བདག་གི་སློབ་གྲོགས།

༄༅།། བདག་གི་སློབ་གྲོགས།

ཀླུ་འབུམ་ཚེ་རིང༌། (མགོ་ལོག)

  ངས་གཞི་རིམ་འབྲོག་ཁུལ་དུ་བྱ་བ་བསྒྲུབས་ཏེ་ལོ་ངོ་དྲུག་ལྷག་འགོར་ན་ཡང༌། ང་ལ་ཕྱོགས་གང་ཐད་ནས་འབྲས་བུ་འདི་ཐོབ་ཡོད་ལ་ཡར་སྐྱེད་ཀན་འདྲ་འོངས་ཡོད་ཅེས་གླེང་རིན་རྩ་བ་ནས་མི་འདུག ནམ་རྒྱུན་སྡོམ་རྒྱ་འཐེན་འདྲའི་སྣེ་མང་འཛིངས་པའི་སྤྱི་ཚོགས་ཁྲོད་དུ་མགོ་འཁོར་ནས་མིག་སྔའི་ཁེ་ཕན་ཙག་ཙིག་གི་ཆེད་དུ་འདུར་གྱིན་བརྒྱུགས་ཤིང༌། དུས་ཚོད་ཕལ་ཆེ་བ་ཞིག་ལས་གྲོགས་བློ་མཐུན་ཚོ་དང་ལྷན་དུ་དམར་ལམ་ལམ་གྱི་ལྕགས་ཐབ་ཀྱི་མཐར་བསྐོར་ཏེ་ཇ་དྲོན་མོ་ངོམས་མེད་དུ་འཐུང་བཞིན་ཚགས་པར་ཕར་སློག་ཚུར་སློག་བྱེད་པའམ། ཡང་ན་མི་ཤེས་ཤེས་མདོག་གིས་རྒྱལ་ཁབ་ཕྱི་ནང་གི་དོན་དག་གླེངས་ཏེ་དུས་ཚོད་གསེར་འདྲ་བ་མང་བོ་ཆུད་ཟོས་སུ་བཏང༌། དེ་ཡང་གཙོ་བོ་བདག་ནི་འདོད་ཆུང་ཆོག་ཤེས་དང་བྲལ་ཅིང༌། ཁེངས་དྲེགས་ཆེ་བས་ལན་པ་ཡིན་ཏེ། གཞི་རིམ་དུ་ཡོན་ཏན་འདི་ཙམ་གྱིས་མི་ཆོག་རྒྱུ་ཅི་ཡོད་སྙམ་སྟེ་དཔེ་ཆ་ལྟ་རྒྱུ་རིང་དུ་བསྐྱུར་ནས་ཧ་ཅང་ཁོམ་སོང་བའི་ཚུལ་གྱིས་དེ་ལྟར་དུས་འདའ་བར་བྱས། ཡིན་ན་ཡང་འགྱུར་ལྡོག་སྐྱེན་པའི་ད་ལྟའི་དུས་རབས་འདིར་མཚོན་ན་ངའི་ཤེས་རྒྱ་ཡོན་ཏན་འདི་ཙམ་གྱིས་ག་ལ་ཆོག་སྟེ། དུས་རབས་ཉེར་གཅིག་པས་མི་རྣམས་ལ་བཏོན་པའི་རེ་བ་སྔར་ལས་མཐོ་ལ་བླང་བྱ་དེ་བས་མང་བ་དང༌། མཐར་གཏུགས་ན་ཕན་ཚུན་མཐོ་དམན་འབྱེད་པའི་འགྲན་རྩོད་ཀྱི་དུས་སྐབས་ཤིག་ཏུ་ཁེལ་ཡོད་པས། གལ་ཏེ་འདི་ལྟར་སོས་དལ་བག་ཕེབས་ངང་དུ་འདུག་རྒྱུ་མང་ན། མཐའ་མར་དུས་རབས་ཀྱི་སྙིགས་རོའི་ནང་དུ་མི་ལྷུང་བར་ཐེ་ཚོམ་ཅི། དེ་བས་ངས་སེམས་རྣལ་ལ་ཕབ་སྟེ་བསམ་བློ་གཏོང་ཐེངས་རེར་སྔངས་སྐྲག་གམ་འཚུབ་ཆ་ཞིག་ལངས་ཤིང༌། སྔོན་ཆད་དང་འདྲ་བར་བག་ཕེབས་ངང་དུ་འདུག་མི་བཟོད་པར་གྱུར། ད་ནི་རང་མགོ་རང་གིས་གཡོག་པའི་དུས་མིན་པའི་རྟོགས་སད་བྱུང་བ་དང་བསྟུན་ནས་དེ་སྔོན་དུས་ཚོད་མང་བོ་ཆུད་ཟོས་སུ་བཏང་བར་ནོངས་འགྱོད་གཏིང་ནས་སྐྱེས། དེ་ནས་བཟུང་ངས་རང་གིས་རང་ལ་བླང་བྱ་ནན་མོ་བཏོན་ཏེ་ཉིན་མཚན་སྦྲེལ་ནས་སློབ་སྦྱོང་ལ་འབད་འབུངས་བསྐྱེད་ཅིང༌། ལོ་གཅིག་རིང་ལ་དཀའ་སྤྱད་སྡུག་རུས་བྱས་མཐར་གཞི་ནས་སློབ་གླིང་ག་གེ་མོ་ཞིག་གིས་སྡུད་བཞིན་པའི་ཟབ་སྦྱོང་འཛིན་གྲྭར་རྒྱུགས་འཕྲོད་དེ་ཡང་བསྐྱར་སློབ་གཉེར་བྱེད་པའི་སྐལ་བ་མངོན་དུ་གྱུར།
