དཔའ་བོའི་མེ་ཏོག

༄༅། །དཔའ་བོའི་མེ་ཏོག

དབྱིན་འགོག་བཙན་རྫོང་རྒྱལ་རྩེར་ལྟ་སྒོར་དུ་ཕྱིན་པ།

ཚེ་དབང་དང་བློ་ཚུལ།
དྲི་བཞོན་བསིལ་མས་ཆུ་འཛིན་ལ་བསྐུལ་བར་སྣང་ཁམས་སུ་ལང་ལོང་སྐྱོད། །
ས་མཐོའི་སྒང་གི་ནས་ཞིང་གྲུ་བཞི་གསེར་མདངས་བཀྲ་ཞིང་རླབས་ཕྲེང་འཕྱུར། །
འབྲུ་རིགས་སྣ་ལྔའི་ལོ་ཏོག་རབ་སྨིན་འགྲོ་བའི་གདོང་ལ་འཛུམ་ཤར་བའི། །
འབྲས་ལྡན་དུས་ཀྱི་དཔལ་མོ་འདི་ཉིད་ནོར་འཛིན་ཡངས་པོའི་རྒྱན་དུ་གྱུར། །
ཅེས་བསྟོད་ཚིག་གི་མེ་ཏོག་གཏོར་བར་འོས་པའི་དུས་བཟང་འདི་ཉིད་ལ་ལྷ་ས་ནས་ལམ་ལ་ཆས་ཏེ་གནའ་རབས་བོད་ལྗོངས་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་སྒོས་དབྱིན་ཇི་བཙན་འཛུལ་པར་ཛ་དྲག་ཆེན་པོས་དམར་འཛིང་བྱས་པའི་རྗེས་ཤུལ་རྒྱལ་རྩེ་ལ་ལྟ་སྐོར་དུ་སོང༌།
ལྷ་ས་དང་རྒྱལ་རྩེའི་བར་ལ་སྤྱི་ལེ་ཉིས་བརྒྱ་དང་དྲུག་ཅུ་ཡོད། གཞུང་ལམ་གྱི་ངོས་ནི་ས་དཀར་དང་བྱེ་མ་འདྲེས་མ་ཞིག་ཡིན་ཡང༌། ལམ་ངོས་ཁོད་སྙོམས་ཤིང་སྒང་འབུར་གཤོང་གསུམ་མེད་ལ་རླངས་འཁོར་རྒྱུ་བར་ཧ་ཅང་བདེ་སྟབས་ཨར་འདམ་ལས་བཟོས་པའི་གཞུང་ལམ་ཞིག་དང་ཁྱད་པར་མི་འདུག དེ་འདྲའི་ཀྱག་ཀྱོག་ཉུང་བའི་གཞུང་ལམ་སྟེང་དུ་ང་ཚོ་སྡོད་པའི་འགྲུལ་བཞུད་རླངས་འཁོར་དེ་སྲབ་མེད་ཀྱི་ཅང་ཤེས་བཞིན་རྒྱུག་གིན་གདའ། དེ་ལྟར་ལ་ལུང་འགའ་བརྒལ་ཏེ། ཕྱི་དྲོའི་ཆུ་ཚོད་གཅིག་གི་ཐོག་ཏུ་ང་ཚོ་རྒྱལ་རྩེ་གྲོང་ཁྱེར་དུ་སླེབས། གནའ་བོའི་རྒྱལ་རྩེ་གྲོང་ཁྱེར་གྱི་འགྲམ་ནས་ཉ་མཚོ་ཆུ་བོ་ལང་ལོང་དུ་རྒྱུ་བ་དང༌། གྲོང་ཁྱེར་གྱི་མཁར་ཡོད་དོ་ཅོག་ལ་ས་རྩི་དཀར་བོ་བྱུག་ཡོད་པ་དེ་དག་རྒྱང་ནས་བལྟས་ན་གཡང་དཀར་ལུག་ཁྱུ་ཞིག་རྩྭ་ལྷས་སུ་བསྐོར་ཡོད་པ་དང་གཉིས་སུ་མ་མཆིས། གྲོང་ཁྱེར་ཆགས་པའི་གཞི་ནི་མཐའ་བཞི་མི་མངོན་པའི་རྒྱལ་རྩེའི་ཐང་ཆེན་ཡིན་ལ། མཐོང་སའི་ཁྱོན་ཀུན་ཏུ་ནས་ཞིང་ནི་ས་ལེ་སྦྲམ་གྱི་ཁུ་བའི་མཚོ་མོ་འཁྱིལ་བ་ཇི་བཞིན་དྲི་བཞོན་ལྡང་བ་དང་བསྟུན་ནས་རླབས་ཕྲེང་ཆེ་ཆུང་བར་མེད་དུ་གཡོ་ཞེང༌། མགོ་བོ་བཏེག་སྟེ་མཁའ་རུ་བལྟས་ཚེ་དབྱིངས་རིམ་ལྷག་པར་མཐོ་བའི་ཚོར་སྣང་ཞིག་སྟེར། ཀུན་གསལ་དབྱིངས་སུ་སྤྲིན་དཀར་ལང་ལོང་རྒྱུ་བའི་འོག་ཏུ་བྱ་འོལ་བའི་ཚོགས་ཀྱིས་གཤོག་སྒྱུར་གྱི་གར་ལ་བྲེལ་བཞིན་བྲང་ཁའི་དུང་དཀར་ངོམ་པ་དང༌། སྐབས་རེར་ལྡིང་ཞིང་འཁོར་ལ་མཚམས་རེར་གནམ་འཕང་གཅོད་བཞིན་དབྱིངས་རིམ་དུ་ཡལ་ཞིང་ཙི་ལྷང་ལྷང་གི་མགྲིན་གླུ་དེ་ཐོས་འཕྲལ་ཨ་སྔོན་དབྱིངས་ལས་དྲིལ་ཆུང་ཞིག་ཁྲོལ་བ་ལྟ་བུའི་ཉམས་སྣང་འཆར་ཡོང༌།
གནའ་བོའི་རྒྱལ་རྩེའི་གྲོང་ཁྱེར་འདིར་སྐོར་བ་ཞིག་བརྒྱབ་ན་རྐང་ཐང་གིས་ཆུ་ཚོད་གཅིག་ལས་མི་དགོས་པས་མིང་ལ་གྲོང་ཁྱེར་ཟེར་ཡང་དོན་དུ་སྡེ་བ་ཆུང་ཆུང་ཙམ་ཞིག་ལས་མེད། རྫོང་མི་དམངས་སྲིད་གཞུང་དང་སློབ་གྲྭ། མི་དམངས་སྨན་ཁང་གསུམ་པོ་ཨར་འདམ་ལས་བཟོས་ཡོད་པས་དེང་རབས་ཀྱི་ཁྱད་ཆོས་ཙམ་མཚོན་པ་ལས་གཞན་དག་ནི་གནའ་སྲོལ་གྱི་ཁྱད་ཆོས་ཡལ་མེད་པར་གནས་འདུག གྲོང་ཁྱེར་གྱི་མཁར་སྒོ་དང་འདུག་ཁང་གི་སྒེའུ་ཆུང་སྟེང་དུ་མེ་ཏོག་བཙུགས་པའི་རྫ་བུམ་བཞག་ཡོད་པ་མ་ཟད། ར་བ་དང་ཁང་ཁྱིམ་གྱི་མཐའ་སྐོར་ཀུན་ཏུ་མེ་ཏོག་གི་དྲ་བས་སྦྲེལ་ཡོད་པ་ལས་རྒྱལ་རྩེའི་མི་དམངས་ཚོས་མེ་ཏོག་ལ་དགའ་ཞེན་ཆེན་པོ་བྱེད་ཀྱིན་ཡོད་པ་ཤེས་ཐུབ་ཅིང༌། མེས་རྒྱལ་ནང་ཁུལ་གྱི་ཀོང་ཀྲིག་ལ་མེ་ཏོག་གི་གྲོང་ཁྱེར་ཞེས་འབོད་ཀྱང༌། ས་འདིའི་མེ་ཏོག་གི་ཞིང་ཁམས་འདི་མཐོང་མ་ཐག་ཀོང་ཀྲིག་ཀྱང་འདི་ལས་ལྷག་པ་ཞིག་ཡིན་མི་སྲིད་ཅེས་སྙམ་པར་བྱེད། མེ་ཏོག་སྣ་ཚོགས་ཀྱི་འདབ་བརྒྱ་རྣམ་པར་བཞད་པའི་ཁྲོད་ན་སྐལ་བཟང་མེ་ཏོག་དང་སྒྲོལ་མའི་མེ་ཏོག་རིགས་གསུམ་མེ་ཏོག མེ་ཏོག་སེར་ཆེན། རྒྱ་གར་མེ་ཏོག་སོགས་བགྲང་ལས་འདས་པའི་མེ་ཏོག་སྣ་ཚོགས་ཀྱིས་རང་རང་གི་ལང་ཚོའི་དཔལ་ཡོན་ངོམ་བཞིན་ཡོད་ཅིང༌། དེ་དག་ལ་སྲ་ཞིང་བརྟན་པའི་གཞུང་རྟ་དང་སྔོ་ཞིང་ལྗང་བའི་འདབ་མ།
