ཁོ་མོ་ལ་སྡང་སེམས་དང་དུང་སེམས་
སྤེལ་མར་གྱུར་པའི་སྣང་བ་ཞིག་སྐྱེས། ཡིན་ན་ཡང༌། ཁོ་མོས་རང་ཉིད་ཀྱིས་བུ་མོ་ཞིག་གི་ལུས་བླངས་ཏེ་ཐེངས་དང་པོར་སྐྱེས་
པ་ཞིག་ལ་ལུས་འབྲེལ་བྱུང་བ་འདི་མི་ཚེ་རིང་མོའི་ཁྲོད་ཀྱི་མཇུག་མཐའི་ཐེངས་གཅིག་ཡིན་པ་ཡིད་ལའང་མ་ཤར། རྗེས་སུ་ཁོ་
མོས་ཁང་མིག་ཆུང་ཆུང་འདིའི་ནང་དུ་འདི་དག་ཡིད་ལ་ཤར་ཐེངས་རེར་ཞེ་སྨྲེང་ཞིང་སེམས་སྡུག་པ་དང༌། ཁོའི་སྲ་འཐས་ཀྱི་
དཔུང་བ་དང༌། བདེ་ཐང་གི་ལུས་པོ་སོགས་མཐོང་བའི་སྣང་བ་ཞིག་ཤར།
འོན་ཀྱང་ད་ལྟ། སྟོང་སྣང་དང་རྨི་ལམ་འདི་དག་རིམ་གྱིས་ཡལ་ཞིང༌། ཡིད་ལ་དྲན་ཐེངས་རེར། ཕངས་སེམས་ཀྱིས་
སྡུག་སྣང་བཟོ་བ་ལས་ཅི་ཡང་མེད།
ཁྱོད་ཀྱིས་ཡང་བསྐྱར་ཕྱགས་མ་བཟུང་སྟེ། སྟོང་འཇགས་ཀྱི་ལྷས་ར་ཕྱགས། གངས་ཀྱི་ཕུང་པོ་རེ་རེ་བཞིན་སྤུངས་
པར་བྱས། ཁྱོད་ཀྱིས་སྡུག་བསྔལ་དང་སྐྱོ་གདུང་ཡོད་ཚད་ལུས་ཤུགས་དང་བསྟུན་ནས་གངས་ཀྱི་ཕུང་པོ་ལ་ཐིམ་པར་བྱེད་
པ་དང་འདྲ།
“ཨ་མ་ཧོང་མེ། ཁྱོད་ཀྱིས་ངལ་གསོ་ཅུང་ཙམ་གྱིས་དང鉋ཞེས་ཕ་མ་མེད་པའི་བུ་མོ་དེས་སྐད་གདངས་དམའ་ཞིང་
འཇམ་པའི་ངག་གིས་བཤད་པ་ཐོས་པས། ཁོ་མོས་འཕྲལ་དུ་རང་གི་རྣ་ལམ་དུ་གཤགས་པའི་སྐད་ཆ་ཞིག་ཡིད་ལ་ཤར་བྱུང༌།
དེ་ནི་ཁོ་མོ་དང་ཁོ་གཉིས་གནས་འདིར་ཡོད་དུས་ཁོས་རྟག་ཏུ་བཤད་པའི་ཚིག་གཅིག་ཡིན།
དེའང་དངོས་སྦྱོང་བྱེར་སྐབས་གནས་འདིར་བྱུང་བ་སྟེ། དབྱར་གཞུང་གི་ཆར་ཞོད་དྲག་པོ་ཞིག་བབས་རྗེས། ལ་
ལུང་ཉུལ་བའི་ཕྱུགས་ཁྱུ་འགའ་ཆུ་ལོག་གིས་ཁུར་བས། རི་སྡེ་འདིའི་སྐྱེས་ཕོ་མོ་རྣམས་སྐྱ་ཀའི་ཚང་དུ་རྡོ་འཕངས་པ་བཞིན་
འུར་ཟིང་ངེར་གྱུར། ཁོ་ཚོ་མི་བཞི་བོས་ཀྱང་རང་འགུལ་གྱིས་རྐང་སྣམ་བརླ་རྩར་བརྫེས་ཏེ་ལུང་མདོའི་ཆུ་ལོག་ལ་བརྒལ་
ནས། སྒོ་ཟོག་མང་པོ་བསྐྱབས། ཆུ་ལོག་གིས་ཁུར་འོངས་པའི་རྡེའུ་དང་རྡོ་ལེབ་ཀྱིས་ཟུག་རྔུ་དྲག་ཏུ་སྐྱེད་ཅིང༌། སྒྱིད་པའི་ཉྭ་
རིལ་ཁྲག་གིས་སྦགས་ནའང༌། ཁོ་མོ་ལ་ན་ཟུག་གི་སྡུག་བསྔལ་ཞིག་སྐྱེ་དབང་མ་བྱིན། གློ་བུར་དུ་ནག་ཡོར་རེ་ཁུར་འོངས་པའི་
གཡག་རྒན་དེ་ཡོ་གཟུར་མེད་པར་ཁོ་མོར་ཐོགས་ཤིང་ཁོ་མོ་བསྒྱེལ་ཏེ་ཆུ་གཞུང་ལ་ཁུར། ཁ་དང་སྣ་ནང་དུ་འདམ་ཁུ་དང་བྱེ་
ཟེགས་ཀྱིས་བཀང་ཞིང་ཆུའི་སྒྲ་དང་འཇིགས་སྣང་གིས་ཁོ་མོས་ཅི་ཡིན་འདི་ཡིན་མ་ཤེས། ཁོ་མོའི་དྲན་པ་སོས་དུས་མོ་རང་ཆུ་
ཁའི་ཕ་བོང་ཞིག་གི་སྟེང་ནས་མགོ་ཐུར་དུ་དཔྱངས་ཤིང༌། མཐའ་བསྐོར་དུ་མི་མང་པོ་ཞིག་འུར་ལང་ལོང་བྱེད་ཀྱིན་འདུག
དེ་དུས་ཁོ་མོའི་རྗེན་པར་བུད་པའི་རྐང་པ་གཉིས་མི་ཞིག་གི་ལག་ཟུང་གིས་དམ་པོར་བསྡམས་ཤིང་རྣ་ལམ་དུ་ད་དུང་ཤང་སྒྲ་
དང་འུར་སྒྲས་ཁེངས་འདུག་ལ། འདམ་ཁུ་དང་ཆུ་རྙོག་མཚམས་མེད་དུ་ཕྱིར་བསྐྱུགས། ཁོ་མོའི་སེམས་ལ་ལག་པ་དེ་ཁོའི་ལག་
པ་ཡིན་པའི་བདེ་ཚོར་དྲག་པོ་ཞིག་སྐྱེས་མོད། ཡིན་ན་ཡང་ད་ལྟའི་བར་དུ་ལག་པ་དེ་ཁོའི་ལག་པ་ཡིན་མིན་ཁོ་མོས་གསལ་
བོར་མ་ཤེས། ཁོ་མོས་རང་ནུས་ཀྱིས་མགོ་ཡར་དགྱེ་ཞིང༌། ཕ་བོང་དེའི་སྟེང་དུ་ལྕོགས་ལ་མི་ལྕོགས་པའི་ངང་ནས་བསྡད་པ་
ན། ཁོ་རང་རང་གི་གམ་དུ་ཡོད་པ་མཐོང་ཞིང་ཁོས་ལག་ཟུང་གིས་ཁོ་མོའི་དཔུང་བ་ནས་བསྐྱོར་ཏེ། “སྐྱོན་ཨེ་འདུག ངལ་
གསོ་ཅུང་ཙམ་གྱིས་དང༌། ཅུང་ཙམ་མིན་ན་ཁྱོད་རང་ཀླུ་ཡུལ་དུ་བག་མར་ཕྱིན་སོང༌། ”ཞེས་འཇམ་པའི་ངག་གིས་སྨྲས་
པ་ན། ཁོ་མོས་དལ་བུར་མགོ་བོ་འཕྲེད་དུ་གཡུག་བཞིན“འཆི་མི་སྲིད”ཅེས་བཤད།
ཕལ་ཆེར་དུས་དེ་ནས་བཟུང༌། རྐྱེན་ཅི་ཞིག་གིས་རང་དོན་ལ་དྲན་གསོས་པ་ལྟར་བག་མ་དང་ཁྱིམ་ཐབ་འཛིན་པའི་
སྐོར་གྱི་སྣང་བརྙན་མང་པོ་ཞིག་རང་ཡིད་ཀྱི་མེ་ལོང་དུ་ཤར་ཞིང༌། བསམ་གཞིག་ཡང་ཡང་བྱས་རྗེས་རང་སེམས་ཀྱི་གསང་བ་
དེ་རྣམས་དངོས་སྦྱོང་གི་མཇུག་རྫོགས་རྗེས་ཁོ་རང་ལ་མ་གསང་གསོང་བོར་བརྗོད་རྩིས་བྱས།
འོན་ཀྱང་དངོས་སྦྱོང་གི་བྱ་བའི་མཇུག་སྒྲིལ་རྗེས། ཁོ་ཚོ་བཀའ་དྲིན་ཞུ་ཡིག་ཅིག་དང༌། ལེགས་གྲུབ་ཀྱི་དགོད་སྒྲའི་
ཁྲོད་ནས་ཕྱིར་ལོག་ཅིང༌། སློབ་གྲྭ་ཡོངས་ཀྱི་ཚོགས་ཐོག་ནས་གཟེངས་བསྟོད་བྱས་པར་བརྟེན། ཁོ་རང་ལ“སྔོན་ཐོན་མི་
སྣའི”མཚན་སྙན་གནང་ནས་མཐའ་མཚམས་ཀྱི་ལས་ཁུངས་ཤིག་ལ་བགོས།
ཁོ་མོ་ཁོ་རང་སྐྱེལ་བར་སོང་ཡང་ཁ་འབྲལ་སྐབས“ངས་ཁྱོད་ལ་སྒུག་པར་ངེས། ”ཞེས་པའི་ཚིག་གཅིག་ཙམ་
ལས། བརྗོད་དགོས་པའི་གཏམ་རྣམས་བརྗེད་པར་གྱུར།
ཁོ་རང་བུད་སོང༌། ཁོ་མོས་སྔོན་གྱི་དམ་བཅའ་ལྟར་ཡང་བསྐྱར་རི་གྲོང་འདིར་ཡོང༌། རི་གྲོང་འདི་རུ་ཁོ་མོའི་བརྩེ་
དུང་གི་བླ་སྲོག་བཞག་ཡོད་ལ། དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་གླེང་ནས་ཚར་རྒྱུ་མེད་པའི་ཡིད་དུ་འོང་བའི་གཏམ་རྒྱུད་
མང་པོ་ཞིག་བཞག་མྱོང་བར་མ་ཟད། རྒྱ་རིགས་བུ་མོ་ཞིག་གི་ཟབ་ཅིང་གཏིང་རིང་བའི་ཞབས་རྗེས་མང་པོ་བཞག་ཡོད་པ་
དང༌། གཤིས་རྒྱུད་འཇམ་ལ། ངང་རྒྱུད་དྲང་ཞིང༌། གཡོ་ཟོལ་མེད་ལ་སྡུག་རུས་ཆེ་བའི་བོད་རིགས་ཀྱི་བྱིས་པ་དང༌། དེ་མིན་
ཐུགས་བརྩེ་ལྡན་པའི་རྒན་གཞོན་ཀུན་དང་ཤ་རུས་ཀྱི་བརྩེ་དུང་ཆགས་ཡོད་པས། ཁོ་མོས་སྔར་ལས་ལྷག་པའི་ཧུར་བརྩོན་
བྱས་ཏེ། སློབ་མ་སྡུད་ལེན་དང་སློབ་གསོའི་བྱ་འགུལ་སྤེལ་བ་ལས། ཕྱོགས་གཅིག་ནས་ཁོ་རང་དང་ཡི་གེ་སྐུར་རེས་བྱས། དེ་
ལྟར་ལོ་ངོ་ཅི་ཙམ་འདས་པ་མི་ཤེས་མོད། ཁོས་ཡིག་འབྲུ་གཅིག་ཀྱང་བྲིས་མེད་པའི་ཤོག་སྟོང་ཞིག་དང༌། སྐྲ་དཀར་པོ་ཉག་
མ་གཅིག་བསྐུར་ཡོང༌།
ཚུལ་དེས་ཁོ་མོ་ལ་སྡུག་སྣང་ཆེན་པོ་ཞིག་བསྐྱེད་ཅིང༌། བློ་སྤོབས་ཆེན་པོ་ཞིག་ཀྱང་སྦྱིན། ཁོ་མོས་ལན་འགར་སྔ་མོ་
ནས་བྲིས་ཟིན་པའི་གཉེན་སྒྲིག་གི་སྙན་ཞུའི་ཡི་གེ་དེ་ཁྱེར་ནས་ཁོའི་དྲུང་དུ་འགྲོ་རྩིས་བྱས་མོད། འོན་ཀྱང་རི་སྡེ་འདི་དང་
རྫོང་མཁར་བར་དུ་ཐག་རིང་ཞིང༌། འགྲིམ་འགྲུལ་སྟབས་མི་བདེ་བའི་ཁར། སློབ་མ་རྣམས་ལོ་རེ་བཞིན་རྫོང་མི་རིགས་སློབ་
འབྲིང་དུ་རྒྱུགས་སྤྲོད་བཞིན་ཡོད་པས། ཟིང་ཟིང་གི་བྱ་བ་དེ་དག་ནི་ཁོ་མོ་འགྲོ་འདོད་ཀྱི་བློའི་བཀག་རྒྱ་རུ་གྱུར། དེ་བས་ཁོ་
མོར་རང་དམན་གྱི་ལྟ་ཚུལ་ཞིག་སྐྱེས་ཤིང༌། ཨམ་གཙིགས་བསྡམས་ནས་ཡི་གེ་ཞིག་བསྐུར་ཏེ། ངས་ཁྱོད་ལ་སྒུག་མི་ནུས།
ཁྱོད་ཀྱིས་ཀྱང་ང་ལ་མ་སྒུག་ཞེས་བཤད། ཁོས་ཡིག་ལན་ཞིག་ཡོང་ཞིང༌། ཤོག་དཀར་སྟེང་དུ་རྟགས“?”འདི་ཁོ་ན་ལས་
ཅི་ཡང་བྲིས་མེད། ཁོ་མོས་ཡང་ཡིག་ལན་བྲིས། ཐེངས་འགར་བྲིས་ནས་ཐེངས་འགར་བཤགས། མཐར་དྭངས་གཙང་གི་ཤོག་
དཀར་ཅིག་བསྐུར། འདི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཡང་སྲིད། ཁོ་མོས་སྔོན་ལ་སྐད་ཆ་དེ་ལྟ་བུ་ཞིག་བཤད་ནའང༌།
སེམས་སུ་ཁོས་ད་དུང་ཁོ་མོ་ལ་སྒུག་པ་དང་ཁོས་དུས་ནམ་ཡང་ཁོ་མོ་ལ་སྒུག་སྲིད་ཅེས་རང་སེམས་གསོས། དེའི་རྗེས་སུ་ཁོ་
