༄༅། །ལ་སྟོད་བྱང་ངམ་རིངས་སུ་བོ་དོང་པཎ་ཆེན་དང་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོ་རྣམ་གཉིས་རྩོད་པ་མཛད་ཚུལ་གྱི་སྐོར་རྣམ་ཐར་དུ་གསལ་བའི་རྩོད་ཡིག་ལས་ཟུར་འཁོལ་དུ་ཕྱུངས་པ་བཞུགས་སོ། །
བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། འཁྲུངས་འདས། (1376–1451)
མཁས་གྲུབ་དགེ་ལེགས་དཔལ་བཟང་། འཁྲུངས་འདས། (1385–1438)
རྩོད་པ་མཛད་ཡུལ། ལ་སྟོད་བྱང་ངམ་རིངས་ཆོས་སྡེ་ཆེན་པོ།
རྩོད་པ་མཛད་པའི་དུས་ཚོད། (སྤྱི་ལོ་1400) ལོ།
སྐབས་དེ་དུས་ཁོང་རྣམ་གཉིས་ཀྱི་དགུང་གྲངས། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དགུང་ལོ་25
མཁས་གྲུབ་དགེ་ལེགས་དཔལ་བཟང་དགུང་ལོ་16
རྩོད་པའི་ནང་དོན། ཚད་མ་རིག་པ།
(བོ་དོང་པཎ་ཆེན་སྐུ་འཚོ་བཞུགས་སྐབས་སུ་བུ་ངག་གི་དབང་ཕྱུག་གིས་མཛད་པའི་རྣམ་ཐར་འོད་ཟེར་དཀར་པོའི་འཕྲེང་བ་ལས།)
དེ་ནས་རྟོག་གེའི་ཐ་སྙད་ལ་མཁས་པའི་རིགས་པ་སྨྲ་བ་ཆེན་པོ་དགེ་ལེགས་དཔལ་བཟང་པོ་ལ་སོགས་པ་རྟོགས་པའི་ང་རོས་ས་ཆེན་པོ་འདི་འགེམས་པ་ཙམ་གྱིས་རིགས་སྨྲ་དུ་མ་ཕྱོགས་གཅིག་ཏུ་ལྷགས་ཏེ་རྗེ་རིན་པོ་ཆེ་ཉིད་ལ་རྩོད་པ་བྱས་པ་ན། དཔལ་ངམ་རིངས་ཀྱི་རྒྱལ་པོའི་ཕོ་བྲང་དུ་རིགས་སྨྲ་བ་དུ་མའི་དབུས་སུ་རྗེ་རིན་པོ་ཆེ་ཉིད་དར་ཟབ་ཀྱི་ཁྲི་ཆེན་པོ་མངོན་པར་བཤམས་པ་ལ་བཞུགས་ནས་རྒྱལ་ཕམ་ཤན་འགྱེད་ཀྱི་དཔང་པོ་དུ་མ་གཞག་པར་བྱས་ཏེ། ཡུལ་དེ་ཡི་རྒྱལ་པོ་འཁོར་དང་བཅས་པ་ཉེ་བར་ལྷགས་པ་ན། རིགས་པ་སྨྲ་བ་གཞན་རྣམས་སོ་སོར་འཁོད་དེ། དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་རིགས་པ་སྨྲ་བ་རྗེ་ཉིད་ཀྱི་མདུན་དུ་འོངས་ནས་ཆེས་ཕྲ་ཞིང་རྟོགས་པར་དཀའ་བའི་རིགས་པའི་ལམ་མི་འདྲ་བ་སྐྲ་ཤད་འཛིངས་པ་ལྟ་བུ་ལ་དྲིས་པ་ན། བདག་ཉིད་ཆེན་པོ་ཕྱོགས་གླང་ཡབ་སྲས་ཀྱི་བཞེད་པ་དེ་དག་གི་རྗེས་སུ་བྱུང་བའི་འཕགས་ཡུལ་བ་དང་། བོད་ཀྱི་རྒད་པོ་རྣམས་ཀྱིས་ཀྱང་མ་ཤེས་པར་འཁོར་བའི་རིག་ཚུལ་དེ་དག །བདག་ཉིད་ཆེན་པོ་འདིས་ཆེས་གསལ་ཞིང་འཁྲུལ་པ་མེད་པའི་ལེགས་བཤད་བསྟན་པ་ན། ཕྱིར་རྒོལ་དེ་དག་ཀྱང་། སྨྲ་བའི་ང་རྒྱལ་གྱི་རྟོགས་པ་ཞུམ་པར་གྱུར་ལ། སྔོན་མེད་པའི་ལེགས་བཤད་མཐོང་བས། རང་གི་གནས་དབེན་པར་སླེབ་པ་ན་བདག་ཉིད་ཆེན་པོ་འདི་ཡི་རིགས་པའི་ལམ་དྲན་པའི་ཚེ་ངོ་མཚར་བ་དང་དད་པའི་སེམས་ཀྱིས་རྒྱུད་མངོན་པར་གང་ཞིང་རིག་ལ། རང་ཉིད་ཀྱི་ཉམས་སུ་མྱོང་ནས་གཞན་ལ་གསལ་བར་སྟོན་པའི་ཤིང་རྟ་ཆེན་པོ་འདི་ནི་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པ་ཉིད་དང་ཁྱད་པར་མ་མཆིས་སོ། །ཞེས་གཏམ་དུ་གླེང་བར་བྱེད་ལ་ཐལ་འགྱུར་གྱི་འཕེན་ལེན་མང་དུ་བྱུང་བ་ལ། ཕྱིར་རྒོལ་གྱི་སུན་འབྱིན་བཟང་ཤོས་ནི། མདོ་སྡེ་པའི་གྲུབ་མཐའི་མཐར་ཐུག་པར་དོན་དུས་ན། དོན་སྐད་གཅིག་མ་དང་། བློ་དུས་ན་བློ་སྐད་གཅིག་མ་གྲུབ་ཀྱི། ཆོས་གཞན་བརྗོད་བྱ་རྗོད་བྱེད་དང་འགལ་འབྲེལ་ལ་སོགས་ཐམས་ཅད་སྒྲོ་བཏགས་ཙམ་དུ་ཟད་ཀྱིས། མ་གྲུབ་པར་འདོད་པ་ལ། དོན་སྐད་ཅིག་མ་ལྟ་བུ་དེ། དངོས་པོར་འདོད་ཅིང་འབྲེལ་པ་སྒྲོ་བཏགས་སུ་བཞག་པ་ན་དེ་རྒྱུ་མེད་དུ་འགྱུར་བས་གྲུབ་མཐའི་ནང་འགལ་ཡོད་ལ་རྗེ་ཉིད་ཀྱིས་དེ་ནང་འགལ་དུ་བཤད་ཟིན་ཀྱང་། གཞན་གྱི་ངོར་ཕྱིར་རྒོལ་རང་གི་མཐོང་བའི་སུན་འབྱིན་དུ་བྱས་ནས་ཅ་ཅོ་འདོན་པར་བྱེད་པ་ཙམ་མ་གཏོགས། སྔར་སུན་འབྱིན་པར་ནུས་པའི་ཐལ་བ་ཡང་དག་འཕེན་པའི་སྤོབས་པ་མེད་པར་གྱུར་ཏོ། །རྗེ་ཉིད་ཀྱི་ཐལ་འགྱུར་རྡོ་རྗེའི་ཐོག་དང་འདྲ་བ་འཕངས་པ་མང་དུ་ཡོད་སྟེ། རྩོད་ཡིག་ཟུར་ན་འདུག་པ་ལ་བལྟས་པས་ཤེས་སོ། །དེའི་ཕྱིར་ཁོ་བོའི་བླ་མ་བདག་ཉིད་ཆེན་པོ་འདི་རིགས་པའི་ཕྱོགས་འབིག་སྨྲ་བ་ལ་ཡང་འགྲན་ཟླ་དང་བྲལ་བ་ཡིན་ནོ། །
(1453ལོར་དཔལ་ལྡན་འཇིགས་མེད་འབངས་སམ་ཨ་མོ་གྷ་སི་དྷིས་བརྩམས་པའི་རྣམ་ཐར་ངོ་མཚར་དགའ་སྟོན་ལས)
ངམ་རིངས་ཚོགས་པ་ནགས་ཚལ་གྱི། །བློ་གྲོས་དྲི་ཡིས་ལུས་རྒྱས་པའི། །ཕྱིར་རྒོལ་གླང་པོའང་རྣམ་དཔྱོད་ཀྱི། །ནུས་པའི་སྙིང་པོ་ཐོག་མར་བརྗོད། །དེ་ནས་དེ་ཡི་ངག་གི་ཕྲེང་། །མ་ལུས་འཁྱོག་པོར་ཉེར་གཟིགས་ནས། །དེ་དང་དེ་ལ་འོས་གྱུར་པའི། །ཐལ་འགྱུར་རྡོ་རྗེའི་མེ་ཆར་སྤྲོས། །སྲིན་བུ་རང་གི་ཁ་ཆུ་ཡི། །སྐུད་པས་འཆིང་བར་བྱེད་པ་ལྟར། །མཁས་པ་བསོད་ནམས་སྐྱབས་པ་ནི། །རང་གི་ངག་རྣམས་དག་གིས་བཅིངས། །དེ་ཚེ་པཎ་ཆེན་འབུམ་ཕྲག་བརྒྱས། །འཁོར་གསུམ་བཅུ་ཕྲག་གཅིག་དང་གསུམ། །ཕུད་དེ་བྱང་པ་བསོད་སྐྱབས་ཀྱི། །ཁ་ལ་མི་སྨྲའི་བརྟུལ་ཞུགས་བྱིན། །དེ་ཡི་ཚིག་གི་རི་དྭགས་རྣམས། །ངག་བཅད་རྒྱ་ལ་འཐུམས་གྱུར་ཏེ། །མིག་ནི་འཛུམ་པའི་བྱ་བ་དང་། །བྲལ་ཞིང་སྒྱིད་པ་འདར་བ་བསྟེན། །ཞེས་བྱ་བ་ནི། བདག་ཉིད་ཆེན་པོའི་གསུང་དེའི་ལན་དུ་རིགས་པ་སྨྲ་བ་བསོད་ནམས་སྐྱབས་ཀྱིས་འདི་སྐད་དུ་བརྗོད་དོ། །དེ་ནི་རང་འགྲེལ་མ་ཡིན་ཏེ། རིགས་གཏེར་རང་འགྲེལ་དུ་གྲགས་པ་དེ་ལ་ནང་འགལ་མང་དུ་ཡོད་པའི་ཕྱིར་རོ། །དཔེར་ན། ལྡོག་པ་རང་རིག་འཕེན་པ་ལྔ། །གཞན་རིག་འཕེན་པ་བཅུ་དྲུག་ཡོད། །ཅེས་སོགས་ཀྱི་འགྲེལ་པའི་ཐད་ན་སྔ་ཕྱི་འགལ་བ་དུ་མ་ཡོད་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ལ་རྗེ་བཙུན་གྱི་ཞལ་སྔ་ནས། འོ་ན་རིགས་གཏེར་གྱི་རྩ་བ་ཡང་རྗེ་ས་པཎ་གྱིས་མཛད་པ་མ་ཡིན་པར་ཐལ། དེ་ལ་ཡང་སྔ་ཕྱི་འགལ་བ་དུ་མ་ཡོད་པའི་ཕྱིར་ཏེ། ཡུལ་གྱི་མཚན་ཉིད་བློས་རིག་བྱ། །བློ་ཡི་མཚན་ཉིད་རིག་པ་ཡིན། །ཞེས་སོགས་ལ་རྟོགས་པ་ཕན་ཚུན་བརྟེན་པའི་སྐྱོན་ཡོད་པའི་ཕྱིར།གཞལ་བྱ་རང་མཚན་གཅིག་ཁོ་ན། །ཞེས་པ་དང་། རང་མཚན་ཡོད་མེད་དཔྱོད་ཕྱིར་འཐད། །ཅེས་པའང་རྩོད་ལན་དོན་མཐུན་མ་ཡིན་པའི་ཕྱིར་དང་། གང་ཡོད་དེ་འཇིག་བུམ་པ་བཞིན། །ཞེས་སོགས་ཀྱང་ཚད་མ་སྡེ་བདུན་མདོ་དང་བཅས་པ་དང་འགལ་ཞིང་། རང་གིས་ཀྱང་རང་བཞིན་ངག་ལྟོས་ཀྱི་གཏན་ཚིགས་གཉིས་ཕན་ཚུན་འགལ་བར་འདོད་པ་དང་འགལ་བའི་ཕྱིར་རོ། །ཞེས་ནང་འགལ་ཉེར་ལྔ་ཙམ་བརྗོད་ཅིང་། སྨྲ་པོ་དེ་ཉིད་ལ་འཁོར་གསུམ་བཅུ་གསུམ་ཕུད་པར་གྱུར་པ་ན། ཕ་རོལ་པོ་དེའི་སེམས་ཀྱི་སྤོབས་པ་ཞུམ་ཞིང་རྣལ་ལན་ཅི་ཡང་འདེབས་མ་ནུས་པར་སྨྲ་བཅད་ཀྱི་བརྟུལ་ཞུགས་བཟུང་ནས་མིག་ཧད་དེ་ལུས་ཤིང་རྐང་པའི་བརྟན་པ་ཉམས་པར་གྱུར་ཏོ། །དེ་ནས་ཅུང་ཞིག་ལོན་པ་ན། །དེ་ཡི་དྲན་པ་རྙེད་གྱུར་ཏེ། །ཡི་གེ་བྲལ་པའི་ཚིག་གིས་ནི། །ཀུན་ཏུ་འཛེམ་མེད་འདི་སྐད་གླེང་། །བདག་གིས་ཁྱེད་ཀྱི་མདུན་ས་དག །བསྟེན་པར་སྤོབས་པའང་མ་ཡིན་ནའང་། །རྗེ་བོའི་དཀའ་ཡིས་མནན་གྱུར་པས། །རང་དབང་གོ་སྐབས་བྲལ་བ་ཉིད། །ཅེས་བརྗོད་སེང་གེ་འཇིགས་མེད་པའི། །དྲུང་ན་ཝ་སྐྱེས་ཞུམ་པ་ཡི། །ཚིག་གི་མཇུག་མ་བྲེལ་གྱུར་ཏེ། །ཕུག་གི་ཡོལ་བ་བསྟེན་པར་སེམས། །ཞེས་བྱ་བ་ནི། དེ་ནས་མཁས་པ་ཆེན་པོ་བསོད་ནམས་སྐྱབས། རྗེ་བཙུན་གྱི་གསུང་གི་རི་བོས་ཤིན་ཏུ་མནན་ཏེ། རྣ་བ་ལ་སོགས་པའི་དབང་པོ་རྣམས་ཀྱང་འགྲིབས་པར་གྱུར་པ་ལས། ཇི་ཞིག་ལྟར་ན་དྲན་པ་སོས་ནས་འདི་སྐད་དུ། བདག་གི་དྲུང་པའི་མདུན་ས་བསྟེན་པའི་ནུས་པ་ཡོད་སྙམ་པ་བདག་རང་ལའང་མེད་མོད། འོན་ཏེ་རང་དབང་མ་ཐོབ་པས་འདི་ལྟར་དུ་གྱུར་ཞེས་ཟེར་ཞིང་སྨྲ་བའི་ར་བ་དེ་ཉིད་ནས་ཐོན་ནས་ཕུག་ཅིག་ཏུ་འཆེལ་བར་གྱུར་ཏོ། ། དེ་ནས་ཁྱོད་ཀྱི་རྩོད་པའི་གྲོགས། །གསང་བར་ཉིད་ཀྱི་ཞབས་པད་བསྟེན། །མཆོད་ཅིང་བཤགས་དང་བསྡམས་པ་ཡི། །རྗེས་སུ་འཛིན་པའི་གསོལ་འདེབས་བགྱིད། །དེ་ནས་འཇིག་རྟེན་སྨོད་པ་ཡི། །འཇིགས་པས་མནན་ཏེ་མཚན་མོའི་མཐར། །ཡུལ་ནི་གཞན་ཞིག་བསྟེན་པར་གྱུར། །ཞེས་བྱ་བ་ནི། དེ་ནས་ཉིན་མོ་འདས་པའི་སྲོད་ཀྱི་ཚེ་རྒོལ་བ་པོ་དེ་ཉིད་རྗེ་བཙུན་གྱི་སྐུ་མདུན་དུ་བྱུང་སྟེ། ཚོགས་ཀྱི་ཡོ་བྱད་ཀྱིས་མཆོད་ནས། བཟོད་པར་གསོལ་ཏེ། ཁོ་བོས་མི་ཤེས་པའི་ལས་ཁམ་པོ་ཆེ་ཅི་ཡང་བྱས་སོ། །སྔོན་རིགས་པ་ཅུང་ཟད་ཤེས་པ་རྣམས་བརྗེད། ཅུང་ཟད་དྲན་པ་ཡང་ཁྱེད་ནི་དཔལ་ཆོས་ཀྱི་གྲགས་པ་མངོན་སུམ་དུ་བྱོན་པར་འདུག་པས་ཁོ་བོས་སྨྲ་མ་ནུས། ད་ཁྱེད་རང་རྗེ་བཙུན་འཇམ་པའི་དབྱངས་དང་ཐུག་འདུག་པས། ཉིད་རང་ཅི་བཞེད་པ་བཞིན་མཛོད། ཁོ་བོས་མ་ཤེས་པར་སྐུར་པ་ཅུང་ཟད་ཞུས་པ་རྣམས་ལ་ཉེས་པ་བརྒྱུད་མ་དང་། སྡུག་བསྔལ་ཚབས་པོ་ཆེ་མི་འབྱུང་བར་བྱིན་གྱིས་བརླབ་དུ་གསོལ་ཞེས་ཟེར་ཞིང་མིག་ནས་མཆི་མ་ཕྱུང་སྟེ། ཞབས་སྤྱི་བོར་བླངས་ནས་སྨྲེ་སྔགས་མང་དུ་བཏོན། འགྱོད་པ་མི་བཟད་པ་དང་ལྡན་པ་ལ། བདག་ཉིད་ཆེན་པོ་འདི་སྐད་དུ་གསུང་སྟེ། ཀྱེ་མ་མ་འཇིགས་ཤིག ཁོ་བོས་གཞུང་ལུགས་ཚུལ་བཞིན་དུ་བཤད་པ་ཡིན་གྱི། ཁྱེད་ལ་ཆེད་དུ་བཏད་པ་མ་ཡིན་ཞིང་། ཉིད་རང་ལ་དབང་ཡང་མ་བྱུང་བ་ཡིན་ན་ངེད་ལ་དེ་ལྟ་བུ་ལ་འཁོན་འཛིན་མེད་ཅེས་གསུངས་པས། ཕ་རོལ་པོ་མི་ཕྱེད་པའི་དད་པ་ཐོབ་སྟེ། རང་གི་གནས་སུ་སོང་ནས། ཀྱེ་མ་དེ་རིང་དཔལ་ཆོས་ཀྱི་གྲགས་པ་མངོན་སུམ་དུ་བྱོན་ཏེ། རིགས་ལམ་དྲི་མ་མེད་པ་ཐོས་པའི་དུས་བྱུང་ཞེས་ཡང་ཡང་དུ་བསྔགས་པར་བྱེད་ལ། འོན་ཀྱང་འཇིག་རྟེན་གཞན་པ་དག་གིས་བདག་ལ་འཕྱ་འོང་སྙམ་ནས། དེའི་ཐོ་རངས་ཡུལ་ག་གེ་མོ་གཞན་ཞིག་ཏུ་བྲོས་པར་གྱུར་ཏོ། །དེ་ནས་གཏུམ་པོ་ངན་གཡོ་ཅན། །གཞན་གྱི་དཔལ་འབྱོར་མ་ལུས་པ། །དཔྲལ་བའི་ངོགས་སུ་བསྡུས་འགྱུར་ཅིང་། །དམ་པའི་རྩོད་ཟླ་ཚོལ་བར་བྲེལ། །ངམ་རིངས་ཚོགས་པ་རྒྱ་མཚོ་ལ། །ཁྲོས་པའི་ཚིག་གིས་འདི་སྐད་དུ། །སླར་ཡང་ཁྱེད་རྣམས་ཡོངས་འདུས་ཏེ། །འདི་ལ་ཕམ་པ་རབ་ཏུ་བྱིན། །དེ་ལྟ་མིན་ན་ཁྱེད་ཅག་གིས། །བདག་གི་ས་འདི་བཏང་བར་བྱོས། །དེ་འདྲ་ཐོས་ལས་དེ་དག་རྣམས། །སླར་ཡང་རྗེ་བཙུན་འགོག་བྱེད་པའི། །གྱ་གྱུར་འཚོ་ཞིང་ངག་གི་གྲོས། །བསྡུས་ནས་བཅའ་བ་དུ་མར་ལྡན། །སྦྲང་བུའི་སོར་མོ་མང་ཚོགས་ནས། །ལྷུན་པོ་བསྒྱེལ་བ་ཉིད་དུ་སེམས། །ཞེས་བྱ་བ་ནི། གཏུམ་པོ་ངན་གཡོ་ཅན་ངུར་སྨྲིག་གིས་དཀྲིས་པ་རེ་བ་མ་རྫོགས་པར་སེམས་རབ་ཏུ་འཁྲུགས་པ་དཔྲལ་བས་མཚོན་པར་བྱས་ནས། ཀྱེ་ཁ་སང་བསོད་ནམས་སྐྱབས་ཀྱིས་ཕོ་མ་བྱས། ད་དུང་འདི་སྨ་འབེབས་པའི་ཐབས་ཤིག་དགོས་པ་འདུག་སྙམ་དུ་བསམས་ནས། དཔལ་ངམ་རིངས་ཀྱི་ཚོགས་པ་རྒྱ་མཚོ་ལྟ་བུ་ལ་འདི་སྐད་དུ་བརྗོད་དོ། །ཁྱེད་རྣམས་ཀྱིས་ཤེལ་དཀར་བའི་མཁན་ཤོབ་དེ་ལ་པུ་ཤུད་ཟེ་སྒྲོ་བཏོགས་པ་འདྲ་ཞིག་འཆོས་དགོས་པར་འདུག་པས་ལེགས་པར་གྲོས་གྱིས་ལ་བགྲོ་གླེང་རྒྱལ་བའི་ཐབས་འདྲ་ཚོལ། དེ་ལྟར་དུ་བྱེད་མ་ནུས་ན་ངའི་གཞིས་འདིར་མ་སྡོད་ཅེས་སྨྲ་ཞིང་། ཆགས་ཁྲོའི་ནད་ཚབས་པོ་ཆེས་བཏབ་སྟེ། བསོད་ནམས་ཀྱི་ལུས་རྡུལ་ཕྲན་ཙམ་ཞིག་ལུས་པར་བྱས་སོ། །དེ་ནས་དེ་བཞིན་དུ་དགེ་འདུན་རྣམས་འཚོགས་ནས། གཞུང་འདི་ལྟ་བུ་འདྲི་ཞུ་བ་པོ་འདིས་བྱེད། དེ་ལ་རང་ཕྱོགས་ཕམ་པར་སྣང་ན་ཟ་ཟི་བྱས་ཏེ་རླུང་ལ་བསྐུར། ཁོང་ཕམ་ན་ཐམས་ཅད་ཀྱི་གད་མོ་སྒྲོགས་པ་སོགས་ལས་སུ་བྱེད་པར་བཅའ་བ་བྱས་སོ། །དེ་ནས་ངམ་རིངས་རྒྱལ་སའི་གཞིར། །ཚོགས་པར་འོས་པ་ཐམས་ཅད་འདུས། །ཀུན་གྱི་ཐོག་མར་ལེགས་བཤམས་པའི། །སྟན་ལ་དབྱངས་ཅན་དགའ་བ་བཞུགས། །གཞུང་གི་བྱ་བས་ལེགས་འཚོ་བའི། །མཁས་པ་དག་གི་མགྲིན་པ་ནི། །ངང་པའི་རྒྱལ་པོ་ལྟར་བརྐྱངས་ནས། །འོས་པར་གྱུར་པའི་གཏམ་དུ་བྱེད། །དེ་ནས་བསོད་ནམས་སྐྱབས་ཀྱི་རྗེས། །སྙེག་ལ་རིངས་པར་ཆས་གྱུར་པའི། །སྨྲ་བའི་དབང་ཕྱུག་དགེ་ལེགས་དཔལ། །སྟན་ལས་བཞེངས་ཏེ་ཞུ་བར་རྩོམ། །ཞེས་བྱ་བ་ནི། དེ་ནས་ངམ་རིངས་ཀྱི་གཟིམས་ཁང་ཞལ་སེར་མ་ཞེས་པར་ལེགས་པར་བཤམས་པའི་སྟན་ལ་དཔལ་ཐམས་ཅད་མཁྱེན་པ་བཞུགས་ཤིང་། བྱང་པའི་ཞལ་ངོ་ཐམས་ཅད་ཀྱང་འཛོམས། དགེ་འདུན་འདུས་པའི་ཚོགས་ཀྱིས་ཀྱང་མངོན་པར་བལྟས་ཏེ་ཚ་བའི་བསྙེན་ཅིང་བཀུར་བ་གྲོལ་བ་ན། སློབ་དཔོན་ལས་སྟོན་ཞེས་པ་སྟན་ལས་ལངས་ཏེ་འདི་སྐད་དུ་བརྗོད་དོ། །ཕུན་སུམ་ཚོགས་པ་ཐམས་ཅད་འཛོམ་པའི་སྐབས་འདིར། མཁན་ཆེན་རིན་པོ་ཆེ་བས་ཀྱང་ཕྱག་ཕེབས། ཆོས་ཀྱི་དགའ་སྟོན་འགྱེད་པའི་དུས་འདིར། དྲུང་ནས་ཕྱོགས་གང་གི་ཆ་ནས་ཀྱང་ཕུན་སུམ་ཚོགས་ཤིང་ལྷག་པར་མཁྱེན་རབ་བསམ་གྱིས་མི་ཁྱབ། ངེད་རང་གི་ངམ་རིངས་ཆོས་སྡེ་འདི་ཡང་བརྒྱུད་པ་ནས་བརྒྱུད་པར་རིགས་པ་དྲི་མ་མེད་པ་རང་ལ་སྦྱངས། ཤེས་སྙམ་པའི་རློམ་པ་ཡང་ཡོད་པ་ཡིན་ཅིང་། འདི་དག་གི་ནང་ནས་ཀྱང་སྨྲ་བའི་ཁྱུ་མཆོག་ལྟ་བུར་གྱུར་པ་ཡིན་པས། སློབ་དཔོན་དགེ་ལེགས་དཔལ་བ་བཞེངས་ལ། དྲུང་མཁན་ཆེན་པའི་དྲུང་དུ། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པའི་སྐབས་སུ་ཇི་ལྟར་རིགས་པའི་འཇོག་དང་བགྲོ་གླེང་ཞུས་ཞེས་སྔར་གྱི་གྲོས་ཀྱིས་བྱ་བ་ལ་རིམ་གྱིས་འཇུག་པར་བྱེད་དོ། །དེ་ནས་པཎ་ཆེན་སངས་རྒྱས་བསྐྱངས། །དགག་སྒྲུབ་རིན་ཆེན་ཁྲི་ལ་གནས། །དངོས་པོ་ཀུན་གྱི་ངང་ཚུལ་ནི། །ཀུན་ཏུ་འཆད་པ་ལ་ཞུགས་ཏེ། །གཏམ་དུ་བྱ་བའི་ཉེས་པ་རྣམས། །ཕྱོགས་སུ་བསྐྲད་པར་བྱས་པ་བཞིན། །གང་དུ་སྨྲ་བའི་ཡོན་ཏན་རྣམས། །གཅིག་ཏུ་བསྡུས་པ་ལྟར་གྱུར་ནས། །གྲུབ་མཐའ་སྨྲ་བ་རྣམ་པ་བཞིའི། །རང་རང་ལུགས་ཀྱི་བདེན་པ་གཉིས། །དེ་དང་དེ་ཡི་གསུང་རབ་ལ། །བརྟེན་ནས་ལུགས་བརྒྱ་ལྡན་པར་བཤད། །ཆོས་ཀྱི་གྲགས་པའི་རིགས་པའི་བཅུད། །ཁྱོད་ཀྱིས་འཕྲོག་པར་གྱུར་རམ་ཞེས། །དཔལ་ལྡན་མཁས་པ་ཐམས་ཅད་ཀྱི། །ཡིད་ནི་ཁྱོད་ལ་བཏེག་པར་གྱུར། །ཞེས་བྱ་བ་ནི། དེ་ནས་སྨྲ་བའི་སེང་གེའི་གསུང་གི་ང་རོ་ཚངས་པའི་དབྱངས་ལྟ་བུ་སྙན་ཅིང་འཇེབས་པ། གསལ་ཞིང་དོད་པ་འབྲེལ་ཆགས་ཤིང་གོ་བ་དང་རྟོགས་པ་ཕུལ་དུ་གྱུར་པ། གཏམ་དུ་བྱ་བའི་ཉེས་པ་མཐའ་དག་ནི་བྲལ། སྨྲ་བའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་སྒོ་ནས་བདེན་པ་གཉིས་ཀྱི་རྣམ་བཞག་འདི་ལྟར་དུ་མཛད་དོ། །དེ་ཡང་འདི་ལྟར་སྤྱིར་བདེན་པ་གཉིས་ལ་གྲུབ་མཐའ་སྨྲ་བ་བཞིའི་ལུགས་ཡོད། དེ་རེ་རེ་ལ་ཡང་མཚན་ཉིད། དབྱེ་བ། མཚན་གཞི་སོགས་འདི་དང་འདི་ལྟ་བུ་ཡིན། དེ་ལྟར་ཡང་། རང་རང་གི་གཞུང་འདི་དང་འདིས་བཤད། ཁྱད་པར་ད་ལན་གྱི་གཞུང་འདི་ནི་མདོ་སྡེ་པའི་གནས་སྐབས་ཀྱི་བདེན་གཉིས་སྟོན་བྱེད་ཡིན་གྱི། མཐར་ཐུག་བདེན་གཉིས་ཀྱི་རྣམ་བཞག་སྟོན་པར་བྱེད་པ་ནི་མ་ཡིན་ལ།
གལ་ཏེ་ཡིན་ན་མདོ་སྡེ་པ་བྱེ་བྲག་ཏུ་སྨྲ་བ་ལས་ལྟ་བ་ཆེས་དམན་པར་འགྱུར་བའི་ཕྱིར་རོ། །དེས་ན་འདིར་སྐབས་སུ་བབ་པ་མདོ་སྡེ་པའི་ལུགས་ལ། དོན་དམ་པར་དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད་ཡིན། དཔྱད་ན་དོན་བྱེད་མི་ནུས་པའི་ཆོས་དེ་ཀུན་རྫོབ་ཀྱི་འཇོག་བྱེད་ཡིན། བུམ་པ་དོན་དམ་གྱི་མཚན་གཞི་འདུས་མ་བྱས་ནམ་མཁའ་ལྟ་བུ། ཀུན་རྫོབ་ཀྱི་མཚན་གཞི་བུམ་པ་དེ་དངོས་པོ་ཡང་ཡིན་སྤྱི་ཡང་ཡིན་པའི་གཞི་མཐུན་པར་འདོད། རང་མཚན་ཡིན་ན་བྱེ་བྲག་མ་གྲུབ་པས་མ་ཁྱབ། བུམ་མེད་ལ་སོགས་གཞི་གྲུབ་པར་འདོད། གཞན་དུ་ན་ཤེས་བྱ་ཐམས་ཅད་བུམ་ཡོད་དུ་གྱུར་བ་སོགས་ཀྱི་ཉེས་པ་ཡོད། འདིར་སྐབས་ཀྱི་[མངོན་སུམ་[དོན་]གྱི་ཚད་འབྲས་ཀྱང་། ཕྱི་རོལ་གྱི་དོན་གཞལ་བྱ། ཕྱི་རོལ་གྱི་དོན་དང་འདྲ་བའི་ཤེས་པ་ཁྱད་པར་གསུམ་ལྡན་ཚད་མ། ཕྱི་རོལ་གྱི་དོན་ཡང་དག་པར་རྟོགས་པ་འབྲས་བུ། འདི་སྐབས་སུ་ཕྱི་དོན། ཚུར་མཐོང་མངོན་སུམ། ཚད་མའི་དངོས་ཡུལ་ཡིན་པ་སོགས་ཀྱང་འདོད་དོ། །མདོ་སྡེ་པའི་མཐར་ཐུག་གི་བདེན་གཉིས་ཀྱི་རྣམ་བཞག་ནི། རང་གི་ངོ་བོ་གཞན་དང་མ་འདྲེས་པར་སྐྱེས་པ་དེ་རང་མཚན་ནམ་དོན་དམ་གྱི་མཚན་ཉིད་ཡིན། རང་གི་ངོ་བོ་གསལ་བ་དུ་མ་ལ་ཁྱབ་བྱེད་དུ་རྗེས་སུ་འགྲོ་བ་དེ་སྤྱི་མཚན་ནམ་ཀུན་རྫོབ་ཀྱི་འཇོག་བྱེད་ཡིན། དེའི་སྐབས་སུ། བློ་དུས་ན་བློ་སྐད་ཅིག་མ་དང་། དོན་དུས་ན་དོན་སྐད་ཅིག་མ་དོན་དམ་གྱི་མཚན་གཞི་ཡིན། དེ་ལས་གཞན་པའི་ཆོས་ཐམས་ཅད་ཀུན་རྫོབ་ཡིན། དེའི་ཚེ། སྤྱི་ཡང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་མི་འདོད། ཕྱི་དོན་ཚུར་མཐོང་མངོན་སུམ་གྱི་དངོས་ཡུལ་མ་ཡིན་པར་འདོད། ཕྱི་དོན་རྗེས་དཔག་ཁོ་ན་གྲུབ་པ་འདོད་དོ། །དེས་ན་འདིའི་སྐབས་ཀྱི་མངོན་སུམ་གྱི་ཚད་འབྲས་ཀྱང་། ཐ་སྙད་དུ་ཕྱི་རོལ་གྱི་དོན་གཞལ་བྱ། དོན་གྱི་རྣམ་པ་ཤར་བའི་བློ་ཁྱད་པར་གསུམ་ལྡན་ཚད་མ། དཔྱད་ན་རང་རིག་པ་ཡིན་ཀྱང་། ཐ་སྙད་དུ་དོན་ཡང་དག་པར་རྟོགས་པ་འབྲས་བུ་ཞེས་འཇོག །མདོར་ན་མཐར་ཐུག་གི་རིགས་པ་འདིའི་ངོས་ན། ཆོས་དང་ཆོས་ཅན། སྤྱི་དང་བྱེ་བྲག །བརྗོད་བྱ་རྗོད་བྱེད། བསྒྲུབ་བྱ་སྒྲུབ་བྱེད། གཞལ་བྱ་འཇལ་བྱེད། གཅིག་དང་ཐ་དད་ལ་སོགས་པའི་རྣམ་བཞག་ཐམས་ཅད། དོན་དམ་རང་མཚན་ལ་འཇུག་པའི་ཆེད་དུ་གསུངས་པ་ཡིན་གྱི། ཚད་མས་གྲུབ་པར་མི་འདོད། ཅེས་པ་ནི། མདོ་སྡེ་པའི་མཐར་ཐུག་པའི་གྲུབ་མཐའི་གསང་ཚིག་ཡིན། འདི་སྡེ་བདུན་མདོ་དང་བཅས་པའི་སྐབས་སུ་མཐར་ཐུག་པའི་གྲུབ་མཐར་བཟུང་ནས་བོགས་ཕུལ་དུ་བྱུང་དུ་མེད་པར་འདོད་པ་ནི་ཧ་ཅང་མ་བརྟགས་པ་ཡིན་ཏེ། སྡེ་བདུན་མདོ་དང་བཅས་པ་ནས་བཤད་པའི་སེམས་ཙམ་པ་སོགས་གོང་མ་གཉིས་ཀྱིས་འདི་དག་སུན་འབྱིན་པར་ནུས་པའི་ཕྱིར་དང་། མདོ་སྡེ་པས་དེ་དག་ལ་ལན་དོན་མཐུན་མི་ཐེབས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་འདི་ལྟར། མཐར་ཐུག་དཔྱོད་པའི་རིགས་ངོ་ན་དངོས་པོ་ཡོད་ན། དངོས་པོ་རང་རྒྱུ་ལས་སྐྱེས་སམ་མ་སྐྱེས། སྐྱེས་ན་བྱ་བྱེད་དང་འབྲེལ་བས་གཅིག་དང་ཐ་དད་སོགས་ཡོད་པར་འགྱུར་ཏེ། ཕན་ཚུན་རྒྱུ་འབྲས་ཡིན་པ་ཡོད་པའི་ཕྱིར། དེ་ལྟར་ན། བྱ་བ་བྱེད་པའི་ཐ་སྙད་དག །ཐམས་ཅད་འདི་ལྟར་རྣམ་པར་གནས། །ཞེས་སོགས་དང་འགལ། དངོས་པོ་རང་རྒྱུ་ལས་མ་སྐྱེས་ན། དངོས་པོ་དངོས་པོ་མ་ཡིན་པའམ།དངོས་པོ་རྒྱུ་མེད་དུ་ཐལ་བར་འགྱུར་རོ། །དེ་ལྟར་འདོད་ན། དུ་བ་དུ་བའི་རྒྱུ་མིན་ལ། །འབྱུང་ན་དེ་ནི་རྒྱུ་མེད་འགྱུར། །ཞེས་སོགས་དང་འགལ། འབྲེལ་པ་དང་རྟག་སྦྱོར་ལ་སོགས་པ་མཐར་ཐུག་གི་ཚེ་གྲུབ་ན། འབྲེལ་བརྟག་ལས། གཉིས་ལ་མི་གནས་ཇི་ལྟར་འབྲེལ། །དེ་གཉིས་གཞན་དུ་འདུག་པ་ན། །དེ་ནི་དེ་ལ་ཇི་ལྟར་ལྟོས། །ཞེས་དང་།རྣམ་འགྲེལ་ལས་ཀྱང་།ཆོས་དང་ཆོས་ཅན་རྣམ་བཞག་དང་། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་ནི་མ་བརྟགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །བརྟེན་ནས་རྣམ་པར་བརྟགས་པ་ཡིན། །བསྒྲུབ་བྱ་སྒྲུབ་པ་ཀུན་གཞག་པ། །དམ་པའི་དོན་ལ་གཞུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་དང་། དོན་དམ་པར་ནི་རྣམ་དཔྱད་ན། །དེ་ལྟ་བུར་གྱུར་མ་གྲུབ་ཕྱིར། །ཀུན་རྫོབ་པ་ཡི་དངོས་རྣམས་ལས། །དེ་ཉིད་གཞན་ཉིད་འགོག་པར་བྱེད། །ཅེས་དང་། དཔག་བྱ་དཔོག་པར་བྱེད་པ་ཡི། །དོན་གྱི་ཐ་སྙད་གནས་པ་འདི། །ཤེས་པ་མ་གྲུབ་ཐ་དད་ལ། །བརྟེན་ནས་རྣམ་པར་བརྟགས་པ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །མདོར་ན། སྡེ་བདུན་མདོ་དང་བཅས་པའི་དངོས་བསྟན་གྱི་དགོངས་པ་ཡོངས་སུ་རྫོགས་པར་འཆད་པ་ལ། མདོ་སྡེ་པའི་ལུགས་དང་སེམས་ཙམ་པའི་ལུགས་གཉིས། དང་པོ་ལ་ཡང་རྩ་བའི་མདོ་སྡེ་པ་དང་། རིགས་པའི་མདོ་སྡེ་པའི་ལུགས་གཉིས། རིགས་པ་པ་ཉིད་ལ་ཡང་། འཇུག་པའི་སྐབས་དང་། འཆད་པའི་སྐབས་གཉིས། འཆད་པའི་སྐབས་ལ་ཡང་། ཀུན་ཏུ་ཐ་སྙད་པའི་སྐབས་དང་། རང་བཞིན་སེམས་པའི་སྐབས་གཉིས། ཐ་སྙད་པའི་སྐབས་ལ་མ་དཔྱད་པ་དང་། ཅུང་ཟད་དཔྱད་པ་དང་། ཤིན་ཏུ་དཔྱད་པའི་སྐབས་གསུམ། དང་པོའི་ཚེ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་གློག་བཞིན་སྒྲ་ཡང་བྱས་སོ། །ཞེས་པའི་རྟགས་ཆོས་དོན་གསུམ་ཀ་དངོས་པོར་ཁས་ལེན། གཉིས་པའི་ཚེ། དེ་ལ་རྣམ་པར་དཔྱད་ཙམ་གྱི་གཞན་སེལ་ལ་དགག་སྒྲུབ་བྱེད་པ་ཡིན་པས། ཆོས་ཅན་འཛིན་པའི་ཚད་མ་སོགས་ཀྱི་འཇུག་ཡུལ་དུ་གྱུར་པ་ཆོས་ཅན་དུ་འཛིན་གྱི། དེའི་སྟེང་གི་ཁྱད་ཆོས་མཐའ་དག་མི་འཛིན། མདོར་ན་དོན་གཞན་སེལ་ཁོ་ན་ལ་སྐབས་འདིར་དགག་སྒྲུབ་བྱེད་པ་ཡིན་ནོ། །རིགས་པ་གསུམ་པའི་ཚེ། རྟོག་པ་ལ་སྒྲར་སྣང་བ་སོགས་ཆོས་ཅན་ཡོངས་སུ་འཛིན་གྱི། དངོས་པོ་རང་མཚན་པའི་སྟེང་དུ་དགག་སྒྲུབ་གང་ཡང་མི་བྱེད། མདོར་ན་སྐབས་དེར་དོན་སྤྱི་ཁོ་ན་ལ་དགག་སྒྲུབ་བྱེད་པ་ཙམ་དུ་ཟད་དོ། །རང་བཞིན་སེམས་པའི་ཚེ།རྟག་སྦྱོར་སོགས་རང་ལུགས་ལ་བདེན་གྲུབ་ཁས་མི་ལེན་པ་ཡིན་ནོ། །སེམས་ཙམ་པའི་ལུགས་ལ་ཡང་། རྣམ་བདེན་པ་དང་། རྣམ་བརྫུན་པའི་ལུགས་གཉིས། དང་པོའི་ལུགས་ལ་ཚད་འབྲས་གཞལ་གསུམ་ནི། གཟུང་རྣམ་གཞལ་བྱ། གཟུང་རྣམ་དེ་འཛིན་པའི་འཛིན་རྣམ་ཚད་མ། གཟུང་རྣམ་དེ་ཡང་དག་པར་རྟོགས་པའི་རང་རིག་འབྲས་བུ། མདོར་ན་ཤེས་པ་ལ་སྣང་བའི་རྣམ་པ་ཐམས་ཅད་སེམས་སུ་བདེན་པར་འདོད་པ་ཡིན་ནོ། །རྣམ་བརྫུན་པའི་ཚད་འབྲས་གཞལ་གསུམ་ནི། ཐ་སྙད་དུ་གཟུང་རྣམ་གཞལ་བྱ། ཐ་སྙད་དུ་གཟུང་རྣམ་དེ་འཛིན་པའི་འཛིན་རྣམ་ཚད་མ། ཐ་སྙད་དུ་གཟུང་རྣམ་དེ་ཡང་དག་པར་རྟོགས་པའི་རང་རིག་འབྲས་བུ། མདོར་ན་འདིའི་ལུགས་ལ་མཐར་ཐུག་ཤེས་པ་ལ་སྣང་བའི་རྣམ་པ་དེ་སེམས་སུ་འདོད་པ་དེ་རྫུན་པར་ཁས་ལེན་པ་ཡིན་ནོ། །མདོར་ན་རིམ་པ་བརྒྱད་པོ་འདིའི་སྒོ་ནས་རྟོག་གེ་སྡེ་བདུན་གྱི་དངོས་བསྟན་ཚང་བར་འཆད་ནུས་ཀྱི། དེ་དག་གང་རུང་ཞིག་མ་ཚང་ན་ལྷག་ཆད་ནོར་གསུམ་གྱི་སྐྱོན་འབྱུང་ཞིང་། རིགས་པའི་དབང་ཕྱུག་ཡབ་སྲས་ཀྱི་དགོངས་པ་མ་ནོར་བར་རྟོགས་པའི་མཚང་ཤིན་ཏུ་གསལ་བར་སྟོན་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་བཀའ་བསྩལ་ཞིང་། ལེགས་པར་བཤད་པའི་གཏེར་ཁ་མང་དུ་ཕྱེ་སྟེ་བློ་གསལ་རྣམས་དགའ་མགུར་རངས་པར་བྱེད་ཅིང་། མཁས་པ་དཔའ་བོ་ཆེན་པོ་ཉིད་ཀྱང་ལེགས་པར་བཤད་པས་ཐུགས་ཕྲོགས་པར་གྱུར་ཏོ། །དེ་ནས་མཁས་པའི་དབང་པོ་དེས། །རྒྱལ་པོའི་བསམ་པ་སྐོང་བ་ལ། །ཞུགས་ཏེ་འཁྱོག་པོར་བརྗོད་པ་ཡི། །གསུང་གི་དེ་ཡི་ལན་ལྡོན་འགྱུར། །དེ་ཡི་འདོད་པ་མ་ལུས་པ། །ཐམས་ཅད་མཁྱེན་པས་གཟིགས་གྱུར་ནས། །ངག་དེ་འཇིག་པ་ལ་དཔའ་བའི། །འཇིགས་མེད་གསུང་གི་རྡོ་རྗེ་འཕངས། །ཞེས་བྱ་བ་ནི། དེ་ནས་རྒྱལ་པོའི་ངག་གིས་རབ་ཏུ་བཅིངས་པ་དང་། ཐོག་མར་གྲོས་སུ་མཛད་པ་དག་ཀྱང་ཐུགས་ལ་དྲན་ནས། སྔར་གྱི་མདོ་སྡེ་པའི་མཐར་ཐུག་གི་གྲུབ་མཐའ་ལ། གཞུང་ལུགས་འདི་པའི་གྲུབ་མཐའ་གོང་མའི་ངོས་ནས་ནང་འགལ་ཡོད་ཅེས་ཐམས་ཅད་མཁྱེན་པས་གསུངས་པ་དེ། མཁས་པའི་དབང་པོ་རང་གིས་མཁྱེན་པའི་ལུགས་སུ་མཛད་ནས།