མཛེས་ཤིང་སྡུག་པའི་ཁ་དོག ག་སར་ཁྱབ་པའི་དྲི་ཞིམ་དང་ལྡན་པས་ན་མེ་ཏོག་འདི་དག་ནི་ཆར་རླུང་དྲག་པོ་སོགས་འབྱུང་བཞིའི་གནོད་པར་འཐཡ་རྩོད་བྱེད་པའི་དཔའ་བོའི་ངང་ཚུལ་དང་ལྡན་ནོ་སྙམ། ངས་ཁྱིམ་ཚང་ཞིག་གི་ར་འ་ནམ་མེ་ཏོག་ཅིག་བཏོག་སྟེ་སྣོམ་ལའི་ཚེ་དབྱེ་བ་འབྱེད་དཀའ་བའི་དྲི་ཞིམ་སྣ་ཁུང་དུ་འཐུལ་བྱུང༌། གལ་ཏེ་མེ་ཏོག་འདིའི་དྲི་ཞིམ་ནི་མཐོང་རྒྱུ་ཡོད་པའི་ཁ་དོག་ལྟ་བུ་ཞིག་ཡིན་ཚེ་དེའི་ནང་དུ་མཛེས་སྡུག་གི་ཁ་དོག་སྣ་ཚོགས་ཤིག་འདུས་ཡོད་ངེས་རེད་ཅེས་པའི་ཚོར་སྣང་སྐྱེས། བར་སྣང་ན་ཕུག་རོན་དཀར་བོ་ཁྱུ་གཅིག་འཕུར་བའི་གཤམ་དུ་བང་རིམ་བཅུ་གསུམ་གྱིས་ལེགས་པར་སྤུད་པའི་དཔལ་འཁོར་མཆོད་རྟེན་དེ་རྔམ་བརྗིད་ལྡན་པའི་ངང་ཀྲོང་ངེར་འགྱིང་འདུག བོད་རིགས་ཀྱི་ཕུན་སུམ་ཚོགས་པའི་མཛེས་རྩལ་གི་ཁྱད་ཆོས་ལྡན་པའི་མཆོད་རྟེན་ཆེན་པོ་འདི་དང་གནའ་བོའི་གྲོང་ཁྱེར་འདིའི་ཁོར་ཡུག་ལ་ལྟ་བཞིན་ངའི་ཡིད་ཀྱི་མེ་ལོང་ངོར་སྔོན་བྱུང་ལོ་རྒྱས་ཀྱི་རི་མོ་འགའ་དབང་མེད་དུ་འཆར་བྱུང༌།
ལོ་ངོ་ཆིག་སྟོང་སུམ་བརྒྱའི་སྔོན་དུས་འདི་ནི་བོད་ལྗོངས་དཔོན་ཁག་གི་སྲིད་འཛིན་ས་ཚིགས་ཤིག་རེད། ལོ་བཞི་བརྒྱ་ལྷག་འགོར་རྗེས་གོང་གསར་རབ་བརྟན་པས་འགྲོ་ཟོང་མང་བོ་བཏང་སྟེ་འདུ་ཁང་ཆེན་མོ་བཞེངས། མིང་རྒྱལརབས་ཀྱི་དུས་སུ་རྒྱལ་རྩེའི་རྫོང་དཔོན་ཆོས་རྗེ་རབ་བརྟན་སྐལ་བཟང་དང༌། པཎ་ཆེན་སྐུ་ཕྲེང་དང་བོ་མཁས་གྲུབ་རྗེ་རྣམ་གཉིས་གཙོ་བྱས་ཏེ་མི་ཉིས་ཁྲི་ཙམ་གྱིས་དཔལ་ཆོས་དགོན་པ་དང༌། དཔལ་འཁོར་མཆོད་རྟེན་གཉིས་གསར་བཞེངས་གནང༌། བློ་རིག་ལྡན་ཞིང་སྙིང་རུས་ཆེ་བའི་རྒྱལ་རྩེའི་མི་དམངས་ཀྱིས་ལག་ཟུང་ལ་བརྟེན་ཏེ་མཛེས་སྡུག་་ལྡན་པའི་ཕ་ཡུལ་ཞིག་འཛུགས་སྐྲུན་བྱས་པ་དང༌། རང་སྟོབས་རང་སྤེལ་དང་རང་ཁ་རང་གསོ་བྱེད་པའི་འཚོ་བའི་གོ་རིམ་ཁྲོད་དུ་ལོ་རྒྱུས་ཀྱི་རི་མོ་འོད་སྟོང་འབར་བ་ཞིག་བྲིས་ཡོད་པ་རེད།རྒྱལ་རྩེ་ནི་མཛེས་རྩལ་ཁྱད་དུ་འཕགས་པའི་ས་གདན་བཟོ་ས་གྲགས་ཅན་ཞིག་ཡིན་ལ། གདན་བཟོས་ནས་ལོ་དྲུག་
བརྒྱ་ལྷག་འགོར་བའི་ལོ་རྒྱུས་ཡོད། དེ་གའི་ས་གདན་རེག་བྱ་འཇམ་ཞིང་དྲོ་བ། ཚགས་དམ་ཞིང་སྤུས་ཡ་ལེགས་པ། མི་རིགས་ཀྱི་ཁྱད་ཆོས་བཅས་ལྡན་ལ། སྲོག་ཆགས་དང་སྐྱེ་དངོས་སོགས་འཐག་རིས་སུ་ཕབ་པའི་མཛེས་རྩལ་ལ་གསོན་ཉམས་རབ་ཏུ་ལྡན་པར་ཞིབ་ཏུ་བལྟས་པ་ན། ས་གདན་ཆུང་བ་དག་གི་སྟེང་དུ་གངས་སེང་དཀར་མོ་དང་དོམ་ཁྲ། ངང་བ་དཀར་བོ། པད་མའི་སྡོང་བུ་སོགས་ཕབ་འདུག ཁྲ་ཚོམ་མེ་ཏོག་གི་རིས་ལས་ཟིལ་བ་ཁྲ་རིལ་རིལ་འཐོར་ལ་ཁད་ཀྱི་ཉམས་ཤིག་ལྡན་པས་རེག་ན་འཔོར་ཨེ་འགྲོ་སྙམ་པའི་ཚོར་སྣང་ཞིག་ཅིག་ཅར་དུ་སྟེར་རོ། །ས་གདན་ཆེན་པོ་དག་ནི་ཚོགས་ཁང་དང་སྣེ་ལེན་ཁང༌།
གཟིམ་ཤག་བཅས་གལ་ཆེན་གྱི་གདན་ས་དག་ལ་བཀོལ་གྱིན་ཡོད་པས། དེའི་སྟེང་དུ་གཅན་གཟན་གྱི་རྒྱལ་བོ་སེང་གེ་དང༌།
འདབ་ཆགས་ཀྱི་མཆོག་གྱུར་རྨ་བྱ། མེ་ཏོག་གི་མཆོག་གྱུར་སྐལ་བཟང་མེ་ཏོག་སོགས་བཀོད་ན་ཧ་ཅང་འགྲིག་མོད། འོན་ཀྱང་མེ་ཏོག་ངོ་མི་ཤེས་པ་དག་བཀོད་དེ། ས་གདན་ཆུང་བ་དག་ལ་སེང་གེ་སོགས་བཀོད་འདུག་པ་ནི་ཤིན་ཏུ་ངོ་མཚར་བ་ཞིག་རེད། དེ་ནི་ཟླ་བ་དང་སྐར་ཆེན་གཉིས་གོ་ཟློག་པའི་ཚུལ་དུ་མིན་ནམ་སྙམ་སྟེ་ས་གདན་བཟོ་གྲྭའི་གཙོ་བོ་ལྷ་མོར་རྒྱུ་མཚན་ཞིག་དྲིས་པ་ན། ཁོ་མོས་གདོང་མདོག་ཅུང་ཟད་འགྱུར་ཏེ་དེའི་རྒྱུ་མཚན་རྫོང་རིར་ཕྱིན་ན་ཤེས་ངེས་ཡིན་ཟེར། དེ་ནས་རྫོང་རི་དེ་གང་ཡིན་ནམ་སྙམ་སྟེ་ཕྱིན་ཙ་ན་ལོ་ན་བདུན་ཅུ་ཙམ་ལོན་པའི་རྒན་མོ་ཞིག་དང་ཕྲད་དེ་དེར་དྲིས་ཤིང་ཁོ་མོས་མཛུབ་མོས་སྟོན་ཕྱོགས་སུ་ཕྱིན།
རྫོང་རི་ནི་རྒྱལ་རྩེའི་གྲོང་ཁྱེར་གྱི་ཉེ་འདབས་ཀྱི་མཐའ་ཡས་པའི་ཐང་དཀྱིལ་ན་འབུར་དུ་ཐོན་ཡོད་ལ། ཁོད་སྙོམས་ཀྱི་རྒྱ་མཚོ་ཆེན་པོ་ལས་གཡུ་འབྲུག་ཅིག་དགུང་ལ་ལྡིང་བ་དང་ཀུན་ནས་མཚུངས། རི་དེའི་སྟེང་དུ་མེས་པོ་ཚོས་དབྱིན་ཇི་བཙན་འཛུལ་པར་ཛ་དྲག་ཆེན་པོས་རྒོལ་ལན་སྤྲད་མྱོང་བ་ནི་ལོ་ངོ་ཁྲི་སྟོང་མང་པོ་འདས་ཀྱང་པ། ཏན་ནས་བརྗེད་མི་སྲིད་ལ། འཛམ་གླིང་མི་དམངས་ཀྱིས་ཀྱང་རྟོགས་ཐུབ་པའི་གཡུལ་འཁྲུག་གི་རྗེས་ཤུལ་གྲགས་ཅན་ཞིག་རེད། འོན་ཀྱང་རྫོང་རི་དང་ངོས་མི་ཟིན་པའི་མེ་ཏོག་དེ་གཉིས་ཀྱི་འབྲེལ་བ་ནི་ངས་ད་རུང་ཤེས་མ་བྱུང༌།