ང་འགྲིམ་སའི་སློབ་གྲྭ་དེ་ནི་གྲོང་ཁྱེར་གྱི་ལྟེ་བྱ་དང་ཁད་ཉེ་ལ། ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པས“སྐྱེད་ཚལ་བཞིན་གྱི་སློབ་གླིང”ཞེས་འབོད་སྲོལ་ཡོད། སློབ་མ་ཡང་མི་གཉིས་རེ་ཉལ་ཁང་གཅིག་ཡིན་ཞིང༌། འཚོ་བ་གྲ་རྒྱས་ཤིང་ཕུན་སུམ་ཚོགས་པས་སྤྱིར་བཏང་གི་སློབ་གྲྭ་ཆེན་མོས་སློབ་གྲྭ་འདིའི་དོ་ཟླར་མི་འོང༌། འདི་རུ་སློབ་གཉེར་དུ་འོང་བའི་སློབ་མ་ཕལ་མོ་ཆེ་ནི་ལས་གནས་ཡོད་ཅིང་ཟླ་ཕོགས་ལེན་པའི་རྒྱལ་ཁབ་ཀྱི་ལས་བྱེད་ཏག་ཏག་རེད།
རྒྱལ་ཁབ་ཀྱི་ཟླ་ཕོགས་ཡོད་པའི་བཀའ་དྲིན་གྱིས་ང་ཚོ་འཛིན་གྲྭའི་སློབ་གྲོགས་དག་གིས་ལྟོ་ཟ་འཐུང་གི་རིན་པ་འབྱོར་མིན་ལ་སེམས་ཚེགས་བྱེད་མི་དགོས་ལ། རྒྱབ་ཀྱི་གོན་པ་ཡང་གཅིག་ལ་བལྟས་ན་གཅིག་མཆོར་བ་ལྟར་སྣང༌། ཁོ་ཚོའི་ལྟག་གར་ཤད་པའི་སྐྲ་ལོའི་སྟེང་སྣུམ་བྱུགས་པར་བརྟེན་འོད་ཀྲིག་ཀྲིག་བྱེད་པས་ལྟ་མཁན་གྱི་མིག་འཚེར་བ་དང༌། སྣང་བ་ཤིན་ཏུ་མཐོ་བས་ནམ་རྒྱུན་མགོ་བོ་བར་སྣང་དུ་བཏེག་སྟེ་འགྱིང་ངེར་འགྲོ་དུས་ངོ་མ་གཟི་བརྗིད་ཆེ་ལ་བལྟས་པ་ཙམ་གྱིས་མི་ལ་འཇིགས་འཇིགས་ཀྱི་སྣང་བ་འདྲ་ཞིག་ངང་གིས་སྟེར།
གཟའ་འཁོར་རེ་རེའི་ཕྱི་དྲོའི་དུས་སུ་སློབ་ཁྲིད་མེད་པས་ན་རང་སྦྱོང་གི་དུས་ཚོད་ཡིན་ལ། རང་སྦྱོང་ནི་ཉལ་ཁང་ངམ་སློབ་ཁང་གང་རུང་ནས་བྱེད་ཆོག་སྟབས། སློབ་གྲོགས་ཚོ་ཕྱི་ལ་འཁྱམས་ཏེ་གློག་བརྙན་ལ་ལྟ་བ་དང་ཟ་ཁང་སོགས་སུ་འཛུལ་ཏེ་མུན་རུབ་རག་བར་དུ་ཕྱིར་མི་འོང༌། སློབ་གྲོགས་ཚོ་ཕྱི་རུ་སོང་རྗེས་ཐོག་ཁང་ཡོངས་སུ་ལྷིང་འཇགས་སེར་གནས་ཐུབ་པས། དུས་སྐབས་འདི་དག་ལ་ད་གཟོད་བློ་རིག་གཅིག་ཏུ་བསྒྲིམས་ནས་དཔེ་ཆ་ལྟ་ཐུབ་ལ། སྨྱུ་གུ་བཟུང་སྟེ་ལས་བྱ་སོགས་ཀྱང་འབྲི་ཐུབ། ཡིན་ན་ཡང་འདི་འདྲའི་ལྷིང་འཇགས་ཀྱི་དུས་སྐབས་ཆེས་ཐུང་བས་ས་རུབ་ནས་འོངས་ཚེ་བདག་མགོ་ན་བའི་དོན་དག་ལ་རྒྱུན་པར་འཕྲད་པས་སེམས་མི་འཁྲུགས་ཀ་མེད་རེད། རྒྱལ་ཁབ་ཀྱི་ཕོགས་ལེན་པའི་སློབ་གྲོགས་འདི་ཚོའི་ཁུག་མའི་ནང་དུ་སྒོར་རྡོག་ཅུང་མོད་ལ། དེའི་ཁར་གཏོང་ཕོད་ཀྱང་ཆེ་བས་དགོང་མོ་སླེབས་ཐེངས་རེར་ཁོ་ཚོས་མ་བགྲོས་གཅིག་མཐུན་ངང་ཕྱི་ནས་ཐ་མག་དང་ཆང་ཉོས་འོངས་ཏེ་དགའ་དགའ་སྤྲོ་སྤྲོ་བྱེད་ངེས། ཚུལ་འདིར་བལྟས་ན་ཁོ་ཚོས་དོན་དག་རླབས་པོ་ཆེ་ཞིག་འགྲུབ་པར་དགའ་འཛོམ་རྟེན་འབྲེལ་ཞུ་བ་དང་མཚུངས། ཆང་འཐུང་བའི་ཐོག་མར་ཁོ་ཚོ་ཧ་ཅང་འགྲིག་ཅིང་མཐུན་པས“སྤུན་ཟླ་གཉིས་ཀ་བཟང”ཞེས་མཛུབ་གུ་འཕེན་པར་མ་ཟད་ཆང་ཕོར་ཡང་ཕན་ཚུན་ལ་གཏོད་པར་བྱེད། ཚད་ངེས་ཅན་ཞིག་ལ་བསླེབས་ཚེ་རང་བཞིན་གྱིས་གླུ་གར་ལ་རོལ་པས་མགྲིན་བཟང་ལྟར་སྟོང་སྟོང་སྒྱུར་བའི་གླུ་སྐད་དང་གཡག་རྒོད་ཀྱི་སུག་བཞི་ས་ལ་བརྡབས་འདྲའི་ལྡིག་སྒྲ་བཅས་བསྟུད་མར་གྲགས་འོང༌། ར་བཟི་བའི་མཚམས་སུ་རིམ་བཞིན་ཕན་ཚུན་མཐོང་ན་མིག་གི་ཚེར་མར་གྱུར་ཏེ་མི་འདོད་པའི་ཚིག་རྩོད་སློང་བར་བྱེད་ལ། ཁྲག་རྩ་ཇེ་སྦོམ་དང་ངར་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས་དཔུང་གཏུག་རྒྱག་རེས་བྱེད་པས་མཐའ་མར་སྔར་གྱི་རྩེ་ར་སྐྱིད་པོ་དེ་འཐབ་རར་གྱུར་དེ་ཨག་སྒྲ་དང་ཆོམ་སྒྲ། ཁྲོག་སྒྲ་བཅས་གཞི་གཅིག་ཏུ་མཆེད་ནས་བར་ཁྱམས་ཧྲིལ་བོ་འུར་འུར་ཟིང་ཟིང་གིས་ཁེངས་ཤིང༌། ཐོག་ཁང་ཡང་ཡོམ་ཡོམ་དུ་འགུལ་བའི་འཇིགས་སྣང་ཞིག་ངང་གིས་སྟེར་བས། གལ་ཏེ་སྙིང་ཁམས་མི་བདེ་བ་ཞིག་གནས་འདིར་ཡོད་ཚེ་སྙིང་རོ་དེ་མ་ཉིད་དུ་འཕར་བར་གདོན་མི་ཟའོ།།ང་འདུག་སའི་ཉལ་ཁང་ཏག་ཏག་ལ་ཁོ་ཚོའི་ཉལ་ཁང་གི་ཁ་གཏད་དུ་ཡོད་པས། ནམ་རྒྱུན་འདི་ལྟར་གཉིད་ལས་
དཀྲོགས་ཏེ་དགོང་མོར་ངལ་གསོ་བཟང་བོ་ཞིག་བྱ་ཐབས་བྲལ། ངས་གནས་ཚུལ་ཇི་བཞིན་དུ་དགེ་རྒན་ལ་ཞུས་ཏེ་ཉལ་ཁང་བརྗེ་སྤོར་གྱི་རེ་བ་བཏོན་པ་ལ། འཛིན་གྲྭའི་གཙོ་སྐྱོང་དགེ་རྒན་གྱིས་ཀྱང་ང་ལ་ཁག་མི་འདུག་པ་ཤེས་ཤིང་གནས་ཚུལ་འདིར་དམིགས་ཏེ་མིང་ལ་མི་འགྱུར་ཟེར་བའི་སློབ་གྲོགས་དེ་དང་ལྷན་སྡོད་བྱེད་དུ་བཅུག
མི་འགྱུར་ཡང་ང་དང་འདྲ་བར་འབྲོག་ཁུལ་ནས་འོངས་པ་ཡིན་ལ། ཁོ་སྐྱེ་སའི་ཕ་ཡུལ་ཡང་འབྲོག་པའི་རྩྭ་ཐང་རེད།
ང་ཚོས་སློབ་ཁང་གཅིག་ཏུ་སློབ་སྦྱོང་བྱེད་ཀྱིན་ཡོད་ན་ཡང་ཁོ་ནི་སྨྲ་བ་ཉུང་ལ་ཁ་བརྡར་དེ་འདྲ་མི་དགའ་བས། མཐོང་ས་ཕྲད་ས་ནས་ཁ་རེ་གྲག་པ་ཙམ་ལས་དེ་སྔར་སེམས་རྣལ་ལ་ཕབ་ནས་ཁ་བརྡ་བྱས་མ་མྱོང༌། ཁོའི་སྐམ་ཞིང་རིད་པའི་ལུས་ལ་ནམ་རྒྱུན་མདོག་ཡལ་ལ་ཉེ་བའི་ལྭ་བ་ཞིག་གྱོན་ཡོད་པའི་ཁར་མགོ་སྐྲ་བཞག་པའང་ཧ་ཅང་ཐུང༌། ངའི་སེམས་སུ་འདི་འདྲའི་ཁ་གྲག་རྒྱུར་མི་དགའ་བའི་མི་ཞིག་དང་མཉམ་དུ་འདུག་དགོས་ཚེ་ལོ་གཉིས་ཇི་ལྟར་འཕུད་ཨང་སྙམ་པ་བྱུང་ན་ཡང༌། ཁོས་ཆང་འཐུང་གིན་མེད་པ་དེ་ཤེས་པས་སེམས་ལ་དགའ་བ་ཅུང་སྐྱེས། སློབ་གྲོགས་གཞན་གྱི་ཁ་ནས་ཐོས་ཚུལ་ལྟར་ན་མི་འགྱུར་ནི་རྒྱལ་ཁབ་ཀྱི་ལས་བྱེད་ཅིག་ཡིན་ན་ཡང༌། དུད་ཆང་གཉིས་ཀ་མི་སྤྱོད་པས་ས་དེ་གར་ཁོ་ལ“ཨ་ཁུ鉋ཞེས་བཏགས་ཡོད་ཟེར། སྐད་ཆ་འདི་དངོས་གནས་བདེན་ཤས་ཆེ་སྟེ། སློབ་གྲྭ་ཚོགས་ཏེ་ཟླ་གསུམ་ཙམ་འདས་ན་ཡང་ཁོས་ཆང་འཐུང་བ་དང་ཐ་མག་ལ་མེ་བསྒོས་པ་ཞིག་ངས་ཁྲ་ཆུང་མིག་གིས་མ་མཐོང་ལ། ཁོ་ལ“ཨ་ཁུ鉋ཞེས་འབོད་པ་དར་ལུང་རྣ་བས་དངོས་སུ་ཐོས་མྱོང༌། ས་ཆ་ལ་ལར་ལས་བྱེད་པ་ཞིག་ལ“ཨ་ཁུ”ཞེས་འདོགས་པ་ནི་སེར་སྣ་ཆེ་བའི་དོན་ལ་འཇུག་ན་ཡང༌། མི་འགྱུར་གྱིས་དེ་ལ་ཅི་མི་སྙམ་ཞིང་སྣང་དོགས་སྤུ་ཙམ་ཡང་མི་བྱེད་དེ། དོན་དམ་པར་དེ་ནི་རང་མཚང་ཞིག་ཏུ་མི་འགྲོ་བར་འཁུམས་པ་འདྲ།
ངེད་གཉིས་མལ་ཁང་གཅིག་ཏུ་བསྡད་པའི་མཚན་མོ་དེར། ངས་ཁོ་ལ་རྒྱ་སྐད་ཀྱིས་འདྲི་ཚིག་ཅིག་དྲིས་པ་ལ། ཁོས་མི་དགའ་བའི་ཉམས་ཀྱིས“ང་ཡང་བོད་ཡིན་པས་ཁྱོད་ཀྱིས་ང་ལ་བོད་སྐད་ཀྱིས་བཤད་ཆོག”ཟེར་བ་དང༌། ཡང་ཅུང་ཙམ་ནས་དོགས་མ་བདེ་བའི་ཉམས་ཀྱིས“ཁྱོད་བོད་སྐད་བོད་ཡིག་ཤེས་མཁན་ཞིག་ཡིན་པས་ང་ལ་རྒྱ་སྐད་ཀྱིས་བཤད་འོང་བ་ངོ་མ་ཡིད་ལ་ཤོང་དཀའ། ཁྱོད་ཀྱིས་ལྟོས་དང༌། གྲོང་ཁྱེར་གྱི་བོད་མི་མ་ཟད་རོང་འབྲོག་ཁུལ་གྱི་ས་ཆ་ཁ་ཤས་ན་ཡང་བོད་མི་ཚོས་བོད་ཡིག་མི་འཁོལ་བོད་སྐད་མི་འཆད་པར་འདུག ངས་བལྟས་ན་བོད་རང་ལ་འཛོམས་པ་ཞིག་གཞན་ལ་བརྟེན་དགོས་དོན་མི་འདུག་སྙམ། 鉋ཚིག་འདི་དག་ཐད་ཀར་ངའི་མཚང་ལ་ཕོག་པས། དུས་རྒྱུན་གཞན་རྗེས་འབྲང་བཞིན་རྒྱ་སྐད་ད་མ་དིག་སྨྲ་བར་དགའ་བའི་ང་ནི་དེ་མ་ཉིད་དུ་ཁ་སྐྱེངས་དེ་གདོང་ཡོངས་ཚ་ལམ་མེར་གྱུར།
