མངའ་རིས་སུ་གནའ་ཤུལ་གྲགས་ཅན་འཚོལ་ཞིབ་ཏུ་བསྐྱོད་པའི་ཟིན་བྲིས།

༄༅།། མངའ་རིས་སུ་གནའ་ཤུལ་གྲགས་ཅན་འཚོལ་ཞིབ་ཏུ་བསྐྱོད་པའི་ཟིན་བྲིས།

འཕྲིན་ལས་ཆོས་གྲགས།

  མི་རྣམས་ཀྱིས་གངས་ཅན་སཱ་ལའི་སྨན་ལྗོངས་འདིར “འཛམ་གླིང་གི་རྩེ་མོ”ཞེས་སུ་བརྗོད་པས་ན། དེའི་ནུབ་བྱང་ཕྱོགས་ཀྱི་ས་འཛིན་གྱི་ཕྲེང་བ་རིམ་པར་འདས་པའི་ས་ན་ཡོད་པའི་སྟོད་མངའ་རིས་ཞེས་བྱ་བའི་ཡུལ་དེ་ནི་བོད་ལྗོངས་ཀྱི་ཡུལ་གྲུ་གཞན་ལས་ཆེས་བླ་མཐོར་འཕགས་པས་“འཛམ་གླིང་གི་རྩེ་མོའི་རྩེ་མོ”ཉིད་དུ་ངོས་འཛིན་ལོས་ཆོག
སྟོད་མངའ་རིས་ཞེས་བྱ་བའི་ཡུལ་དེ་ནི་ས་བབ་མཐོ་ལ་གྲོང་དང་གྲོང་རྡལ་ཉུང་བ་དང་དེར་འགྲོ་བར་བཤུལ་ཐག་རིང་ཞིང་འགྲིམ་འགྲུལ་མི་བདེ་བ་སོགས་ཡོད་ནའང༌། ས་དེར་ཏི་སེའི་རི་བརྒྱུད་ཀྱི་གཙོ་རི་གངས་རིན་པོ་ཆེ་དང་མཚོ་མ་ཕམ་སོགས་གནས་ཆེན་ཁྱད་པར་དུ་འཕགས་པ་དང་གནའ་ཤུལ་གྲགས་ཅན་གྱི་ལོ་རྒྱུས་ནོར་བུའི་ཕྲེང་བ་ལུང་རིག་གི་སྲད་བུར་བསྟར་བས་སྐྱེ་བོ་དུ་མའི་བློ་ཡུལ་དུ་དེ་ནི་དཔོག་པར་དཀའ་བའི་ཡ་མཚན་འཕྲུལ་སྣང་གི་ཡུལ་ཞིག་ཏུ་གྱུར། གཟིགས་དང༌། གངས་དཀར་ཏི་སེའི་བྱང་ངོས་ཁུ་ནུ་རི་རྒྱུད་ཀྱི“ཧོ་ཡན་ཧྲན་鉋ཞེས་པའི་མེ་ལྕེའི་རི་དེ་ནི་སྔ་དུས་ཐང་སང་བླ་མ་རྒྱ་གར་འཕགས་པའི་ཡུལ་དུ་དམ་པའི་ཆོས་ཞུ་བར་ཕེབས་དུས་ཡུལ་དེར་ཕེབས་པ་དང་སྲིན་པོས་མེ་རླབས་ཀྱིས་བཀག་པས་སློབ་མ་སྤྲེའུའི་རྒྱལ་པོས་སྲིན་པོའི་བུ་མོ་ལྕགས་ཡབ་སྲས་མོའི་ཁྱོ་བོར་སྤྲུལ་ནས་སྲིན་པོའི་ནོར་བུ་སྟེ་ཆུ་ཤིང་གི་རླུང་ཡབ་ལོན་ཐབས་བྱས་ཏེ་སློབ་དཔོན་ཐང་སང་མེ་ཡི་འཇིགས་པ་ལས་ཐར་བར་བྱས་པའི་སྐོར་གྱི་གཏམ་རྒྱུད་ཀྱང་གླེང་དུ་ཡོད་པར་གྲགས། ཏི་སེའི་ལྷོ་ངོས་ཧི་མ་ལ་ཡའི་རི་རྒྱུད་དུ་ཇོ་མོ་གླང་མས་གཙོས་པའི་རི་རྩེ་མཐོན་པོ་ལྔ་གཟེངས་སུ་ཐོན་པ་དེ་ལ་ཇོ་མོ་ཚེ་རིང་མཆེད་ལྔས་མི་ཡུལ་དུ་བདེ་སྐྱིད་བསྐྲུན་པའི་གཏམ་རྒྱུད་སྙན་པར་གྲགས་ཤིང༌། གཙོ་རི་ཇོ་མོ་གླང་མ་ཕྱག་ན་མེ་ལོང་ཐོགས་པ་སྣང་གསལ་པྲ་སྟོན་མཐིང་གི་ཞལ་བཟང་མ་དང༌། དེའི་གཡས་གཡོན་གྱི་རི་རྩེ་བཞི་བོ་ནི་ཚེ་བུམ་བསྣམས་པ་འཆི་མེད་ཚེ་ཡི་མཆོག་སྩོལ་ཚེ་རིང་མ། ཞལ་ཟས་ཐོགས་པ་ཟས་ཀྱི་དཔལ་སྟེར་མི་གཡོ་བློ་བཟང་མ། ནོར་གཞོང་བསྣམས་པ་ནོར་གྱི་མཆོག་སྩོལ་ཅོད་པན་མགྲིན་བཟང་མ། ཕྱག་ན་འོ་ཟོ་བསྣམས་པ་རྐང་བཞི་འཕེལ་མཛད་གཏད་དཀར་འགྲོ་བཟང་མ་བཅས་ཟེར་རོ། ཡིན་ནའང་རི་རྒྱུད་དེ་གཉིས་པོར་གངས་དཀར་ཏི་སེ་ལྟ་བུའི་ངོ་མཚར་འཕྲུལ་སྣང་གི་བཀོད་པ་མཐའ་ཡས་པ་ནི་ཡོད་མ་ཡིན།

གནས་ཀྱི་གཙོ་བོར་གྱུར་པ་གངས་རིན་པོ་ཆེ།
གངས་དཀར་ཏི་སེ་ཞེས་པའི་ཐ་སྙད་དེ་ལ་སྐད་རིགས་གཉིས་ཀྱི་ཡི་གེའི་གོ་དོན་ཡོད། དེ་ཡང་“གངས” ཞེས་པ་བོད་སྐད་དངོས་དང“ཏི་སེ”ཞེས་པ་སཾ་ཀྐྀ་ཏའི་སྐད་དེ། དེ་ཡང་གངས་རིའི་དོན་ཡིན་ནོ།།
གངས་ཏི་སེའི་རི་རྒྱུད་ཀྱི་ས་བབ་མཐོ་ལ་གྲང་ངར་ཤིན་ཏུ་ཆེ་ཞིང༌། ཁ་བའི་རྡུལ་གྱིས་བརྩེགས་པའི་ཟོམ་དུ་འཁྱགས་པའི་རལ་བ་འཕྱང་འཕྲུལ་ཡོལ་བ་ལྟ་བུའི་རྒྱབ་ཏུ་མ་བཅོས་ལྷུན་གྱིས་གྲུབ་པའི་དྭངས་གསལ་ཆུ་ཤེལ་གྱི་ཕུག་པ་དང༌། སྤོ་རུ་ཀེར་ལངས་པའི་འཁྱགས་པའི་མྱུ་གུ་སྤེན་ཏོག་དབྱིབས་ཅན་ཉམས་དགའ་བ། སྲ་ཞིང་མཁྲེགས་པའི་འཁྱགས་རོམ་ཆེན་པོས་དཀན་གཟར་རི་བོའི་ཕྱོགས་གཉིས་ལྷན་དུ་སྦྲེལ་བའི“འཁྱགས་ཟམ”སོགས་བརྗིད་ཆགས་ངོ་མཚར་ཆེ་བའི་བཀོད་པ་ཇི་སྙེད་ལྡན།
གངས་ཏི་སེའི་རི་རྒྱུད་ཀྱི་གཙོ་རི་གངས་རིན་པོ་ཆེ་ཞེས་པ་དེ་ནི་ད་ལྟའི་མངའ་རིས་ཀྲོན་ཆུས་སྤུ་ཧྲེང་རྫོང་གི་ཁོངས་སུ་གཏོགས། 鉄གནས་ཆེན་ཏི་སེ་དང་མཚོ་མ་ཕམ་བཅས་ཀྱི་གནས་ཡིག་སྐལ་ལྡན་ཐར་ལམ་འདྲེན་པའི་ལྕགས་ཀྱུ鉅ཞེས་པ་ལས་“སྔོན་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པའི། །རི་མ་ལ་ཡ་ཞེས་ཡོངས་སུ་གྲགས། །དཔལ་འཁོར་ལོ་སྡོམ་པ་བཞུགས་པའི་གནས། །དུས་ད་ལྟ་འཇིག་རྟེན་མཆོད་པའི་རྟེན། །ཏི་སེ་གངས་ལ་སྒོམ་པ་དགའ། །ཏི་སེ་གངས་ལ་བྱོན་པ་སྐྱིད། །དགྲ་བཅོམ་ལྔ་བརྒྱ་བཞུགས་པའི་གནས། །གོང་མ་ཡོན་ཏན་སྐྱེ་བའི་ས། །ད་ལྟ་དད་ལྡན་འདུ་བའི་རྟེན། །ཕུ་ནི་ཧམ་རི་གངས་གྱིས་བསྐོར། །མདའ་ན་མ་ཕམ་སྡོན་མོ་འཁྱིལ། །བར་ན་བདེ་སྟོང་གསལ་བའི་ཉམས། །གཡས་རི་རྒྱལ་མཚན་འཕྱར་བ་འདྲ། །རྒྱབ་རི་དར་དཀར་གཡོག་པ་འདྲ། །གཡོན་རི་རྒྱ་སྟག་འཕྱོ་བ་འདྲ། །མདུན་རི་རིན་ཆེན་སྤུངས་པ་འདྲ། །སྟེང་ན་བཀའ་རྒྱུད་བླ་མ་བཞུགས། །འོག་ན་དམ་ཅན་གློག་ལྟར་འཁྱུག །མ་དང་མཁའ་འགྲོ་སྤྲིན་ལྟར་འཐིབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །”ཞེས་གསུངས་པ་ལྟར། ཕུ་ན་གངས་རིས་བསྐོར་བ་དང༌། མདའ་ན་དབུ་བའི་འཛུམ་དཀར་གྱི་རླབས་ཕྲེང་འཕྱུར་བའི་མ་ཕམ་གཡུ་མཚོས་མཛེས་པ། གཡས་རི་བང་རིམ་ཅན་དེ་རྒྱལ་མཚན་གྱི་བཀོད་པ་དང་མཚུངས་ཤིང༌། གཡོན་རི་སྟག་མོ་གནམ་དུ་མཆོང་བ་འདྲ་བའི་སྤོས་ངད་རི་དཔྱད་ལེགས་པ། མདུན་རི་རིན་ཆེན་སྤུངས་པ་འདྲ་བ་བཅས་ཁོར་ཡུག་གི་བཀོད་པ་པིར་ཐོགས་མཁས་པས་ཇི་བཞིན་འབྲི་བར་མི་ནུས་པའི་ཉམས་དགའི་ངོ་མཚར་ཡི་གེར་བཀོད་པ་ལྟར་དུ་སྣང་བ་དང༌། ལྷག་པར་དུ་རྗེ་བཙུན་སྟག་རྩེ་བ་ཆེན་པོའི་གསུང་མགུར་ལས་གངས་རིན་པོ་ཆེ་ཡི་ཉམས་དགའི་ལྗོངས་ཀྱི་བཀོད་པ་བརྗོད་པ་འདི་ལྟ་སྟེ།
ས་འཛམ་གླིང་རི་རྒྱལ་ཏི་སེ་འདི། །གངས་དབྱིབས་ཟླུམ་དགུང་དུ་རྩེ་མཐོ་བ། །ལྷོ་སྤྲིན་གྱི་མགོ་ལྕོག་ལྡིང་ཞིང་མཛེས། །མཇའ་ཚོནསྣ་ལྔའི་ཅོད་པན་ཁུར། །རབ་དཀར་ཤེལ་གྱི་ཟུར་ཕུད་རྩེར། །འོད་གསལ་ཉི་ཟླའི་རྣ་ཆ་གཡོ། །མགུལ་ཆུ་དངུལ་གྱི་བུམ་པ་ལ། །སྣ་ཚོགས་འོད་ཟེར་པ་ཏྲ་རིས། །མཚམས་སྤྲིན་གཞོན་ནུའི་བགུལ་རྒྱན་ལ། །བསིལ་ཟེར་འོད་ཀྱི་དྲ་བ་འཁྱུད། །སྐེད་སྐབས་དར་དཀར་ན་བཟའ་ལ། །དབང་པོའི་གཞུ་རིས་སྐུ་ཆིངས་བཏབ། མདངས་བཟང་མཐོན་ཀའི་ཤམ་བུ་ལ། །སྣ་ཚོགས་མེ་ཏོག་འཕྲ་ཚོམ་ཅན། །ཉི་འོད་འཆར་ཀའི་དར་དཔྱངས་ལ། །འཕྱང་འཕྲུལ་རིན་ཆེན་རྒྱན་གྱིས་མཛེས། །བྲག་རི་སྤང་དང་ནེའུ་གསིང་སོགས། །རྩ་བ་པད་མ་སྤུངས་པའི་དབྱིབས། །སྤོས་ངད་ལྡན་སོགས་སྨན་རི་དང༌། །གངས་རི་ཡིད་འོང་བཐའ་ནས་བསྐོར། །ཅེས་སོགས་གསུངས་པ་ལྟར་རྡུལ་གྱིས་མ་གོས་པའི་ཆུ་ཤེལ་གྱི་ལྷུན་པོ་ལྟར་རི་བོ་ཏི་སེའིརྩེ་མོ་ནམ་མཁའི་དབྱིངས་སུ་ཟུག་འདྲ་བ་མཐོང་བཙམ་གྱིས་ཡིད་དབང་འགུགས་པའི་ངོ་མཚར་ལྡན་པ། མཐོན་མཐིང་ནོར་བུའི་འོད་ཆགས་ཀུནགསལ་དབྱིངས་ནས་ཆུ་འཛིན་གཞོན་ནུས་མགོ་ལྕོག་ལྡེམ་ཞིང་ལང་ལོང་གཡོ་བའི་གར་སྒྱུར་གྱི་སྙིམ་པ་ཟུམ་སྟེ་ཤིས་པ་བརྗོད་ཅིང་དེ་ལ་འདུད་པ། རབ་དཀར་ཤེལ་གྱི་ཟུར་ཕུད་རྩེ་རུ་མཚམས་སྤྲིན་དམར་པོའི་མཛེས