ང་ཚོ་རྡོ་སྐས་ཀྱི་རྩིག་ཐེམ་རེ་རེ་དང་ཀྱག་ཀྱོག་གི་རྐང་ལམ་བརྒྱུད་དེ་མཐར་རྫོང་རིའི་རྩེ་ལ་སླེབས། དེའི་ཕྱོགས་ཀུན་ཏུ་འཐབ་ར་ཐར་ཐོར་དུ་ཡོད་ཅིང༌། དེས་སྔོན་ཆད་ཀྱི་ཛ་དྲག་གི་འཐབ་འཛིང་ཁྲོད་དུ་བོད་རིགས་མི་དམངས་ལ་ཡ་ང་བའི་བཙན་འཛུལ་བྱས་པའི་ལོ་རྒྱུས་མཚོན་འདུག་པས་ངའི་ཡིད་ཀྱི་མཚོ་མོར་སྐྱོ་སྡུག་གི་རྦ་རླབས་མི་སློང་བ་ག་ལ་སྲིད། སྤྱི་ལོ༡༧༠༠གི་སྔོན་དུ་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་རྒྱ་གར་བཙན་བཟུང་བྱས་པ་དང་མཉམ་དུ་མེས་རྒྱལ་གྱི་ཤར་ལྷོ་ས་མཚམས་སུའང་བཙན་འཛུལ་འདྲ་མིན་བྱས་ཤིང༌། སྤྱི་ལོ ༡༩༠༤ལོའི་ཟླ༣པའི་ནང་དམག་མི་ཆིག་སྟོང་བཞི་བརྒྱ་རྩ་འཛུགས་བྱས་ཏེ་བོད་ལྗོངས་གཙང་ཁུལ་རྒྱལ་རྩེའི་ཉེ་འདབས་སུ་བཙན་འཛུལ་གང་མང་བྱས། ལོ་དེའི་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་དབྱིན་ཇག་གིས་དྲག་ཤུགས་ལ་བརྟེན་ཏེ་རྒྱལ་རྩེ་བཙན་འཕྲོག་བྱས། སྐབས་དེར་བོད་རིགས་དམག་དམངས་ཀྱིས་རྫོང་རི་ནས་བཙན་ས་བཟུང་སྟེ། ཕོ་ཟད་མོ་ལ་ཐུག མོ་ཟད་མཐའ་ལ་ཐུག་ཀྱང་རང་སྲུང་རྒོལ་ལན་མཐའ་འཁྱོལ་བ་གཏོང་རྒྱུའི་འོས་འགན་ནི་གཏན་ནས་བསྐྱུར་མ་མྱོང༌། འོན་ཀྱང་དམག་དཔུང་གི་སྟོབས་ཤུགས་དང་ཆ་རྐྱེན་གྱི་ཁྱད་པར་ཆེས་དྲགས་པས་བོད་རིགས་དམག་དམངས་ལ་འཇིགས་ཤིང་ཡ་ང་བའི་དྲག་རྒོལ་བྱས། ཇག་དམག་ཚོས་རྒྱང་རིང་ནས་སྐབས་དེའི་སྔོན་ཐོན་གྱི་སྒྱོགས་མདའ་དང་འཕུར་མདའ་སོགས་རྒྱབ་སྟེ་རྫོང་རིའི་སྟེང་གི་འཐབ་ར་ས་རྡུལ་དུ་བཟོས་ཤིང༌། བོད་དམག་དམངས་ཀྱི་ལུས་དང་སྲོག་ལ་གནོད་འཚེ་དང་གྱོང་རྒུད་ཚབས་ཆེན་བཟོས། དེ་ནས་ཇག་དམག་ཚོས་བོད་མི་གསོན་བཟུང་བྱས་ཏེ་ལྷ་ས་དང་བརྗེ་རྒྱུ་ཡིན་ཞེས་རྫོང་རིའི་ངོས་ལ་རྒྱུག་ཡོང་ཙ་ན། བོད་རིགས་དམག་དམངས་ཚོས་ཁྲག་དང་རྔུལ་ཆུས་བརླན་པའི་གདོང་འབྱིད་བཞིན་མ་ཁར་སོས་བཏབ་སྟེ་དཔའ་ངར་གྱི་ངང༌། ཝ་རྔ་མ་ཤ་ལེར་འབྲོས་པ་ལས། །སྟག་འཛུམ་དྲུག་ཉི་ལེ་ཤི་ན་དགའ། །ས་འདི་རུ་མིང་ཞིག་མ་བཞག་ན། །ཕོ་ཤི་ལེ་དགུ་ཡི་མི་ཐུ་རི། །ཞེས་སྒྱོགས་མདའི་མེ་ལྕེ་འཕྱུར་བའི་ནང་དུའང་ཕན་ཚུན་ལ་སྙིང་རུས་བསྐྱེད་དེ་འུ་ཐུག་པའི་ལས་ནི་ཡེ་ནས་མ་བྱས། དེ་ལྟར་དྲག་རྒོལ་བྱས་པའི་མཐར་རི་རྩེ་ནས་དགྲ་དམག་དང་དམར་འཛིང་བྱས། བོད་པ་ཚོས་ཇག་དམག་རེ་པང་སྟེ་རི་གཟར་གྱི་གཡང་དུ་མཆོངས་ནས་རང་སྲོག་བློས་བཏང༌།