གང་ལྟར་སློབ་གྲོགས་གཞན་རྣམས་ལ་དུས་ཚོད་ལྷག་མ་མང་སྟེ། ཉི་མ་རེ་རེ་ཇི་ལྟར་འཁྱོལ་བར་སེམས་འཚིག་ཅིང་མགོ་ན་སྐབས། མི་འགྱུར་ལ་དུས་ཚོད་གཏན་ནས་འདང་གིན་མེད་པ་འདྲ་སྟེ། ཁོས་བསླབ་གཞིའི་ལས་བྱ་ལེགས་པར་བསྒྲུབས་རྗེས། ངལ་གསོའི་དུས་ཚོད་བེད་སྤྱད་དེ་སློབ་གྲྭ་གཞན་དུ་དབྱིན་ཡིག་དང་རྩིས་འཁོར་གྱི་སློབ་ཁྲིད་ལ་མཉན་དུ་འགྲོ་བཞིན་ཡོད། ཁོས་གཉིད་ཆག་ཟས་བརྗེད་ངང་བསླབ་ལ་བརྩོན་པའི་ཚུལ་དེ་མཐོང་བར་བརྟེན། ངས་སེམས་ཀྱིས་མ་བཟོད་པར་ཤ་ཚ་བའི་ཚུལ་དུ“ཁྱོད་ཀྱིས་དེ་འདྲ་དཀའ་ཚེགས་མྱངས་ཏེ་ཅི་བྱེད། ལོ་གཉིས་ཀྱི་རིང་ལ་སློབ་ཆེན་གྱི་དཔང་ཡིག་ལོན་ཐུབ་སོང་ན་དེ་རེད”ཅེས་ཅི་མི་སྙམ་པའི་ངང་དུ་སྨྲས་པ་ན། མི་འགྱུར་གྱིས་སྨིན་མ་བསྡུས་ཏེ“རེད་ཡ། ང་ཚོའི་དམིགས་ཡུལ་གཙོ་བོ་སློབ་ཆེན་གྱི་དཔང་ཡིག་ལེན་རྒྱུ་དེ་ཡིན་མོད། ཡིན་ན་ཡང་ཁྱོད་ཀྱིས་ལྟོས་དང༌། སྤྱི་ཚོགས་སྤྱིའི་ལས་བགོས་ཇེ་ཞིབ་ནས་ཇེ་ཞིབ་ཏུ་འགྲོ་བའི་སྒང་འདིར་ཤེས་བྱ་མང་ཙམ་སྦྱངས་ཏེ་རང་ལ་ཁྱད་ནུས་ཅིག་མ་ལྡན་ན་ལས་གནས་ནས་འཕུད་པའི་ཉེན་ཁ་མི་ཆེའམ། ངས་བསམས་ན་ཁྱོད་ཀྱང་འདི་ལྟར་སོས་དལ་ངང་སྡོད་པ་ལས་འདི་དག་སྦྱངས་ན་བཟང”ཞེས་ལབ་བྱུང་བས་ངས་མི་འདོད་བཞིན་དུ“ཁྱོད་འགྲིག་འདུག ཁྱོད་བདེན་འདུག”ཅེས་ལན་བཏབ་ན་ཡང༌། སེམས་སུ་ཁྱོད་ཀྱིས་དེ་ལྟར་སེམས་ཁྲལ་བྱེད་པ་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་འབའ་ཞིག་རེད། ངས་ནི་ཁྱོད་ལྟར་སྡུག་ཐང་ནས་བླངས་ཏེ་ཕྲག་པར་འཁུར་མི་འདོད་སྙམ་སྟེ་རང་གིས་རང་ལ་བདེན་ཁ་བྱིན་ཏེ་ཁོང་དགོད་བྱས།
མ་གསང་དྲང་བོར་བཤད་ན། ང་ནི་དུད་ཆང་གང་གིས་ཀྱང་མ་གོས་པའི་སྐྱེ་བོ་ཡ་རབས་ཞིག་གཏན་ནས་མིན། སྔོན་ཆད་ཐ་མག་སྤྱོད་མ་མྱོང་བ་མ་གཏོགས་ཆང་ནི་ལན་འགར་འཐུངས་མྱོང་སྟེ། ལས་ཁུངས་སུ་ཡོད་དུས་ལས་རོགས་བློ་མཐུན་ཚོ་དང་མཉམ་དུ་ཤ་ཟ་ཞོར་དུ་ཆང་འཐུང་ལ། བཟི་ནས་འདམ་དུ་གྱུར་པའང་ཐེངས་གཅིག་མིན། ད་ལྟ་སློབ་གྲོགས་ཚོས་ཉེ་ས་ནས་འདི་ལྟར་འུར་རྒྱག་བཞིན་ཆང་འཐུངས་ཚེ་ལན་རེར་ངའི་མིད་པའི་ནང་དུའང་རང་དབང་མེད་པར་ཟ་འཕྲུག་ལངས་འོང་གི།
ཐེངས་ཤིག་ངས་མི་འགྱུར་ལ་ཀུ་རེ་འདྲེས་མའི་ཚུལ་དུ“ཁོ་རེ། དེ་རིང་འུ་གཉིས་ཀྱིས་དཔེ་ཆ་བལྟ་རྒྱུ་བསྐྱུར་ཏེ་ཁ་བརྡ་བྱེད་བཞིན་ཆང་རེ་འཐུང་ན་ག་འདྲ་རེད། ཁྱོད་ཀྱིས་ཆང་མི་འཐུང་བའི་སྡོམ་པ་བླངས་ཨེ་ཡོད”ཅེས་དྲིས་པ་ན།