མོས་ཡིག་ལན་མ་བསྐུར།
རྫོང་མཁར་གྱི་འཆར་ལྡན་བུ་སྐྱེས་གཞུང་ལས་ཁང་ལ་ལས་བགོས་བྱས་པའི་སློབ་གྲོགས་འགའ། རི་སྡེ་འདིར་
གཟིགས་ཞིབ་ལ་ཕེབས་ཤིང༌། འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་དུས། གཅིག་གིས་ཁོ་མོ་ལ་གཉེན་སྒྲིག་བྱས་
ཡོད་མེད་དྲིས། ཁོ་མོ་གློ་བུར་དུ་སེམས་སྡུག་གིས་ངུས་པ་དང༌། ཁོ་ཚོས་ཕལ་ཆེར་ཐེངས་དང་པོར་སྤྲོ་སྣང་ཅན་གྱི“ཕོ་
གསར”ལ་ཡང་ངུ་རྒྱུ་ཞིག་ཡོད་དམ་སྙམ།
“ཨ་མ་ཧོང་མེ། ཁྱོད་ལ་ཅི་བྱུང༌། ལུས་ཁམས་མི་བདེའམ། ”སྐད་གདངས་སྔར་ལྟར་གསལ་ཞིང་དྭངས།
“མ་རེད། ང—ཨིན—ཅུང་ཐང་ཆད་འདུག”
རེད་ལགས། ངོ་མས་ཐང་ཆད་འདུག ཁྱོད་ཀྱིས་ཐེངས་དང་པོར་མི་ཞིག་གི་མདུན་ནས་རང་ཉིད་ཐང་ཆད་པ་ཁས་
བླངས། ཁྱོད་རང་ངོ་མས་ཐང་ཆད་འདུག ཕལ་ཆེར་ལས་དོན་ཚོགས་པ་ཕེབས་པའི་ཉིན་དེ་ནས་བཟུང༌། བརྩེ་དུང་གི་མ་
ལག་རྒྱས་པའི་སྐྱོ་སྡུག་གི་ཁྲེས་པོ་དེ་ཉིན་རེ་ནས་ཉིན་རེར་ཇེ་ལྩིར་སོང་སྟེ། མཐར་ཁོ་མོའི་སེམས་ཁམས་ཡོངས་སུ་བསྒྲིབས་
པ་དང་འདྲ། དེ་བས་ཐེངས་དེར་ཁོ་མོས་མིག་ཆུ་སྐམ་དབང་ཡང་མ་བྱིན་པར། ཐད་ཀར་རི་ངོས་ཀྱི་རྐང་ལམ་དེར་ཞུགས་
ནས་སོང༌། མོ་རང་གསར་བུ་དེ་འཚོལ་ངུ་འསྲོ་བ་ཡིན་ལ། སེམས་ཁོང་གི་ཁོ་རང་འཚོལ་དུ་འགྲོ་བའང་ཡིན། བྲང་ངོས་ཀྱི་
ཁུག་མའི་ནང་དུ་མོ་རང་སློབ་མ་ཚོ་དང་མཉམ་དུ་མཛེས་སྡུག་གི་སྤང་ཁུག་དེ་ནས་བླངས་པའི་འདྲ་པར་གཅིག་བཅུག་ཡོད་
ལ། ཀོ་ཁུག་ནང་དུ ‘ 囍 ‘ རྟགས་ཅན་གྱི་ཀ་ར་མང་པོ་ཞིག་བཟུང་ཡོད། རྫོང་མཁར་དུ་ཁོ་མོས་སྔོན་བརྡའི་ཚུལ་དུ་ཁོ་
ལ་གློག་འཕྲིན་ཞིག་བཏང་བ་དང༌། ལམ་བར་དུ་ཀླད་པའི་ནང་དུ་བག་མ་དང་ཁྱིམ་ཐབ་གསར་བའི་སྐོར་གྱི་གཏམ་རྒྱུད་
མང་པོ་ཞིག་སླར་ཡང་སྒྲིག་མགོ་བརྩམས། ཡིན་ན་ཡང༌། ཁོ་མོ་མེ་འཁོར་ལས་འབབ་སྐབས། ཁོ་དང་ལྟོ་བ་ཅུང་ལྡིར་བའི་
བུ་མོ་གཞོན་ནུ་མ་གཉིས་ཆབས་ཅིག་ཏུ་མིག་མདུན་ལ་སྣང་བས། མོ་ལ་འཚེར་སྣང་ཞིག་སྐྱེས་པ་དང༌། དེ་མུར་ཀླད་པའི་
ནང་དུ་ཁྲོག་སྒྲ་ཞིག་གྲགས་བྱུང༌།
ཁོ་མོ་ཞི་འཇགས་ཀྱིས་མེ་འཁོར་ལས་བབས་ཏེ། ཁོའི་རྙོག་ཟིང་གི་མིག་འོད་ལ་བལྟས་ནས། ངའང་སྔ་མོ་ནས་གཉེན་