དེ་ལྟར་སྔོན་གཤེགས་དཔའ་བོའི་ལོ་རྒྱུང། མཚོན་པའི་འཐབ་ར་དེ་དག་མཐོང་བ་ན། འབར་འབུར་དུ་ཡོད་པའི་ས་རྡོ་དག་གིས་ད་ལྟའང་དགྲ་དམག་ལ་ཞེ་འཁོན་གཏིང་ནས་བཅངས་ཏེ་ཁོང་ཁྲོའི་མེ་ལྕེ་འབར་བའི་ངང་ཇག་དམག་ཚོས་ཅིའི་ཕྱིར་ང་ཚོར་སྒྱོགས་མདས་བརྒྱབ་པ་རེད། ངེད་ཅག་གིས་ཤ་ཁྲག་སྲོག་གསུམ་གྱིས་མེས་རྒྱལ་གྱི་རི་ཆུའི་མཛེས་ལྗོངས་བསྲུངས་པ་ཡིན་པས། ཁྱོད་ཚོར་ལྟ་སྟངས་ག་འདྲ་ཡོད་ཅེས་དྲི་བ་འདོན་པ་དང་མཚུངས་པས། བདག་གིས་ལག་པས་དལ་བུས་ས་རྡོ་དག་ལ་རེག་སྐབས། ཁྲག་རྔུལ་གྱིས་བརླན་པའི་དཔའ་བོ་དག་ལ་རེག་པའི་ཚོར་སྣང་ཞིག་སྐྱེས་སོ། །
སྐབས་ཤིག་བདག་གི་སེམས་སུ་སླར་ཡང་ས་རྡོ་འདི་དག་གི་འོག་ཏུ་སྟོབས་ཤུགས་བླ་ན་མེད་པ་ཞིག་སྦས་ཡོད་རྒྱུ་རེད་སྙམ་སྟེ། མིག་རིག་རིག་གིས་བལྟས་ཚེ། མཁར་ཆག་ཅིག་གི་གས་སྲིབས་སུ་ངོས་མི་ཟིན་པའི་མེ་ཏོག་ཅིག་ཀྲོང་ངེར་སྐྱེས་པ་མཐོང་བྱུང༌། དེ་མཐོང་འཕྲལ་ངའི་ངག་ནས་དབང་མེད་དུ། མེ་ཏོག་ལགས། མེ་ཏོག་ཁྱེད་ནི་ཁོ་བོས་ད་ཅི་རི་འདབས་སུ་མཐོང་བའི་མེ་ཏོག་དེ་མ་ཡིན་ནམ་ཟེར་བཞིན་ཞིབ་མོར་བལྟས་པ་ན། འཐབ་ར་རྙིང་བའི་ས་རྡོ་དང༌། རྩྭ་ལྡུམ་གྱི་གསེབ།
སྒང་གཤོང་གི་ཉིན་སྲིབ་མེད་པར་མེ་ཏོག་དེས་ཁྱབ་འདུག མེ་ཏོག་དེ་དག་ལས་ལ་ལ་ཐར་ཐོར་དུ་སྐྱེས་པ་དང༌། ལ་ལ་ཚོམ་བུར་སྐྱེས་ཤིང༌། ཁ་ཤས་ནི་སྟར་ཕྲེང་བསྒྲིགས་ནས་སྐྱེས་འདུག མདོར་ན་མེ་ཏོག་དེ་དག་གིས་ས་མདོག་དམར་བོར་བསྒྱུར་འདུག བདག་གིས་གྲོགས་པོ་ལྷ་ས་པ་ཞིག་ལ་མེ་ཏོག་འདིའི་མིང་ལ་ཅི་ཟེར་ཞེས་དྲིས། ཁོས་མིག་རིག་རིག་གིས་མེ་ཏོག་ལ་ལྟ་བཞིན་དབུགས་རིང་ཞིག་ཕྱུང་སྟེ་ན་རེ། “འདི་ལ་དཔའ་བོའི་མེ་ཏོག་ཟེར།”ཟེར་རོ། །ལྷ་ས་པ་དེའི་ཕྱིའི་རྣམ་འགྱུར་གྱིས་བདག་གི་སྙིང་གི་སྒོ་བརྒྱ་འཕར་བ་ཞིག་ཀྱང་བཟོས།“དཔའ་བོའི་མེ་ཏོག”ཅེས་པའི་སྐད་ཆ་དེས་ང་ལ་ཡ་མཚན་དང་སྤོབས་པ་ཞིག་སྐྱེས་སུ་བཅུག ཨེ་མ། བོད་རིགས་མི་དམངས་ཀྱིས་དེ་ལ་རྨད་དུ་བྱུང་བའི་མིང་ཞིག་བཏགས་འདུག མེ་ཏོག་འདི་ནི་ངོ་མ་དཔའ་བོའི་ཁྱད་ཆོས་དང་ལྡན་པ་ཞིག་རེད། ལྟོས་དང༌། མེ་ཏོག་འདིའི་སྐྱེ་ས་ནི། མཁར་ཆག་གི་ས་རྡོ་སྐམ་པོ་དག་ཡིན་ལ། དེ་རུ་གྲང་ངར་ཆེ་ཞིང་ལྷགས་པ་ལྡང་བ་དང༌། ཆུ་དང་ལུད་རྫས་དཀོན་ཞིང༌། སད་དང་སེར་བ་ལྡང་ངེས་མོད། འོན་ཀྱང་དེ་ནི་རྩ་བ་བརྟན་ཞིང་ལོ་མས་ཕྱུག་ལ། མཁའ་སྙེགས་ཀྱི་སྡོང་བོའི་རྩེ་ནས་རབ་ཏུ་དམར་བའི་འདབ་བརྒྱ་གྲོལ་ཞིང་དྲི་བཟང་འཐུལ་བཞིན་གནས་པ་ནི། གཡུལ་གྱི་དཔའ་བོ་ཚོས་དགྲ་ལ་སྡང་ཞིང་དམངས་ལ་བརྩེ་བའི་ངང་ཚུལ་དང་མཚུངས་པ་མིན་ནམ། ཨེ་མ་མེ་ཏོག་ཁྱེད་རྣམས་སྔོན་གཤེགས་ཀྱི། །དཔའ་བོ་རྗེས་སུ་དྲན་ནས་འཁྲུངས་མིན་ནམ། །རྩ་བ་བརྟན་པོས་རྒྱལ་གཅེས་སྙིང་སྟོབས་བཚོན། །གཞུང་རྟ་དྲང་མོས་མི་རིགས་རང་བཞིན་མཚོན། །སྔོ་ལྗང་གཡུ་ལོས་མ་འོངས་བདེ་སྐྱིད་མཚོན། །འདབ་མ་དམར་བོས་ཁྲག་གི་ལོ་རྒྱུས་མཚོན། །དྲི་བསུང་ཞིམ་པོས་གཞན་ཕན་ལྷག་བསམ་མཚོན། །གཡུལ་འགྱེད་སྐབས་སུ་དགྲ་ལ་དཔའ་རྩལ་ངོམ། །ཞི་བདེའི་སྐབས་སུ་དམངས་ལ་མཛེས་སྡུག་སྦྱིན། །སྲོག་གི་དབང་བོ་ལྡན་པའི་མེ་ཏོག་ཁྱེད། །ས་གདན་ཆེན་པོར་བཀོད་པ་ཨེ་མ་རྨད། །
དེར་བདག་གིས་མཁར་ཆག་གི་ས་རྡོའི་འོག་ཏུ་རྨད་དུ་བྱུང་བའི་སྟོབས་ཤུགས་ཤིག་སྦས་ཡོད་པ་གསལ་བོར་རྟོགས་པར་མ་ཟད། ས་གདན་ཆེན་པོ་དག་གི་སྟེང་ཏུ་དཔའ་བོའི་མེ་ཏོག་གི་མཛེས་རིས་བཀོད་པའི་རྒྱུ་མཚན་ཡང་ད་གཟོད་གསལ་བོར་ཤེས་སོང༌།
དེ་ནས་ཕྱིར་མགྲོན་ཁང་དུ་ལོག་སྟེ་དགོང་ཟས་ཟོས་རྗེས། མུན་པ་ནག་པོའི་ཡོལ་བས་རིམ་བཞིན་ཀུན་གསལ་མ་ཡི་ཞལ་རིས་རྣམ་པར་གཡོགས་ཤིང༌། ཤར་ཕྱོགས་གངས་རིའི་རྩེ་ནས་དཀར་གསལ་ཟླ་བའི་འོད་སྣང་ནོར་འཛིན་ཡོངས་སུ་འཕྲོས་པས། ང་ཚོའི་སྡོད་ཁང་གི་སྒེའུ་ཁུང་ལས་འོད་དཀར་གྱི་ཟེར་ཕྲེང་འཐོར་བྱུང༌།