ཁོ་དགོད་བཞིན་དུ“ཚང་མས་ང་ལ་ཨ་ཁུ་ཞེས་འབོད་བཞིན་པས་ངས་ཀྱང་སྡོམ་པ་སྲུང་ན་འགྲིག ཨ་ལ་ཀུ་རེ་ཡིན། དྲང་མོར་བཤད་ན་ངས་ཆུང་དུས་ནས་ཆང་མ་འཐུངས་པ་མ་གཏོགས་ཆང་མི་འཐུང་ཞེས་དམ་བཅས་མེད། གཙོ་བོ་རང་ཉིད་ཀྱིས་འཐུང་མ་འདོད་པ་ཁོ་ནས་ཡིན”ཟེར། ཡུད་ཙམ་ནས་ཁོས་སླར་ཡང“ཁྱོད་ལ་ཆང་འཐུང་འདོད་ཡོད་ན་འུ་གཉིས་སྒོ་རུ་འགྲོ། འོན་ཀྱང་ངས་ཁྱོད་ལ་འཐུང་རོགས་བྱ་མི་ཐུབ། དེར་ཁྱོད་དགོངས་པ་མི་ཚོམ་པར་ཞུ། འགྲོ། དེ་རིང་ངས་ཁྱོད་ལ་མགྲོན་བྱེད鉋ཟེར། ངེད་གཉིས་སློབ་གྲྭའི་སྒོ་ཁ་ན་ཡོད་པའི་ཟ་ཁང་དེའི་ནང་དུ་སོང་ཞིང༌། ཁོས་ང་ལ་ཚོད་མ་རིགས་མི་གཅིག་པ་ལྔ་ཙམ་བརྔོ་རུ་བཅུག་སྟེ་མགྲོན་རྩིས་བཏོད་པར་མ་ཟད་ཆང་ཡང་དྲངས་འོངས། མི་འགྱུར་གྱིས་ལྦུ་ཆང་གི་ཚབ་ཏུ་བཏུང་བ་གཞན་ཞིག་འཐུང་བཞིན“དེ་རིང་ཁྱོད་ཀྱིས་ལྦུ་ཆང་ཡིད་ཚིམས་པ་ཞིག་ཐུངས། སང་ཉིན་ནས་བཟུང་ཁྱོད་ཀྱིས་འཐུང་འདོད་ཀྱང་ངས་ཁྱོད་ལ་འཐུང་དུ་མི་འཇུག ཁྱོད་མི་དགའ་ན་ཡང་དེ་བཞིན་ཡིན”ཞེས་གཟབ་ནན་སྒོས་བཤད་བྱུང་ལ་ཡུད་ཙམ་འགོར་རྗེས་ཡང་སེམས་ཕམ་པའི་ངང“ངས་འུ་ཅག་བོད་འདི་ཆང་གིས་བརླགས་པ་རེད་ཅེས་བཤད་དཀའ་ཡང༌། ན་གཞོན་མང་བོ་ཞིག་སྔ་མོ་ནས་ཆང་འཐུངས་ཏེ་རླག་བཞིན་པ་མཐོང་ཚེ་ངོ་མ་སེམས་སྐྱོ་བ་ཞིག་རེད།
ངའི་རེ་བ་ཡིན་ན་ཁྱོད་ཀྱིས་གཞན་གྱི་ལད་མོ་བྱས་ཏེ་ཆང་མ་འཐུང༌། ང་ལྟ་བུ་ཞིག་གིས་འདི་ལྟར་བཤད་ན་མི་འོས་ཀྱང༌།
སློབ་གྲོགས་ཤིག་གི་ཆ་ནས་རེ་བ་བཏོན་པ་ཙམ་ཡིན”ཟེར། དེ་ནས་བཟུང་ངས་མི་འགྱུར་གྱི་མདུན་ནས་ཆང་འཐུང་ཞེས་གླེང་མི་ཕོད་པར་གྱུར་མོད་ལྐོག་ཏུ་འཐུངས་པ་ཡིན།
སློབ་གྲོགས་ཆང་འཐུང་ཚོགས་པའི་གྲས་སུ་ངེད་གཉིས་སོང་མ་མྱོང་ལ། ཁོ་ཚོས་ཀྱང་ངེད་གཉིས་ལ་སློབ་གྲོགས་ཀྱི་འདང་མི་འདུག་ཅེས་རྒྱང་བཀྱེད་བྱུང༌། ཡིན་ན་ཡང་ཁོ་ཚོ་ར་བཟི་ཐེངས་རེར་ངེད་གཉིས་ཀྱི་མལ་ཁང་གི་སྒོ་ལ་རྡོག་པས་གཞུ་བའམ་བཙན་ཚུགས་ཀྱིས་ཕྱེས་འོངས་ཏེ་མི་འདོད་པའི་སྐད་ཆ་སྣ་ཚོགས་ལབ་པར་བྱེད། དགོང་མོ་ཞིག་ལ་ངེད་གཉིས་ཀྱིས་མལ་ཁང་དུ་དཔེ་ཆར་ལྟ་བཞིན་པའི་སྐབས་སུ། གློ་བུར་དུ་སྒོ་ཁྲོག་གེར་ཕྱེས་པ་དང་མཉམ་དུ་སློབ་གྲོགས་ཤིག་འཁྱར་འཁྱོར་ངང་ནང་དུ་ཐོན་ཏེ་ཆང་སྐེད་ཙམ་ཡོད་པའི་དམ་བེ་དེ་མགོ་རུ་གཡོན་ཙམ་བྱས་རྗེས། དམར་པོར་གྱུར་པའི་མིག་གིས་ངེད་གཉིས་ལ་ལྟ་བཞིན“ཨུན་ཨུན། འདི་གཉིས་ནན་ཏན་ཆེ་རབས་ལ་ལྟོས་དང༌། སྦྱང་རྒྱུ་མེད་ན་སྦྱོང་ཁུལ་བྱེད་པས་དགོད་བྲོ་བ་ལ鉋ཞེས་ཟེར་བ་དང༌། དེར་མཐུད་ནས“སུ་ཞིག་གིས་ཁྱོད་གཉིས་ལྟར་དཔེ་ཆར་ལྟའམ། སློབ་ཆེན་གྱི་དཔང་ཡིག་ལེན་རྒྱུ་ཧ་ཅང་སླ་མོ་རེད། གྲོང་ཁྱེར་འདིར་ཡོང་ཡོང་ལ་ཡིད་ཚིམས་པ་ཞིག་རྩེ་དགོས། འུ་ཅག་འབྲོག་ཁུལ་ན་འདི་འདྲའི་རྩེ་ས་གང་ན་ཡོད། སྐྱེས་ཕོ་རབ་ཅིག་ཡིན་ན་ཆང་འཐུང་དགོས། དུ་བ་རྔུབ་དགོས། བུ་མོར་རྩེ་དགོས། ཁྱོད་གཉིས་ལྟ་བུ་ཞིག་ཡིན་ན་ག་ལ་འགྲིག”ཅེས་ངའོ་སྙམ་པའི་ང་རྒྱལ་དང་བཅས་སྨྲས་བྱུང༌། ངེད་གཉིས་ཀྱིས་སྔར་བཞིན་མགོ་བསྒུར་ཏེ་དཔེ་ཆར་ལྟ་བ་ལས་ཁོས་ཅི་བཤད་ལ་ཁ་ཡ་མ་བྱས་སྟབས། ཁོ་ཁོང་ཁྲོ་སྐྱེ་བཞིན་ཡར་ལངས་ཏེ“ཧུན། ཁྱོད་གཉིས་ལ་སྙིང་བོ་མི་འདུག འགྲོ་རྒྱུ་ཡིན鉋ཞེས་བཤད་རྗེས་སྒོ་ཤེད་ཀྱིས་བརྒྱངས་ཏེ་བུད་སོང༌། མི་འགྱུར་གྱིས་སྒོ་གཏན་རྗེས་མགོ་བོ་གཡུག་གཡུག་བྱེད་བཞིན་ཤུགས་རིང་ནར་ནར་བ་ཞིག་ཕྱུང་ནས་བསྡད།
ངས་ནམ་ཡང་བརྗེད་དུ་མེད་པ་ནི་སློབ་ཁྲིད་ཀྱི་སྐབས་དེ་དག་རེད། སློབ་ཁྲིད་ཀྱི་སྔོན་དུ་དགེ་རྒན་ཚོར་སློབ་མ་རྣམས་ལ་དྲི་བ་འདོན་པའི་གོམས་སྲོལ་ཞིག་ཆགས་ཡོད། དུས་རྒྱུན་སྐད་ཆ་སྦོམ་པོ་ལབ་ཅིང་ཁ་བདེ་ལྕེ་བདེ་ཡིན་པར་རློམ་པའི་སློབ་གྲོགས་དེ་ཚོ་འདྲི་གཞི་འདོན་པར་སྐྲག་སྟེ་དགེ་རྒན་གྱི་གདོང་ལ་མི་ལྟ་བར་མགོ་བོ་སྨད་དེ་འདུག གལ་ཏེ་དགེ་རྒན་གྱིས་དངོས་སུ་འདྲི་ཚིག་འདྲ་དྲངས་ན་ཁོ་ཚོ་རྟབ་རྟབ་པོར་གྱུར་ཏེ་ཁ་ནས་ངག་མི་ཐོན་ལ། ལན་གདབ་རྒྱུ་མ་རྙེད་སྟབས་མགོ་བོར་འཕྲུག་འཕྲུག་བྱེད་ཅིང༌། ཁ་སྐྱེངས་ཏེ་ངོ་གདོང་སྤྲེའུ་འཕོངས་ཤ་ལྟར་དམར་ལོག་གེར་འགྱུར། སྐབས་དེ་ལྟ་བུར་ཁོ་ཚོའི“སྐྱེས་ཕོ་རབ”ཀྱི་གཟི་མདངས་ཉམས་ཏེ་ཉམ་ཆུང་ནུས་མེད་ཀྱི་བུ་མོ་ཞིག་ལའང་མི་དོ་བས་ཚུགས་ཀར་བལྟས་ན་ངོ་མ་ཉམ་ང་ཞིང་སྙིང་རྗེ་བ་ཞིག་ཏུ་འདུག ཡིན་ན་ཡང་ནམ་རྒྱུན་སྨྲ་བ་ཉུང་བའི་མི་འགྱུར་གྱིས་དྲི་བ་རེ་རེར་རྐ་ཆུ་བཞུར་བ་ལྟ་བུའི་ལན་རྣལ་མ་འདེབས་པ་དང༌། ཁོའི་སྨྲ་བརྗོད་དག་ལ་བྱང་ཆ་དོད་པས་རྒྱ་རིགས་སོགས་མི་རིགས་བཞི་འདུས་པའི་འཛིན་གྲྭ་དེའི་ནང་དུ་མི་འགྱུར་ནི་དེ་འདྲར་གཟེངས་སུ་ཐོན་པས། ང་ནི་ཁོ་ལ་ཡིད་སྨོན་ཚད་མེད་ཅིག་སྐྱེས་ལ་སེམས་ཁོང་ནས་ཁོའི་རྒྱལ་ཁ་ལ་ཐལ་མོ་བརྡབ་འདོད་བྱུང༌།