སྒྲིག་བྱས་ཤིང༌། ཐེངས་འདིར་གནས་འདི་བརྒྱུད་པའི་སྟབས་ལེགས་དང་བསྟུན་ནས་ཁྱོད་གཉིས་ལ་རྟེན་འབྲེལ་གྱི་ལེཊ་སྐྱེས་
ཤིག་འབུལ་དུ་ཡོང་བ་ཡིན་ཞེས་བཤད།
ཁོ་མོ་ཡང་བསྐྱར་ཕྱིར་ལོག་པའི་མེ་འཁོར་སྟེང་ལ་བུད་ཅིང༌། སྙིང་ཉེ་བའི་འདྲ་པར་དེ་དང་མོའི་སེམས་ཁོང་གི་ཡོད་
ཚད་ཀྱི་ཚབ་བྱས་པའི་ཀ་ར་དེ་དག་ཁོ་གཉིས་ལ་ཕུལ།
ཐེངས་མང་པོ་ཞིག་ལ་བསྒྲིགས་པའི་གཏམ་རྒྱུད་གློ་བུར་མཇུག་སྒྲིལ་བ་དང༌། མི་ལོ་མང་པོ་ཞིག་གི་རིང་ལ་བརྩིགས་
པའི་ཡིད་སྨོན་དང་རེ་འབོད་ཀྱི་མཆོད་རྟེན་དཀར་པོ་དེའང་རྩ་བ་ནས་འཇིག་སོང༌།
ཕྱིར་རི་སྡེ་ལ་ཡོང་སྟེ་ཁོ་མོས་ཧུར་ཐག་གིས་གདོང་ལ་འཛུམ་དམུལ་ནས་གཉེན་སྒྲིག་ལ་གྲ་སྒྲིག་བྱས་པའི་རྨ་བྱ་དང་
འབྲུག་རིས་ཅན་གྱི་མལ་གོས་ཕྱི་མ་ཆ་གཅིག་ཡོད་པ་དེ་དང་གོས་སྐུད་དམར་པོས ‘囍’ གཙགས་པའི་སྔས་མགོ། ད་དུང་
གཞན་པའི་དངོས་པོ་ཙག་ཙིག་རྣམས། སྙིང་ཉེ་ཞིང་སྤྱང་གྲུང་གི་མིག་འོད་བཀྲ་བའི་སློབ་ཕྲུག་རྣམས་ལ་བགོས་ཤིང༌། བློ་
མཐུན་རྣམས་ལ་བྱིན། ཁོ་མོས་རང་གི་ལུས་སེམས་ཁོམ་དུ་མི་འཇུག་པར་ཞིག་རལ་ཏུ་གྱུར་པའི་སློབ་ཁང་ནས་གཞུང་ལས་
ཁང༌། རི་སྡེའི་ཕ་རོལ་གྱི་འབྲོག་ཁྱིམ་རེ་རེ་ནས་ཕྱིར་རང་གི་ཁང་མིག་ཆུང་ཆུང༌། ད་དུང་ཡུལ་ཐག་རིང་བའི་སློབ་མ་ཚོར་
ཟས་གཡོ་སྐོལ་སོགས་བྱས་ཏེ་མུན་རུབ་ཚེ། ཁོ་མོས་ད་གཟོད་ཤུགས་རིང་ཞིག་འབྱིན།
ཡིན་ན་ཡང༌། རྗེས་སུ་ཁོ་མོར་མ་བསམས་ས་ནས་ཚ་ཞིག་བྱུང་སྟེ། གཟའ་འཁོར་གཅིག་ལ་མལ་དུ་ལྷུང་བ་དང༌། དེ་
ནས་བཟུང་སྐད་གདངས་དམའ་ཞིང་ངག་ཅུང་འདར་བའི་ངང་ཚུལ་དང་ལྡན་ལ། ལག་ཟུང་བར་མཚམས་མེད་པར་འདར་
སིག་སིག་བྱེད་པ་དང༌། སྐད་ཆ་ཅི་ཞིག་བཤད་ཀྱང་ཚིག་རེའི་བར་ནས“ཨིན”སྒྲ་རེ་འདོན།
ཁོ་མོའི་སེམས་ལ་སྔར་བཞིན་སྐྱོ་སྣང་ཞིག་སྐྱེས་ཤིང་དུས་ནམ་ཡང་ཉི་མའི་འོད་ཐིག་གསལ་བོར་འཕྲོ་བའི་སློབ་ཁང་
དུ་སློབ་མ་ཆུང་ཆུང་དེ་དག་ལ་བསྐྱར་སྦྱོང་བྱེད་དུ་འཇུག་དུས“ངའི་ཨ་ཕ”དང “ངའི་ཨ་མ”ཞེས་པའི་ཚིག་
འགའ་རེ་ཐོས་ཚེ། ཁོ་མོའི་སེམས་ཁོང་གི་རྫིང་བུར་རླབས་གཉེར་དྲག་པོ་ཞིག་འཕྱོ་སྲིད།
དུས་རབས་གསར་བའི་སློབ་མ་མང་པོ་ཞིག་སློབ་མཐར་ཕྱིན་ནས་གནས་འདིར་ལས་བགོས་བྱས་པ་དང༌། ཚང་