ཁོར་ཡུག་གི་རྣམ་པའི་འགྱུར་ལྡོག་གི་དབང་གིས་ལོ་ན་མཐོ་བའི་ལམ་གྲོགས་ཚོ་ངལ་ཞིང་དུབ་ནས་གཉིད་ཀྱི་ཞིང་ཁམས་སྙེགས་ཀིན་གདའ། བྱིས་པ་ཚོས་ར་བ་ནས་འུར་རྒྱག་བཞིན་མཆིས་པས། རྒྱུན་གོམས་ལྟར་ང་རང་དལ་བུས་བྱིས་པ་ཚོའི་སར་ཕྱིན། ཟླ་བའི་འོད་དཀར་གྱི་འོག་ཏུ་ཁོ་ཚོའི་བྲང་ལ་དཔའ་བོའི་མེ་ཏོག་རེ་བཏགས་ཏེ། ཤིང་གིས་བཟོས་པའི་མེ་མདའ་ཨུང་ཆུང་རེ་བཟུང་ནས་དཀྱིལ་དུ་ཡོད་པའི་བྱིས་པ་སྣ་ཅུང་ཟད་འབིག་པ་དེར་གཤེ་གཤེ་གཏོང་གིན་འདུག མཚམས་ཤིག་ལ། བྱིས་པ་སྣ་འབིག་དེ་ངུས་བྱུང༌། བྱིས་པ་གཞན་དག་གིས་མི་ངན་དེ་ངུས་སོང༌། ང་ཚོར་རྒྱལ་ཁ་ཐོབ་སོང༌།”ཞེས་འུར་བརྒྱབ་པ་ན་བྱིས་པ་དེས་ངུ་མཚམས་བཞག་སྟེ་སྣ་རྩེ་ལས་ཤོག་བུ་ཞིག་བླངས་ཤིང་ཐང་ལ་གཡུགས་ཏེ།“རྗེས་སུ་བདག་གིས་དབྱིན་དམག་མི་བྱེད། ངའི་བྲང་ཁར་ཡང་དཔའ་བོའི་མེ་ཏོག་གིས་བརྒྱན་དགོས”ཟེར། བྱིས་པ་ཚང་མ་འུར་སེ་སོང༌། དེར་བྱིས་པ་ཞིག་གིས“འདི་ཁྱེར་ཞིག”ཅེས་དཔའ་བོའི་མེ་ཏོག་ཅིག་དབྱིན་དམག་བྱེད་མཁན་གྱི་བྱིས་པ་དེར་གཏད་བྱུང༌། ཡུད་ཙམ་ནས་བྱིས་པ་རྣམས་ནི་རླུང་བཞིན་ཕྱི་རོལ་ཏུ་ཐལ་སོང༌། ཁོ་ཚོའི་ཤུལ་ན་ཤོག་གུ་ལས་བཟོས་པའི་ཕྱི་རྒྱལ་གྱི་སྣ་དབྱིབས་དེ་འཕངས་འདུག་གོ། །
འོད་དཀར་གྱི་རླབས་ཕྲེང་འོག་ཏུ་ལྷང་ལྷུང་དུ་འབབ་པའི་གཙང་བོའི་སྒྲ་ལས་ཅི་ཡང་ཐོས་རྒྱུ་མེད་པས་འཇམ་ཐིང་ངེར་འདུག ཕྱིར་ལོག་ནས་ཉལ་ནའང་གཉིད་གཏན་ནས་མ་ཡོང་བར་ཡུད་ཙམ་ཞིག་ལུས་པ་ན། གློ་བུར་དུ་ཡིད་ཀྱི་ཤེལ་དཀར་མེ་ལོང་གི་ངོར་མ་བྲིས་རི་མོ་འགའ་ཤར་བ་ནི། ད་ལྟ་རྒྱལ་རྩེའི་མི་དམངས་རྣམས་མཛེས་རྩལ་གྱི་རི་མོས་བརྒྱན་པའི་ས་གདན་ཆུང་བ་དག་གི་སྟེང་གཟིམ་སྟེ། དཔའ་བོའི་མེ་ཏོག་འཐག་རིས་སུ་བཀོད་པའི་ས་གདན་ཆེན་པོ་དག་སྔས་མགོ་བྱས་ཏེ་ཉལ་ཡོད་པ་དང༌། རྨི་ལམ་ལ་ཡང་དཔའ་བོའི་མེ་ཏོག་གི་དགའ་ཚལ་ན་ཡོད་པ་དག་རྨི་བཞིན་ཡོད་རྒྱུ་རེད་སྙམ་བྱུང༌།
ངའི་མིག་ལམ་དུ་རི་ངོས་ཀྱི་དཔའ་བོའི་མེ་ཏོག་ཁྲི་འབུམ་མང་བོ་མཉམ་གཅིག་ཏུ་བཞད་དེ་ཕྱོགས་ཀུན་དམར་བོར་བསྒྱུར་པ་ལྟ་བུའི་ཉམས་སྣང་སྐྱེས་པ་དང༌། སེམས་ལ་སང་ཉིན་ངེས་པར་དུ་རྫོང་རི་ལས་དཔའ་བོའི་མེ་ཏོག་འགའ་བཏུས་ཏེ་ཕ་ཡུལ་དུ་ཁྱེར་ནས་འཛུགས་འདོད་པའི་ཀུན་སློང་གི་རྦ་རླབས་དྲག་པོ་ཞིག་ཀྱང་འཕྱུར་བྱུང༌།

བརྒྱུད་སྐུལ།

མཆན་སྤེལ།