་པ་ངོམས་ཤིང་ས་འཛིན་དགའ་མའི་མགུལ་གྱི་བུམ་བཟང་ལས་བདུད་རྩིའི་རྒྱུན་བཟང་ལྷུང་ལྷུང་དུ་འབབ་པའི་སྒྲ་སྙན་པར་གྲགས་པས་ཡིང་འཕྲོག་རྣ་བའི་ཅོང་པན་གཡོ་བ་མེད། སྐེད་སྐབས་དབང་བའི་གཞུ་ཡིས་རབ་བཅིངས་ཚོན་མདངས་རྣམ་པར་བཀྲ་བ་འཕྲ་ཚོན་རབ་བརྒྱན་ཆ་མ་ལྟར་དུ་མཛེས། སྨད་འདབས་སྔོ་ལྗང་ལོ་འདབ་རབ་ཏུ་རྒྱས་པའི་ནེའུ་གསིང་གི་གཞིར་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཞིང༌། ལྟུང་ལྷུང་དལ་གྱིས་འབབ་པའི་ཆུ་ཕྲན་དུ་མ་དྲི་མེད་དབང་སྔོན་བཞུས་པ་འཁྱིལ་འདྲའི་མ་ཕམ་གཡུ་མཚོར་འདུས། དེ་ལྟར་ངོ་མཚར་ཐམས་ཅད་བསྡུས་པའི་གཟུགས་བརྙན་དེ་རྣམས་འཇིག་རྟེན་བྱེད་པོས་སྤྲུལ་པ་ཇི་བཞིན་མིག་ལྡན་ཀུན་གྱི་ཡིད་དབང་འཕྲོག་པར་འགྱུར།
དེ་ལྟའི་བརྗིད་ཆགས་ཉམས་དགའ་བའི་གནས་དེར་སྔོན་བྱོན་མཁས་གྲུབ་ལོ་པཎ་དུ་མས་ཞབས་ཀྱིས་བཅཊ་པ་དང་སྒྲུབ་པ་སྙིང་པོར་མཛད་པར་མ་ཟད་གནས་དེར་ཆོས་ཕྱོཊ་ཀྱི་འགྲེལ་བཤད་མང་པོ་གནང་བ་དཔེར་ན་གྲུབ་ཆེན་གླིང་རས་པས་“གངས་ཁྱད་པར་ཅན་གྱི་ཏི་སེ་ཡང༌། ཕྱི་གཞལ་ཡས་ཁང་གི་བཀོད་པ་དེ། །ནང་གསང་སྔགས་ལྷ་ཡི་བཞུགས་གནས་ཡིན། །ཏི་སེ་ཤེལ་གྱི་མཆོད་རྟེན་ལ། །བསྐོར་ལམ་གསུམ་དུ་ཡོད་པ་དེ། །རྩེ་ལ་དགྲ་བཅོམ་རྣམས་ཀྱིས་བསྐོར། །བར་ལ་དཔའ་བོ་མཁའ་འགྲོས་བསྐོར། །མ་དག་རིགས་དྲུག་ཕྱི་ལ་བསྐོར། །”ཞེས་དང༌། ཡང་འགྲོ་མགོན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་“གངས་ཁྱད་པར་ཅན་གྱི་ཕོ་བྲང་ལ། །དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས། །དོན་མེ་ལོང་ནང་གི་གཟུགས་བརྙན་བཞིན། །གནས་གསལ་ལ་ངོས་བཟུང་མེད་པར་མཐོང༌། །鉋ཞེས་གསུངས་པས་རྒྱལ་ཁབ་ཕྱི་ནང་གི་སངས་རྒྱས་ཆོས་ལ་དད་པའི་སྐྱེ་བོ་མང་པོས་རང་ཉིད་ནམ་འཚོའི་རིང་གནས་ཆེན་གངས་རིན་པོ་ཆེ་ཐེངས་གཅིག་མཇལ་ནས་ཚོགས་བསགས་སྒྲིབ་སྦྱོང་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་དྲག་པོས་བཤུལ་ཐག་དང་དཀའ་ངལ་གང་ལའང་ཇི་མི་སྙམ་པར་བུང་བའི་ཚོགས་པད་མའི་ཚལ་ལ་འདུ་བའི་ངང་ཚུལ་ཨེ་སི་ལམ་གྱི་ཆོས་ལ་དད་པའི་སྐྱེ་བོ་ཚོས་རིང་མོ་ཉིད་ནས་བུང་བའི་སྦྲང་རྩི་ལྟར་སྤྱོད་མི་ནུས་པར་བསཊ་པའི་དངོས་པོ་ཅི་ཡོད་པ་ཁྱེར་ཏེ་གནས་ཆེན “མ་ཁ”ལ་མཇལ་བར་འགྲོ་བ་དང་གཉིས་སུ་མེད། ལྷག་པར་དུ་མི་རིང་བའི་སྔོན་ལ་ཁྱིམ་མཚེས་རྒྱལ་ཁབ་ཅིག་གི་བློན་ཆེན་ཞིག་བོང་བུའི་བཞོན་པར་བརྟེན་ནས་ལ་དགུ་ཀླུང་གསུམ་བརྒལ་ཏེ་གངས་ཅན་གྱི་རི་བོ་ཏི་སེ་མཇལ་བར་འོངས་པ་བཅས་ལ་གཞིགས་ན་གངས་དཀར་ཏི་སེ་ནི་དད་ལྡན་སྐྱེ་བོ་རྣམས་ཀྱིས་གནས་མཆོག་ཁྱད་པར་ཅན་ཇི་ལྟ་བུ་ཞིག་ཏུ་བརྩི་བ་ནི་སྨོས་མ་དགོས་སོ། །

གནས་རི་དེ་དེ་ལྟར་ངོ་མཚར་ཆེ་བའི་རྒྱུ་མཚན།

གངས་དཀར་ཏི་སེ་ནི་དེ་ལྟ་བུའི་ངོ་མཚར་འཕྲུལ་སྣང་གི་རང་བཞིན་ལྡན་པ་དང༌། རྒྱལ་ཁབ་ཕྱི་ནང་གི་སངས་རྒྱས་ཆོས་ལུགས་པ་མང་པོས་དེ་ལ་དད་པ་རྩེ་གཅིག་ཏུ་བྱེད་པའི་རྒྱུ་མཚན་ནི། སངས་རྒྱས་ཆོས་ལུགས་ཀྱི་སྐྱེས་ཆེན་དམ་པ་མང་པོས་གནས་ཆེན་དེར་ཆེད་དུ་ཞབས་ཀྱིས་བཅགས་ཏེ་ས་མཐོ་གྲང་རེག་གིས་མི་བཟོད་པ་དང༌། ཁ་བའི་རྒྱུན་ཉིན་མཚན་ཁོར་མོ་ཡུག་ཏུ་ཟིམ་བུར་བབས་ནས་ཁ་བའི་ཕུང་བོ་ཐོག་ཚད་ལོངས་པས་སྒྲུབ་ཕུག་གི་སྒོ་བསྡམས་ཀྱང་ད་དུང་ཇི་མི་སྙམ་པར་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པ་དང༌། གནས་ཆེན་དེར་སྐྱེ་བོ་ཐུན་མོང་དང་ཐུན་མོང་མིན་པ་སོ་སོའི་གཟིགས་ངོར་ངོ་མཚར་འཕྲུལ་སྣང་གི་བཀོད་པ་མཐའ་ཡས་པ་སྣང་ཞིང༌། བླ་ཆེན་མང་པོས“གངས་ཅན་གྱི་རི་བོ་ཏི་སེ་ལ་འཕགས་པ་གནས་བརྟན་ཡན་ལག་འབྱུང༌། དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར་ནས་ཡོད་པས་དེ་ནི་སྡིག་ཅན་སྒྲིབ་པའི་སྦྱོང་བའི་རྟེན་དང༌། འབྱོར་ལྡན་བསོད་ནམས་གསོག་པའི་རྟེན། དད་ལྡན་གུས་མོས་བྱེད་པའི་རྟེན། བྱིན་རླབས་དངོས་གྲུབ་འབྱུངབའི་རྟེན་བཅས་ཡིན།”ཞེས་གསུངས། སྔོན་འདས་པའི་ལོ་སྟོང་ལ་ཉེ་བའི་གོང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་པའི་ལམ་བར་རི་བོ་ཏི་སེའི་འདབས་སུ་བྱོན་སྐབས་གངས་རི་ལས་སྒྲ་ཞིག་ལྷང་ལྷང་དུ་གྲགས་པས་ཇོ་བོ་རྗེས་བུ་སློབ་རྣམས་ལ“ཁྱོད་ཚོས་ཉོན་དང༌། སྒྲ་དེ་ནི་གངས་རིའི་སྟེང་ནས་གནས་བརྟན་ཡན་ལག་འབྱུང་འཁོར་དང་བཅས་པས་གན་དེ་བརྡུངས་པའི་སྒྲ་ཡིན་གཤིས། ད་དེ་ངེད་རྣམས་ཀྱང་འདིར་ངལ་གསོ་དགོས་པས་གུང་ཚིགས་ཀྱི་སྟ་གོན་གྱིས།