དུས་ཚོད་ནི་ཅི་འདྲའི་མགྱོགས་པ་ལ་ཨང༌། སེ་གོལ་གཏོགས་པའི་ཡུན་ལ་ལོ་ངོ་གཉིས་ཀྱི་དུས་ཡུན་ནི་ཆུ་བོའི་འགྲོས་ལྟར་འདས་སོང༌། ང་ལ་མཚོན་ན་ལོ་གཉིས་པོ་འདི་གཉིད་མ་སད་དུ་ཡལ་སོང་བ་དང་འདྲ། གང་ལྟར་རང་སེམས་གསོ་བྱེད་དང་གཞན་མགོ་གཡོག་བྱེད། ཟླ་ཕོགས་སྣོན་བྱེད་ཀྱི་སློབ་ཆེན་དཔང་ཡིག་འདི་བདེ་བླག་ཏུ་ལོན་པས་མི་འགྱུར་ངེད་གཉིས་ཀྱིས་ཕན་ཚུན་ལ་དགའ་སྟོན་རྟེན་འབྲེལ་ཞུས། མཐར་ཕྱིན་ཁའི་མཇུག་མཐའི་ཉིན་མོ་དེར་མི་འགྱུར་གྱིས་ཉེ་ཆར་བརྡབས་པའི་འདྲ་པར་ཞིག་ངའི་དྲན་རྟེན་དུ་བྱིན་ཅིང༌། ང་ལམ་དུ་ཆས་པར་ཆེད་དུ་རླངས་འཁོར་ས་ཚིགས་བར་དུ་སྐྱེལ་མར་འོངས། གྱེས་ཁ་མ་དེར་ཁོས་ངའི་ལག་པར་དམ་པོར་འཇུས་ཏེ་ལས་ཁུངས་སུ་ཐོན་རྗེས་ཡི་གེ་རེ་བསྐུར་རྒྱུ་མ་བརྗེད། བྱ་བའི་ཐོག་ནས་མུ་མཐུད་དུ་ཧུར་བརྩོན་བྱོས་ཞེས་ཡང་ཡང་བཤད་བྱུང༌།
ང་ལས་ཁུངས་སུ་འབྱོར་ཏེ་ཟླ་འགའ་འགོར་སོང༌། ལས་ཁུངས་ཀྱི་རྣམ་པར་འགྱུར་བ་ཅི་ཡང་མེད་པར་སྔོན་ཆད་ལྟར་གནས་འདུག་སྟེ། ཉིན་རེར་འགྲོ་ཐབས་འདུག་ཐབས་ཀྱིས་བྱ་བ་སྒྲུབ་རྒྱུ་དེ་ཁོ་ན་རེད། ངས་སློབ་གྲོགས་མི་འགྱུར་ལ་ལས་ཁུངས་སུ་འཁོར་རྗེས་མྱུར་ཏུ་ཡི་གེ་ཞིག་བསྐུར་ངེས་ཞེས་ཁས་བླངས་ཡོད་མོད། རྣམ་གཡེང་ལ་གོམས་པས་ད་རེག་བར་དུ་ཡི་གེ་ཐུང་ཐུང་ཞིག་ཀྱང་བསྐུར་མ་ཐུབ། ཡིན་ན་ཡང་ཁོའི་སྐམ་རིད་ཀྱི་ལུས་གཟུགས་དེ་རྟག་པར་ངའི་མིག་ལམ་དུ་འཆར་གྱིན་ཡོད་ལ། ཁོས་བཤད་པའི་སྐད་ཆ་མཐའ་དག་ཀྱང་ཅོང་བརྡ་ཞིག་དང་འདྲ་བར་ངའི་རྣ་ལམ་དུ་རྒྱུ་འོང༌།
ད་ལྟ་ངས་མདུན་ཅོག་སྟེང་གི་སྟར་དུ་བསྒྲིགས་པའི་དཔེ་དེབ་ཀྱི་མདུན་དུ་ཁོའི་འདྲ་པར་དེ་བཤམས་ཡོད་ལ། འདྲ་པར་དེ་མཐོང་ཐེངས་རེར་ཁོས་ང་ལ“མུ་མཐུད་དུ་ཧུར་བརྩོན་བྱོས་ཤིག”ཅེས་སྐུལ་མ་བྱེད་པ་དང་འདྲ་བས། ང་ནི་མི་འགྱུར་དང་མཉམ་དུ་ཡོད་པའི་དུས་སྐབས་དང་འདྲ་བར་ཡིད་སེམས་ཧྲིལ་བོ་སྟོབས་ཤུགས་ཤིག་གི་ཁེངས་འོང་ལ། བྲང་ཁར་བཏགས་པའི་སྨྱུ་གུ་བླངས་ཏེ་ཁོ་ལ་འཕྲིན་ཡིག་འབྲི་མགོ་བརྩམས……

བརྒྱུད་སྐུལ།

མཆན་སྤེལ།