མས་ཁོ་མོའི་ལུས་ངག་གི་ཆ་བྱད་རེ་རེ་བརྗེད་མེད་ལ། ཁོ་མོས་ཀྱང་ཁོ་ཚོཆུང་དུས་ཀྱི་རྣམ་པ་སྟེ། སྣབས་ལུག་ཅིང༌། དཔེ་ཁུག་
སྒྱིད་ཁུག་ལ་ཐོན་པ་དང༌། སྣུམ་སྟུག་ཏུ་གྱུར་པའི་དཔེ་དེབ་ལག་ཏུ་བཟུང་སྟེ་སྐད་གསང་མཐོན་པོས་ཀློག་པའི་ཉམས་འགྱུར་
རྣམས་ཡིད་ལ་གསལ་བོར་བཟུང་ཡོད།
ཉིན་ཞིག་ཁོ་མོ་གློ་བུར་དུ་ངུས། སློབ་མ་པྲ་ཚག་གསུམ་གྱིས་དཔེ་དེབ་གཤགས་པས། ཁོ་མོས་སློབ་མ་མང་པོའི་གྲས་
སུ་འགྲེང་དུ་བཅུག་ནས་བཞག ཁོ་གསུམ་པོས་ལག་པས་དོར་མའི་ཁ་ལོང་བཟུང་འདུག་པས། ཁོ་མོས་ད་གཟོད་ཁོ་ཚོ་འཇུ་
རེས་བྱས་ཏེ་དོར་མའི་ཁ་འདིག(དོར་ཆབ)ཆད་པ་ཤེས། སྐྱོན་བརྗོད་ནན་མོ་ཞིག་བྱས་རྗེས་ཁོ་མོ་ཕྱིར་མལ་ཁང་དུ་སོང་ནས་
རང་གི་ཉལ་གདན་སྟེང་དུ་བཀབ་པའི་རས་ཁྲ་དེ་དུམ་བུར་གཤགས་ཏེ་ཁོ་ཚོར་བཅིངས། “ཨ་མ་ཧོང་མེ། ”སློབ་མ་
གསུམ་པོས་ངག་གཅིག་གིས“ཁྱོད་ཁོང་ཁྲོ་མ་ལང༌། ད་ནས་བཟུང་ང་ཚོས་མ་རབས་པྲ་ཚག་མི་བྱེད། ”སྐད་གདངས་
ཕྲ་ཞིང་དམའ་ལ། རྒྱུད་འཇམ་གཤིས་དྲང་གི་ངང་ཚུལ་ཕྱིར་ཐོན། “ཨ་མ鉋ཞེས་པའི་ཚིག་འབྲུ་འདིའང་ལན་གཅིག་མིན་
པར་ཁོ་མོས་ཐོས་མྱོང་ལ། ད་སྔ་སློབ་མཐར་ཕྱིན་ནས་འོངས་པའི་སློབ་མ་འདི་དག་གིས་ཀྱང་སྔོན་ལྟར་ཁོ་མོ་ལ་ཨ་མ་ཧོང་མེ་
ཞེས་འབོད་པ་མ་ཡིན་ནམ། འོན་ཀྱང་ཁོ་མོའི་མིག་ཟུང་ལས་འཐོར་བའི་མཆི་མའི་རྡོག་པོ་རེ་རེ། ལྗིད་ཏིག་ཏིག་གིས་བྲང་
ངོས་སུ་ཟགས་པ་དང༌། ཞག་ཐིགས་མང་པོ་ཞུ་བ་ནང་ལྟར་ལྭ་བའི་སྟེང་དུ་འཐིམས། རྒྱུན་འབྱམས་ཀྱི་ཚིག་འབྲུ་འདིས་ཁོ་
མོ་ལ་དྲན་སྣང་ཅི་ཞིག་བཟོས་སམ། ད་ལྟའི་བར་དུ་ཁོ་མོས་གསལ་ཐག་མི་ཆོད་་ལ། བློ་ཞིབ་མོས་བསམ་ཡང་མི་ནུས།
བསམ་ཙམ་གྱིས་ད་དུང་ངུ་སྣང་དྲག་པོ་ཞིག་སྐྱེས་འོང༌། ཁྱོད་ཀྱི་སེམས་སུ་ངུ་བྲོ་བ། དགོད་བྲོ་བ། ཁ་བ། ཚ་བ། མངར་བ།
སྐྱུར་བ། ག་འདྲ་ཞིག་ཡིན་ཡང༌། འདི་ནས་བྱུང་བའི་ལོ་རྒྱུས་ཀྱི་མཇུག་སྒྲིལ་ཞིང༌། ཡོད་ཚད་ཀྱང་མཐའ་མཇུག་གི་སྐད་ཅིག་
མར་གཏོགས།
མཇུག་མཐའི་ཞོགས་པ་འདིར། ཁྱོད་རང་ཡང་བསྐྱར་མཛེས་སྡུག་གི་སྤང་ཁུག་དེ་དང༌། རི་ཁུལ་འདིའི་གཡས་
གཡོན་གྱི་འབྲོག་ཁྱིམ་ཡོད་ཚད་ལ་གྱེས་གཏམ་ཞུ་རུ་འགྲོ་འདོད་ལ། མཇུག་མཐར་ཐེངས་གཅིག་ལྟ་བར་འདོད།
སྔོན་ཆད་ཕ་མ་གཉིས་ཀྱིས་ཁོ་མོ་གཅིག་པུ་ས་མཐའ་འདི་ནས་སྡོད་པར་བློས་མ་ཐོངས་པར། ལན་མང་པོ་ཞིག་ལ་