”ཞེས་གསུངས། དེ་ནས་བཟུང་གནས་མཇལ་བ་ལས་ཅན་ཚོར་གངས་རིའི་ཕྱོགས་བཞིའི་ཁྲོད་ནས་རོལ་མོའི་སྒྲ་སོགས་ཐོས་ཡོང་ཟེར་སྐད།

སྙན་གྲགས་ཀྱི་བ་དན་འཛམ་གླིང་ན་གཡོ་བའི་རྗེ་བཙུན་མི་ལ་རས་པའིམཛད་པའི་གཏམ་རྒྱུད་ཀྱིས་ཀྱང་གངས་ཅན་གྱི་རི་བོ་དེ་ལ་གཟི་བརྗིད་ཆེན་པོ་བསྣན་ཡོད།
རྗེ་བཙུན་མི་ལ་རས་པ་ནི་ལ་སྟོད་གུང་ཐང་སྐྱ་རྔ་རྩ་རུ་སྐུ་འཁྲུངས་ཤིང་སྐུ་ན་ཆུང་དུས་ཁྱིམ་འཁོས་ཧ་ཅང་ཞན།
ཁོང་གིས་དབུས་ལྷོ་བྲག་ཁུལ་དུ་གསང་སྔགས་ལ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་མར་པ་ལོ་ཙཱ་བའི་མཚན་སྙན་ཐོས་ཏེ་དེའི་དྲུང་དུ་གཤེགས་ནས་སྒོ་གསུམ་གུས་པས་བཏུད་པ་དང༌། བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས་ཏེ་གསང་སྔགས་ཀྱི་གདམས་པ་ཟབ་མོ་འཐོབ་ཕྱིར་སྲས་མཁར་དགུ་ཐོག་བཞེངས་པ་སོགས་དཀའ་ཐུབ་ལོ་ཟླ་མང་པོའི་རིང་སྤྱད་མཐར་གསང་སྔགས་ཀྱི་སྡོམ་པ་མནོས་ནས་གྲུབ་པ་ཐོབ་རྗེས་མར་པ་ལོ་ཆེན་གྱིས་མི་ལ་རས་པར“བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་རི་བོ་གངས་དཀར་ལ་སྒོམ་དུ་སོང༌།” ཞེས་གསུངས་པ་ལྟར་མི་ལ་སྟོད་ཕྱོགས་སུ་བྱོན་ཏི་ཟྭ་ཚོད་ཙམ་ལ་བརྟེན་ནས་སྒྲུབ་པ་ཡུན་རིང་མཛད་པ་དང༌། རས་ཆུང་པ་ལ་སོགས་པའི་སློབ་མ་མང་པོ་སྨིན་པར་མཛད་ནས་སྒྲུབ་རྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དུ་འཁོད་པ་ལྟར་ན། མི་ལ་རས་པ་རི་བོ་ཏི་སེའི་ཕུག་ཏུ་སྒྲུབ་པར་བཞུགས་སྐབས་ཁོང་དང་ན་རོ་བོན་ཆུང་གཉིས་མཚོ་མ་ཕམ་དང༌། གངས་ཏི་སེའི་གནས་བདག་སུས་བྱེད་པའི་དོན་དུ་རྫུ་འཕྲུལ་ཆེན་པོ་ལན་ལྔ་འགྲན་ཡང་ན་རོ་བོན་ཆུང་གིས་རྗེ་བཙུན་གྱི་དོ་ཟླ་མ་ཐུབ་པས་མཐར་ན་རོ་བོན་ཆུང་གིས“རང་རེ་གཉིས་ཚེས་ཆེན་བཅོ་ལྔ་ལ་གངས་ཏི་སེའི་རྩེ་མོར་སྔོན་ལ་སླེབས་ཤིང་མགྱོགས་པ་དེར་ཏི་སེ་དབང་བར་བྱ་རྒྱུར་ཐག་གཅོད། ” ཅེས་ཟེར་བ་ལྟར་མཛད་རྒྱུར་ཐག་བཅད་དོ། །ཚེས་ཆེན་བཅོ་ལྔའི་ཐོ་རངས་སུ་བོན་ཆུང་གཤང་དཀྲོལ་ཞིང་རྔ་ལ་བཞོན་ནས་འགྲོ་བ་རྗེ་བཙུན་གྱི་བུ་སློབ་རྣམས་ཀྱིས་གཟིགས་ཏེ་རས་ཆུང་པས“རྗེ་བཙུན་ལགས། བོན་ཆུང་ནི་སྔ་མོ་རང་ནས་རྔ་ལ་བཞོན་ཏེ་ཏི་སེའི་སྐེད་པ་ན་ཡར་སླེབས་འདུག