དེའི་ནང་འགལ་དེ་ཞལ་དུ་བརྗོད་ནས་ཡང་དང་ཡང་དུ་ཕུད་ཅིང་ཀུན་ཏུ་རྒྱུ་བར་མཛད་དོ། །དེ་ནས་ཐམས་ཅད་མཁྱེན་པའི་གསུང་གིས་དེ་མདོ་སྡེ་པའི་གྲུབ་མཐའི་ནང་འགལ་ཡིན་ཞེས་ཁོ་བོས་སྔོན་དུ་ཡང་ཡང་དུ་སྨྲས་ཟིན་ན། ཁྱོད་ཀྱིས་གསར་དུ་རྙེད་པ་མ་ཡིན་གྱི། དེ་ལྟར་ན་ཁོ་བོ་ཅག་ལ་ཉེས་པ་ནི་ཅི་ཞིག་ཡོད། དེ་ལས་གཞན་པའི་གནོད་བྱེད་ཡོད་ན་ནི་སྨྲོས་ཤིག །དེ་ལྟར་དུ་མིན་ན་རང་གི་སྟན་ལ་འཁོད་ཅིག། ཁོ་བོའི་ལེགས་བཤད་འདི་ལྟ་བུ་ལ་ཕྱོགས་ཀྱི་གླང་པོ་དང་། ཆོས་ཀྱི་གྲགས་པ་དངོས་སུ་བྱོན་ཡང་ལན་ལྡོན་མི་ནུས་ན། ཉིད་རང་སྤོབས་པ་རེ་ཆེ་ཡིན། མདོར་ན་རིགས་པ་མཁྱེན་པ་རྣམས་ཀྱིས་དགོངས་པར་འགྱུར་བས་རྩོད་ཡིག་ལ་ཕྱག་རྒྱས་བསྣོལ་ཅིག་གསུངས་ནས། དེར་ཚོགས་པའི་སྐྱེ་བོ་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། རིགས་ལམ་ཟབ་མོ་བསྟན། ཐེ་ཙོམ་གྱི་དྲ་བ་བཅད། ཡང་དག་པའི་དོན་ལ་ངེས་ཤེས་ལྷག་པར་བསྐྱེད་ནས། སྨྲ་བ་ངན་པ་ཐམས་ཅད་གདོང་འདེགས་པའི་སྐལ་པ་ཙམ་ཡང་མེད་པར་བྱས་ཏེ། ངན་གཡོ་གཏུམ་པོ་ཡང་། རིན་པོ་ཆེ་ཏོག་གི་གཟུངས་ལས་སྟོན་པ་བཅོམ་ལྡན་འདས་ཀྱིས་བདུད་བཏུལ་བ་དང་འདྲ་བར་ཆོས་ཀྱི་སྒོ་ནས་ཚར་བཅད་ཅིང་། ཕན་བདེའི་ལམ་ནས་བཀོད་པར་གྱུར་ཏོ། །དེ་ལྟར་སྨྲ་བ་མ་ལུས་ལས། །རྒྱལ་བའི་རི་མོ་རྣམ་བཀྲ་བ། །མཆོག་གི་དམ་པའི་སྤྱན་གྱིས་གཟིགས། །ཀུན་ཏུ་ཐལ་མོ་སྦྱོར་བར་མཛད། །ཅེས་བྱ་བ་ནི། །གངས་ཅན་གྱི་མཁས་པ་ཐམས་ཅན་གྱི་གཙུག་གི་ནོར་བུ་མཉམ་མེད་ཆོས་ཀྱི་སྤྱན་ལྡན་རེད་མདའ་པ་ཆེན་པོ་གཅིག་ཏུ་མཉམ་པར་གཞག་པའི་ནགས་ཀྱི་ནང་དུ། དཔལ་ངམ་རིངས་ཀྱི་ཆོས་གྲྭ་ཆེན་པོར་རྩོད་པ་མཛད་པའི་རྩོད་ཡིག་དེ་ཉིད་རྒྱས་བཏབ་སྟེ་འདི་དང་འདི་འདྲའོ་ཞེས་མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་རྗེས་འབྲང་དང་བཅས་པས་ཕོ་ཉ་མངགས་ཏེ། རྗེ་བཙུན་ལ་གཟིགས་ཕུལ་བ་ན། དེ་ཉིད་ཀྱི་ཞལ་ནས་ཨ་ལ་ལ་དུས་དིང་སང་བདེན་པ་གཉིས་ལ་རྣམ་གཞག་རྒྱ་ཆེ་ལ་དོན་གསལ་བ་ཡོངས་སུ་རྫོགས་པ་འདི་ལྟ་བུ་ཁོང་མིན་པ་སུ་ཞིག་གིས་ཤེས་པར་ནུས་ངོ་མཚར་ཆེ། རྗེས་སུ་ཡི་རང་གསུང་ཞིང་ཡང་ཡང་དུ་བསྔགས་པ་ཆེས་ཆེར་མཛད་ཅིང་། སྟོད་ཀྱི་ཆ་ལ་བསྐྱར་གྱིན་བསྐྱར་གྱིན་དུ་གཟིགས་པ་བསྩལ། དེ་ལ་བཀའ་བཅུ་པ་ན་རེ་ཞེས་པ་མན་ཆད་ལ། ཅི་བྱེད་མིག་ཚ་ཁོ་རང་དེ་ལྟར་དུ་བྱེད་ཀྱང་ལྕགས་ཀྱི་ཕ་བོང་ལ་བྱི་བ་ཁ་ཚ། འདི་ལྟ་བུའི་རིགས་ལམ་དྲི་མ་མེད་པ་ལ་སུས་འགོག་པར་ནུས། ཁོང་རང་ངལ་བ་ཙམ་དུ་ཟད་དོ་ཞེས་མཁས་རྨོངས་ཀྱི་སྐྱེ་བོ་ཀུན་ལ་ཡི་གེ་དྲུག་པའི་གཟུངས་བཞིན་སྒྲོགས་པ་ལ་ཞུགས་པར་གྱུར་པ་ཉིད་དོ། ། འདིར་བཞུགས་པའི་རྩོད་ཡིག་རྣམས་འཇིགས་བྲལ་རིན་པོ་ཆེའི་རྣམ་ཐར་ལས་ཤུས་པ་ཞིག་ཡིན། རྩོད་ཡིག་རྒྱས་པ་རྗེ་བཙུན་རེ་མདའ་བར་ཕུལ་བ་ཞིག་ཡོད་ཀྱང་ད་བར་མཇལ་རྒྱུ་མིན་འདུག །ད་ལམ་བཞུགས་པའི་རྩོད་ཡིག་ནང་ནས་ཡར་འབྲོག་ཁྲི་དཔོན་གྱི་མཛད་པའི་རྣམ་ཐར་ངོ་མཚར་དགའ་སྟོན་དུ་གསལ་བའི་རྩོད་ཡིག་དེ་རྒྱས་ཤོས་ཡིན་པར་སྣང་། དེ་བཞིན་ཀརྨ་མི་བསྐྱོད་རྡོ་རྗེས་མཛད་པའི་རྣམ་ཐར་ངོ་མཚར་རྒྱ་མཚོ་དང་། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་སྐྲུན་ཞུས་པ། མཛད་པ་པོའི་མཚན་མི་གསལ་བའི་རྣམ་ཐར་ངོ་མཚར་འཕྲེང་བ་སོགས་རྣམ་ཐར་ཁག་འགའ་ཤས་ནང་དུ་རྩོད་ཡིག་ཡོད་ཀྱང་དེ་ཙམ་རྒྱས་པོ་མིན་འདུག །ལྷག་དོན་དུ་མཁས་གྲུབ་རིན་པོ་ཆེའི་རྣམ་ཐར་དཔེར་ན།(མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྣམ་པར་ཐར་པ་)ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་གཅིག