སྐད་དང་འཕྲིན་ཡིག་བཏང་སྟེ་ཕྱིར་གྲོང་ཁྱེར་དུ་ཡོང་དགོས་པའི་རེ་སྐུལ་བྱས་ཀྱང༌། དེ་དག་གིས་ཕལ་ཆེར་ཁོ་མོ་ལ་ཤུགས་
རྐྱེན་ཆེན་པོ་ཞིག་ཐེབས་མ་ཐུབ་པ་འདྲ། འོན་ཀྱང༌། གང་ལྟར་ཡང་མི་རྒས་ན་ཡུལ་དང་བྱ་རྒས་ན་ཚང་ཞེས་པ་ལྟར། ད་ལྟ་
ཁྱོད་ཀྱི་སེམས་སུའང་ཕ་མ་དང་མཉམ་དུ་ཚེ་མཇུག་སྐྱེལ་བའི་དགོས་པ་ཡོད་པ་འདྲ།
ཁྱོད་ཉིད་གོམ་སྟབས་ཡང་མོས་ཁང་མིག་ཆུང་ཆུང་ལས་ཕྱིར་བུད། ད་སོ་མ་ཕྱགས་ནས་གཙང་དག་བྱས་ཟིན་པའི་
ལྟས་རའི་ནང་དུ་ཡང་བསྐྱར་ཁ་བ་སྟུག་པོ་ཞིག་ཆགས་འདུག ཁྱོད་ཀྱི་རྐང་རྗེས་རེ་རེ་དང༌། གསོ་མས་གཙགས་པའི་ལྷམ་
མཐིལ་གྱི་རི་མོ་རྣམས་གསལ་བོར་བཀོད་འདུག
“ཨ་མ་ཧོང་མེ། མེ་ཏོག་གངས་ལྷ། ”བུ་མོ་བསམ་མེད་དེས་ལག་ཆུང་གཡས་པའི་ནང་དུ་གཙང་ཞིང་དྲི་མ་མེད་
ལ། ཁ་དོག་རབ་ཏུ་དཀར་བའི་མེ་ཏོག་ཞིག་བཟུང་ཞིང༌། ལག་པ་གཡོན་པ་མཆུ་འདབ་ཏུ་བསྲིངས་ནས་ཧ་འདེབས་བཞིན་
སྒོ་ཕྱིར་བརྒྱུགས་འོངས། ཁྱོད་ཀྱིས་མོ་ནམ་ཞིག་ལ་སྒོའི་ཕྱིར་སོང་བ་མ་ཤེས་ལ། ད་ལྟ་རང་ཉིད་གང་ཞིག་ལ་འགྲོ་བའང་ཆ་
མ་འཚལ།
“ཨེ་ཡག་གམ། ཨ་མ་ཧོང་མེ། ངས་མ་གིའི་སྤང་ཁུག་ནས་རྙེད་པ་ཡིན། ”
ཁྱོད་ཀྱིས་དལ་བུར་མེ་ཏོག་ཚུར་བླངས་ཤིང༌། གློ་བུར་དུ་ཕོག་ཐུག་ཅི་ཞིག་བཏང་བ་ལྟར་ལག་ཟུང་དྲག་ཏུ་འདར་
ཞིང༌། ལུས་ཡོངས་ཀྱི་ཁྲག་རྒྱུན་གྱི་འཁོར་རྒྱུགས་ཇེ་མགྱོགས་སུ་གྱུར། འདི་དངོས་གནས་མེ་ཏོག་གངས་ལྟ་ཞིག་སྟེ། དཀར་
ལ་སྔོ་མདངས་ཆགས་པའི་གངས་རྒྱན་མེ་ཏོག་ཞིག་ཡིན། སུ་ཞིག་གིས་ཡིད་ཆེས་སམ། མེ་ཏོག་འདིའི་ལོ་འདབ་གཅིག་ཀྱང་
ལྷུང་མེད།
ཁྱོད་ཀྱིས་ཞིབ་ལྟ་བྱེད་བཞིན་བསམ་བློ་བཏང༌། ཡུད་ཙམ་ནས་དོན་ཅི་ཞིག་རྟོགས་པ་དང་འདྲ་བར་དེ་ཕོའི་རྔ་སྒྲོ་
ལྟ་བུའི་སྐྲའི་ལན་བུ་གཉིས་བཤིག་ཅིང༌། སྐྲ་སྣེའི་མདོག་ཡལ་བའི་དར་ལིང་དེ་མེ་ཏོག་གི་གཞུང་རྟའི་སྟེང་དུ་བཏགས་ཏེ།
བུ་མོ་བསམ་མེད་དེའི་མགོ་ལ་ལག་ཡང་མོས་བྱིལ་བྱིལ་བྱས། “ཡག་པོ་འདུག དངོས་གནས—ཨིན—ཡག་པོ་འདུག”
“ཨ་མ་ཧོང་མེ……”བྱིས་པ་མང་པོ་ཞིག་སྒོ་ཕྱི་ནས་བརྒྱུགས་འོངས་ཏེ་ཁྱོད་ཀྱི་མཐའ་བསྐོར། ཚང་མ་ཁྱོད་