རྗེ་བཙུན་ད་དུང་བཞུགས་ནས་བོན་པོ་ལ་གནས་སྐྱེལ་བ་ལགས་སམ”ཞེས་ཞུས་པས་རྗེ་བཙུན་གྱིས་ལྟ་སྟངས་ཤིག་མཛད་པས་བོན་ཆུང་གྱེན་ལ་འགྲོ་མ་ནུས་པར་བསྐོར་བ་ལ་སོང་བ་གཟིཊ། དེ་ནས་རྗེ་བཙུན་ཆེན་པོས་ན་བཟའི་རས་གཤོག་བརྐྱངས་མཛད་ནས་འཕུར་ཏེ་བྱོན་པས་སྐད་ཅིག་ཉིད་ལ་གངས་ཏི་སེའི་རྩེ་མོར་ཕེབས་པ་དང་ཉི་མ་ཤར། དེའི་ཚེ་རྗེ་བཙུན་ཆེན་པོས་དངོས་རྒྱུད་ཀྱི་བླ་མ་རྣམས་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་འཁོར་དང་བཅས་པ་ཁྲ་ལམ་མེར་བཞུགས་པ་དང་མཇལ། ད་གཟོད་ན་རོ་བོན་ཆུང་ཡང་ཏི་སེའི་མགུལ་ནས་ཡར་སླེབས་བྱུང་བར་རྗེ་བཙུན་མཇལ་བ་དང་ཟིལ་མ་བཟོད་པས་དེ་ནས་ལྷུངས་པ་དང་འོག་གི་རྔ་ཏི་སེའི་ལྷོ་ཕྱོགས་ནས་མར་རྦབ་ཏུ་ཤོར་བས་བོན་ཆུང་གི་ང་རྒྱལ་དང་དྲེགས་པ་ཉམས་ཏེ་གུས་པའི་བརྟུལ་ཞུགསལྷུར་ལེན་གྱིས“ད་ཁྱེད་རྫུ་འཕྲུལ་དང་ནུས་པ་ཆེ་བར་སོང་བས་གངས་དཀར་ཏི་སེ་ཁྱེད་ལ་ཐོབ་པ་ཡིན། ང་ལ་ཡང་གནས་འདི་མཐོང་ས་ཞིག་ཏུ་སྡོད་ས་ཞིག་དགོས”ཟེར་བར། རྗེ་བཙུན་གྱིས་རྫུ་འཕྲུལ་རྣམ་པར་རྒྱལ་བའི་རྩལ་ཉི་ཤུའི་མགུར་གསུངས་པའི་མཐར།
“རྩལ་དེས་ཆོས་ལོག་ཚར་བཅད་ནས། གངས་དཀར་ཏི་སེ་ངར་དབང་ཕྱིར། གནས་འདིར་དམ་ཆོས་བསྟན་པ་དར། རྒྱལ་བ་གོང་མའི་བཀའ་དྲིནཡིན། གསོལ་ལོ་མཆོད་དོ་ཡེ་ཤེས་ལྷས”ཞེས་གསུངས། ན་རོ་བོན་ཆུང་ན་རེ།“ཁྱེད་ཀྱི་རྫུ་འཕྲུལ་དང་ནུས་པ་ལ་ཡིད་ཆེས་ངོ་མཚར་ཆེ། ང་ཏི་སེ་ལ་སྐབས་སྐབས་སུ་སྐོར་བ་བྱེད་རྒྱུ་ཡོད་པ་དང༌། དེ་དུས་སྡོད་ས་ཞིག་ཁྱེད་ཤེས།”ཟེར་བས། རྗེ་བཙུན་གྱིས“འོ་ན་ཁྱེད་རང་སྐོར་བ་གྱིས། སྡོད་ས་ཡང་འདིའོ། །”ཞེས་གསུངས་པས་ད་ལྟའི་ཏི་སེའི་འདབས་ཀྱིམཆོད་རྟེན་ཁོང་སེང་ཞེས་སུ་གྲགས་པ་དེའོ། །དུས་ད་ལྟ་ཡང་རི་བོ་ཏི་སེར་ཁ་བས་ཇི་ལྟར་གཡོགས་རུང་རི་བོའི་ལྷོ་ངོས་གྲོག་ཤུར་ཞིག་ལ་ཁ་བས་མ་གོས་བར་ནག་ཤུལ་རིང་མོ་ཞིག་མཆིས་པ་དེ་ནི་མི་ཚོས་སྔར་བོན་ཆུང་གི་རྔ་བོ་འགྲིལ་བའི་ཤུལ་ལ་ངོས་འཛིན་པ་དང༌། རི་འདབས་ཀྱི་ཕ་བོང་ཞིག་གི་ངོས་ལ་ཡང་རྔའི་དབྱིབས་དང་མཐུན་པའི་རྗེས་མངོན་པར་གསལ་བ་དེ་ཡང་ན་རོ་བོན་ཆུང་གི་རྔ་ཟགས་པའི་ཤུལ་ཡིན་པར་གྲགས་སོ། །