དེ་བཞིན་(རྣམ་ཐར་མཁས་པའི་ཡིད་འཕྲོག) (རྣམ་ཐར་བསྡུས་པ) (གསང་བའི་རྣམ་ཐར་)རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ། མཁས་གྲུབ་ཆོས་རྗེའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་སྒོ་ནས་གསོལ་བ་འདེབས་པ་དད་པའི་རོལ་མཚོ་སྤེལ་བའི་ཟླ་འོད་ཅེས་བྱ་བ་ལ་སོགས་པར་མཇལ་དུས་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་ཁག་དང་ངམ་རིངས་སུ་རྩོད་པའི་སྐབས་ཀྱི་རྩོད་ཡིག་ཁག་གི་དབར་ལ་མ་འདྲ་བ་འདུག་པས་མཁྱེན་ལྡན་ཡོངས་ཀྱི་ཞིབ་དཔྱད་ཡོད་པ་ཞུ། ད་རེས་དྲྭ་བའི་ཐོག་སྤེལ་དགོས་པའི་རྒྱུ་མཚན་ནི་སྤྱི་ཚོགས་སྟེང་གྲུབ་མཐའི་ཕྱོགས་རིས་ཆེ་བའི་མི་འགའ་རེས་བོ་དོང་པཎ་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ངམ་རིངས་སུ་རྩོད་པ་མཛད་སྐབས་དགེ་ལེགས་དཔལ་བཟང་གིས་བོ་དོང་པཎ་ཆེན་ཕམ་པ་བཟོས་པའི་ལོ་རྒྱུས་ཁྱབ་བསྒྲགས་དང་གསར་དུ་བཞེངས་པའི་ངམ་རིངས་ཆོས་སྡེའི་ལྡིབ་བྲིས་སུ་བོ་དོང་ཕྱོགས་རྒྱལ་ཕམ་པའི་ཚུལ་གྱི་རྣམ་པ་སོགས་ཀྱི་ལོ་རྒྱུས་དང་པར་རིས་གཉིས་མཉམ་དུ་དྲྭ་རྒྱའི་ཐོག་སྤེལ་བ་དེར་དམིགས་ནས་ཡིན། འོན་ཀྱང་མཁས་གྲུབ་རྗེའི་རྣམ་ཐར་ཚང་མར་ཁོང་བོ་དོང་པཎ་ཆེན་གྱི་དྲུང་ནས་ཆོས་གསན་པ་དང་དངོས་སློབ་ཡིན་པའི་སྐོར་ཟུར་ཙམ་ཡང་སྨོས་མིན་འདུག་ཀྱང་། བོ་དོང་པའི་རྣམ་ཐར་རྒྱས་པ་ཁག་བཞི་ཙམ་ཡོད་པ་ཚང་མའི་ནང་མཁས་གྲུབ་རྗེ་ནི་བོ་དོང་པའི་ཉིན་ཟླ་ལྟར་གྲགས་པའི་ཐུགས་སྲས་གཉིས་ཀྱི་ཡ་གྱལ་ཉི་མ་ལྟ་བུའི་ཐུགས་སྲས་མཁས་གྲུབ་དགེ་དཔལ་བཟང་ཞེས་གསལ་བ་དང་། ལྷག་དོན་དུ་པཎ་ཆེན་ཉིད་ཀྱིས་ཡར་འབྲོག་ཁྲི་དཔོན་ལ་བསྩལ་བའི་ཆབ་ཤོག་ནང་བདག་རང་ལ་རྣམ་ཐར་ངོ་མཚར་ཆེ་བ་ཞིག་མེད་ཀྱང་བུ་ངག་གི་དབང་ཕྱུག་གིས་བྲིས་པའི་རྣམ་ཐར་འོད་ཟེར་དཀར་པོའི་འཕྲེང་བ་ལ་ལྟོས་ཞེས་གསུངས་པ་ལྟར་རྣམ་ཐར་དེའི་ནང་གསལ་བའི་རྩོད་ཡིག་རྣམས་ཁུང་ལྡན་ཡིན་པ་སྨོས་མེད་ལགས། ལོ་རྒྱུས་ནི་ལོ་རྒྱུས་རང་རེད་ལོ་ངོ་བརྒྱ་ཕྲག་གོང་ནས་བྱུང་བའི་ལོ་རྒྱུས་རེད། ལོ་རྒྱུས་གང་འདྲ་ཞིག་ཡིན་རུང་ངོ་མ་ཡིན་པའི་བདེན་པ་མེད་ལ་རྫུན་པ་ཡིན་པའི་བདེན་པ་དེ་བས་མེད། ང་ཚོ་རྗེས་རབས་པ་ཚོས་ཕྱོགས་ཞེན་གྱི་སྐད་ཆ་མེད་པའི་ཐོག་ལོ་རྒྱུས་ཚང་མར་དོ་སྣང་དང་ཞིབ་འཇུག་ལེགས་པར་གནང་ན་ཤིན་ཏུ་ལེགས་སོ། །
ཞེས་ངམ་རིངས་ཆོས་སྡེའི་གྲྭ་དགེ་འདུན་ཆོས་འཕེལ་ལམ་དྲྭ་མིང་ཞེན་པ་དཀར་པོས་བྲིས་པའི་༼བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དང་རྗེ་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ངམས་རིངས་སུ་རྩོད་པ་མཛད་པའི་སྐོར་༽ཅུང་ཟད་བརྗོད་པ་ལ་འཕྲུལ་སྣང་གཡའ་གསེལ་དུ་ཡར་འབྲོག་བསམ་སྡིངས་དགོན་བོ་དོང་དཔེ་རྙིང་བསྡུ་བསྒྲིགས་ཁང་གི་བསྡུ་བསྒྲིག་པ་ཚེ་རིང་དར་རྒྱས་སམ་དྲྭ་མིང་ཡར་འབྲོག་ཨ་ཇོ་རུ་འབོད་པ་དེས་ཡུལ་དབུས་ལྷ་ལྡན་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བོ་དོང་པཎ་ཆེན་གྱི་རྗེས་དྲན་ཉིན་མོའི་སྔ་ནུབ་ཏུ་སྤྲིངས་སོ། །
སང་ཉིན་ནི་གངས་ལྗོངས་མཁས་པའི་ཁྱུ་མཆོག་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་མཆོག་དགོངས་པ་མྱ་ངན་ལས་འདས་པའི་དུས་མཆོད་ཀྱི་རྗེས་དྲན་ཉིན་མོ་ཡིན་པར་བརྟེན། <<ལ་སྟོད་བྱང་ངམ་རིངས་སུ་བོ་དོང་པཎ་ཆེན་དང་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོ་རྣམ་གཉིས་རྩོད་པ་མཛད་ཚུལ་གྱི་སྐོར་རྣམ་ཐར་དུ་གསལ་བའི་རྩོད་ཡིག་ལས་ཟུར་འཁོལ་དུ་ཕྱུངས་པ་བཞུགས་སོ། །>>ཞེས་པ་འདི་ཉིད་དྲྭ་གྲོགས་རྣམ་པ་ཚོའི་སྤྱན་ལམ་དུ་ཕུལ་ཡོད།