ཀྱི་གཅེས་ཕྲུག་ཡིན་ལ། ཚང་མ་ཁྱོད་ཀྱི་བྱིས་པ་ཡིན། ད་དུང་སློབ་ལོ་རན་པའི་སློབ་ཕྲུག་འགའ་ཞིག་ཀྱང་ཡོད། “ཨ་མ་
ཧོང་མེ། ཁྱོད་སང་ཉིན་ནས་བཟུང་མཁར་གྲོང་དུ་ཕྱིར་ལོག་རྒྱུ་ཞེས་པ་ཨེ་བདེན། ”
“ཨ་མ་ཧོང་མེ། ང་སློབ་གྲྭར་ཡོང་ནས་ཡི་གེ་འདོན་རྒྱུ་ཡིན། ”
“ཨ་མ་ཧོང་མེ། ཁྱོད་བུད་སོང་ན་ང་ཚོར་དཔེ་ཐུམ་སུས་རྒྱག་གམ། ”
“ཨ་མ་ཧོང་མེ། ཁྱོད་ཀྱིས་ཀྱང་ང་ཚོ་དྲན་ངེས་ཡིན། ”
“ཨ་མ་ཧོང་མེ། མདང་དགོང་ཨ་མས་ཁྱོད་གྲོང་ཁྱེར་དུ་ཕྱིར་ལོག་རྒྱུའི་གཏམ་ཐོས་རྗེས་ཞག་གང་བོར་ངུས་
པ་རེད། ”
“ཨ་མ་ཧོང་མེ། ཁྱོད་ཀྱིས་ལོ་གསར་རྗེས་ང་ཚོ་ཁྲིད་ནས་རྩེ་རུ་འགྲོ་ཞེས་བཤད་ཡོད་པ་མ་ཡིན་ནམ། ”
བྱིས་པ་ཚོ་ཁྱོད་ལ་འཐམས་ཤིང༌། ལ་ལས་ཁྱོད་ཀྱི་མཛུབ་མོ་ནས་བཟུང་ཞིང༌། ལ་ལས་ཁྱོད་ཀྱི་ལྭ་བའི་འདབས་ཟུར་
ནས་བཟུང་སྟེ་ཞུ་བའི་ངུ་ངག་གིས་མཆི་མ་བཏོན། སྡེ་གཙོ་དང་རི་སྡེ་འདིའི་རྒན་གཞོན་ཡོད་ཚད་ཀྱང་རྗེས་མཐུད་ནས་
སླེབས་བྱུང༌། ཁོ་ཚོའི་མིག་མདངས་ལས་རེ་འབོད་དང་ངང་སྒུག་གི་འོད་སྣང་ཐོན་ཡོད་ལ། ཕྱི་བཤོལ་དང་རེ་བཞག་གི་
མཆི་མའི་འོད་གོར་འཁྱིལ་འདུག རྣམ་པ་གློ་བུར་བ་འདིས་ཁྱོད་ལ་དགའ་སྐྱོ་འདྲེས་མའི་བྲོ་བ་ཞིག་བྱིན་པ་དང༌། ཁྱོད་ཀྱི་
མིག་ཟུང་ཡང་དེ་མུར་རབ་རིབ་ཏུ་གྱུར།“གཅེས་ཕྲུག……ཚོ། ”ཁྱོད་ཀྱི་གདོང་ལ་འཛུམ་མདངས་ཤར་བ་འདྲ་ཡང་
མགྲིན་པ་སྔ་མོ་ནས་བརྣངས། “ཨ་མས—ཨིན—ཁྱོད་ཚོ་བཞག་ནས་འགྲོ་ཕོད་དམ། ”མཐར་ཁྱོད་ཀྱིས་བསྲན་
ཐབས་བྲལ་ཏེ་མིག་ཆུ་འཐོར་ཞིང༌། མཆི་མའི་རྡོག་པོ་རེ་རེ་མཐའ་བསྐོར་གྱི་ནག་རུག་རུག་གི་མགོ་ཆུང་མང་པོའི་སྐྲ་གསེབ་
ཏུ་འཐིམས་པ་དང༌། རྒན་གཞོན་ཀུན་གྱིས་ཡིད་ཆེས་ཀྱི་མགོ་བོ་དལ་བུའི་ངང་ནས་ནང་དུ་ལྡེམ་ལྡེམ་བྱས།
ཁུག་རྟ་བྱང་ལ་འཕུར་ཞིང༌། ཁྲུང་ཁྲུང་ལྷོ་ནས་འཕུར་ཡོང༌། མ་གཞིར་ཡང་ཁྱོད་ཀྱིས་གནས་འདིའི་ཡོད་ཚད་བསྐྱུར་
མ་ཕོད། དེ་རིང་ཉིན་མོའི་འདབ་དྲུག་གི་ཁ་བའི་ཟེགས་མ་རེ་རེས། ཕྱི་ལོའི་ནམ་ཟླ་བཟང་པོ་མཚོན་པ་མ་ཡིན་ནམ། ཁ་བ་ད་
དུང་ལྷབ་ལྷུབ་ཏུ་འབབ……མུ་མཐུད་དུ……།
(རྩོམ་འདི་འབྲི་མཁན་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྱ་བརྒྱད་ལོའི་བོད་ཡིག་འཛིན་གྲྭའི་སློབ་མ་ཡིན)

བརྒྱུད་སྐུལ།

མཆན་སྤེལ།