༄༅། །བསླབ་བྱ་རྗེས་འཛིན་གྱི་རིམ་པ་བཞུགས།།

༄༅། །བསླབ་བྱ་རྗེས་འཛིན་གྱི་རིམ་པ་བཞུགས།།

དངུལ་ཆུ་དྷརྨ་བྷ་དྲས་མཛད།

 

༄༅། །ངག་གདམས་ལེ་ཚན་བཞུགས། ༈ ན་མོ་གུ་རུ་མཉྫཱ་གྷོ་ཥཱ་ཡ། གུར་ཀུམ་ས་འཛིན་དབང་པོ། །འོད་སྟོང་ཟེར་གྱིས་འཁྱུད་འདྲའི། །རྒྱལ་ཀུན་གསུང་གི་མངའ་བདག །འཇམ་མགོན་མགྲིན་པར་བཞུགས་ཤིག །འཇིག་རྟེན་འཇིག་རྟེན་འདས་པའི། །ལེགས་ཚོགས་ཀུན་གྱི་རྩ་བ། །ལམ་སྟེགས་དགེ་བའི་བཤེས་གཉེན། །བསམ་སྦྱོར་གཉིས་ཀྱིས་སྟེན་ཅིག །དལ་བརྒྱད་འབྱོར་བཅུའི་ལུས་རྟེན། །དོན་ཆེ་རྙེད་པར་དཀའ་བས། །ད་ལྟ་རྟེན་འབྲེལ་འཛོམ་དུས། །ཉིན་བཞིན་དོན་ལྡན་མཛོད་ཅིག །སྐྱེས་མཐའ་འཆི་བར་མ་ཟད། །ནམ་འཆི་ངེས་པ་མེད་པས། །གཉེན་ལུས་ལོངས་སྤྱོད་ཀུན་ལ། །ཞེན་ཆགས་འཁྲི་བ་ཆོད་ཅིག །འཇིགས་རུང་ངན་སོང་གསུམ་གྱི། །བཟོད་དཀའི་སྡུག་བསྔལ་སོམས་ལ། །མཆོག་གསུམ་སྐྱབས་སུ་བསྟེན་ནས། །ལས་འབྲས་བླང་དོར་མཛོད་ཅིག །འཁོར་བའི་སྡུག་བསྔལ་རྩ་བ། །བདག་འཛིན་ལྷན་སྐྱེས་གཉེན་པོར། །བདག་མེད་རྒྱུད་ལ་བསྐྱེད་ཕྱིར། །ཚུལ་ཁྲིམས་འགྱོད་མེད་སྲུངས་ཤིག །ཉམ་ཐག་རིགས་དྲུག་འགྲོ་རྣམས། །དྲིན་ཅན་ཕ་མ་ཡིན་པས། །བྱམས་དང་སྙིང་རྗེས་དྲངས་པའི། །བྱང་ཆུབ་སེམས་མཆོག་སྐྱེད་ཅིག །ཆོས་ཀུན་གདོད་ནས་སྟོངས་ཀྱང༌། །རྟེན་འབྲེལ་བསླུ་བ་མེད་པས། །ཐབས་ཤེས་ཟུང་དུ་འཇུག་པའི། །རྒྱལ་སྲས་སྤྱོད་ལ་སློབས་ཤིག །ཤུགས་དྲག་སྙིང་རྗེས་བསྐྱོད་ནས། །གཞན་དོན་སྒྲུབ་ལ་རིངས་ན། །དབང་ཐོབ་དམ་ཚིག་ལྡན་པས། །བསྐྱེད་རྫོགས་རིམ་གཉིས་སྒོམས་ཤིག །དཀོར་ཟན་དྲང་པོ་བདག་ལ། །འདི་འདྲའི་ཆ་རྒྱུས་མེད་ཀྱང་། །མཚན་ལྡན་བླ་མ་མང་པོའི། །ཞལ་ནས་དེ་སྐད་གསུང་བར། །ཁྱེད་ཀྱང་འཐད་པར་གདའ་ན། །ཉམས་སུ་བཞེས་པར་ཞུ་ཞིང་། །མི་འཐད་སྔར་ཁྱུད་ད་འཇགས། །ཆུ་ངན་ལམ་རྒྱུག་མཛོད་ཅིག །འདིར་འབད་ལེགས་སྤྱད་ཕུང་པོས། །སྟོབས་བཅུའི་གོ་འཕང་ཐོབ་ནས། །མཁའ་མཉམ་སེམས་ཅན་ཀུན་ལ། །ཕན་བདེ་སྒྲུབ་པར་གྱུར་ཅིག །ཚུལ་འདི་དྷརྨ་བྷ་དྲར། །བླ་ཆུང་འཕྲིན་གྱིས་བསྐུལ་ནས། །ཤིང་ཕག་རྒྱལ་ཟླ་ཚེས་ལ། །དངུལ་ཆུའི་རི་བོར་བྲིས་སོ། །སརྦ་མངྒལཾ།།

༈  ན་མོ་གུ་རུ་ཝེ། གནས་བྱང་སྟོད་ཡང་མཛོད་དམར་པོ་ན། །སྙིང་འདབ་བརྒྱད་པདྨ་ཉི་ཟླའི་ཁར། །རྗེ་དུས་གསུམ་སངས་རྒྱས་མིའི་གཟུགས་ཅན། །དྲིན་འཁོར་མེད་ངག་དབང་རྡོ་རྗེར་འདུད། །བདག་རང་རྒྱུད་དུག་ལྔ་གྲ་རྒྱས་ཤིང་། །ལས་ངན་པ་དགུ་འཛོམས་སྦྱོང་བཞིན་དུ། །མི་གཞན་ལ་ཆོས་བཤད་གྲོས་འདེབས་འདི། །མགོན་ཁྱོད་ཐུགས་ཁྲེལ་བའི་རྒྱུར་གདའ་ཡང་། །བུ་དད་ལྡན་བློ་བཟང་རྡོ་རྗེ་ཡིས། །འཕྲིན་ཡི་གེའི་ལམ་ནས་བསྐུལ་བའི་ལན། །ཚིག་སྡེབ་སྦྱོར་ལེགས་པོ་མི་ཤེས་ཀྱང༌། །དོན་རྒྱལ་བའི་དགོངས་པ་བཞིན་དུ་བརྗོད། །ཆུང་ཨ་མའི་མངལ་དུ་ཆགས་པ་ནས། །དུས་སྐད་ཅིག་ངལ་བསོ་མི་བྱེད་པར། །དགྲ་འཆི་བདག་དྲུང་དུ་སྙེག་ལུགས་འདི། །བུ་སེམས་ཤིག་ཡོད་ན་ཡང་ཡང་སོམས། །ཚེ་འདི་སྣང་བདེ་སྡུག་སྣ་ཚོགས་འདི། །རྒྱུ་སྔར་སོང་འབྲས་བུ་ཡིན་ཚོད་འདུག །བུ་བདེ་འདོད་སྡུག་བསྔལ་མི་འདོད་ན། །ལས་དཀར་ནག་གཉིས་ལ་བླང་དོར་འཚལ། །སེམས་མི་རྟག་དྲན་པའི་ཀུན་སློང་གིས། །ཁས་བླངས་པའི་དམ་སྡོམ་གཙང་མར་སྲུངས། །ཚིག་ཁ་བཤད་སྐལ་པོ་རྣ་བ་ཚེ། །དོན་ཉམས་སུ་ལེན་ན་སྣོད་ལྡན་ཡིན། །གཏམ་འདི་བསྙད་རྣམ་དཀར་དགེ་བའི་མཐུས། །མ་འབྲེལ་ཐོགས་ཀྱིས་མཚོན་ཁམས་གསུམ་འགྲོ། །སྐྱབས་མཚན་ལྡན་བླ་མས་རྗེས་བཟུང་སྟེ། །ཆོས་ཐེག་ཆེན་ས་ལམ་མཐར་སོན་ཤོག །ཅེས་པ་འདི་ཡང་རང་གི་སློབ་བུ་དགེ་སློང་སུ་དྷི་བཛྲས་མི་རྟག་པ་དང་ལས་འབྲས་ལས་བརྩམས་པའི་ངག་གདམས་དགོས་ཚུལ་ལྟར་དྷརྨ་བྷ་དྲས་བྲིས་པས་ཕན་ཐོགས་པར་གྱུར་ཅིག། སརྦ་མངྒལཾ།།

བརྒྱུད་སྐུལ།

མཆན་སྤེལ།