རྗེ་བཙུན་མི་ལ་རས་པ་དང་ན་རོ་བོན་ཆུང་གཉིས་རྫུ་འཕྲུལ་འགྲན་པའི་གཏམ་རྒྱུད་དེའི་ནང་དོན་སྐོར་ཆོས་པ་ཚོས་རང་སྣང་བསམ་ཚོད་ཀྱི་རྒྱས་བཤད་འདྲ་བྱེད་སྲིད་མོད། འོན་ཀྱང་གཏམ་རྒྱུད་དེའི་ཐོག་ནས་པུར་རྒྱལ་བཙན་པོའིརྒྱལ་རབས་རྗེས་ཀྱི་བོད་སིལ་བུའི་དུས་སྐབས་སུ་ཆོས་ལུགས་གྲུབ་མཐའ་ཁག་གི་བར་དུ་རང་རྒྱལ་ཁྱོད་ཕམ་གྱི་འཐབ་རྩོད་ཛ་དྲག་བྱུང་བའི་པོ་གནས་ཚུལ་གསལ་བོར་མཚོན་ཐུབ་བོ། །
རྗེ་བཙུན་མི་ལ་རས་པ་ན་རོ་བོན་ཆུང་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཀྱི་གྲགས་པའི་བ་དན་རླུང་གིས་གཡོས་པས་ཡུལ་གྲུ་སོ་སོའི་དད་པ་དང་ལྡན་པའི་སྐྱེ་བོ་དུ་མའི་ཡིད་དབང་ཤིན་ཏུ་ཕྲོགས་ནས་གནས་མཆོག་གངས་དཀར་ཏི་སེར་སྐྱེ་བོ་རྣམས་ངང་བའི་ཁྱུ་མཆོག་པད་མཚོར་འཇུག་པ་བཞིན་གནས་དེར་ལྷགས། ལྷགཔར་དུ་རྗེ་སྒམ་པོ་བ་དང༌། ཕག་མོ་གྲུ་པ།
རྒྱལ་བ་རྒོད་ཚང་བ་སོགས་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་གནས་རི་དེའི་བསྐོར་ལམ་རིམ་པར་ལུང་བསྟན་བྱུང་ཚུལ་གྱི་གནས་བཤད་ཞིབ་པ་གནང་བ་དཔེར་ན། གངས་ཀྱི་རྒྱབ་རིའི་བྱང་ངོས་སུ་མཁའ་འགྲོ་སེང་གདོང་མ་འབྲོང་དུ་སྤྲུལ་བའི་གནས“འབྲོང་ལུང༌།”ཞེས་པ་དང༌། རྒྱལ་བ་རྒོད་ཚང་པའི་སྒྲུབ་ཕུག་འབྲི་རྡོ་ལ་ཐིམ་ནས་རྭ་རྗེས་བྱུང་བའི་“འབྲི་ཐིམ་འབྲི་རྭ་ཕུག”ཅེས་པ། མགོན་པོ་བྱ་རོག་ལ་སྤྲུལ་ནས་རྡོ་ལ་འཐིམས་པའི “བྱ་རོག་མགྲོན་ཁང”ཞེས་པ། མི་ལའི་གནས་ཆེན་རྫུ་འཕྲུལ་ཕུག མཛེ་ནད་ཞི་བྱེད་རྡོ་རྗེ་ཕུག་ལ་སོགས་བགྲང་ལས་འདས་པ་དེ་རྣམས་ལ་གུས་མཇལ་ཕྱག་མཆོད་བྱས་པ་ཡིན་ན་གནས་སྐབས་ཀྱི་འགལ་རྐྱེན་ཞི་ཞིང༌། ཚེ་བསོད་དཔལ་འབྱོར་རྒྱས་པ། སྔོན་བསགས་སྡིག་སྟུང་དག་པ་བཅས་དང༌། ཕོ་བྲང་ཆེན་པོ་ཏི་སེ་ལ། །བསྐོར་བ་ལན་གཅིག་འཁོར་གྱུར་ན། །སྐྱེ་བ་གཅིག་གི་སྒྲིབ་པ་དག །དེ་བཞིན་རིམ་པ་བཅུ་བསྐོར་ན། །བསྐལ་པ་གཅིག་གིས་སྒྲིབ་པ་དག །བསྐོར་བ་བརྒྱ་རྩ་སོང་བ་ན། །རྟགས་བཅུ་ཡོན་ཏན་བརྒྱད་ལ་སོགས། །ཚེ་གཅིག་སངས་རྒྱས་ཐོབ་པར་ངེས། །ཞེས་ཕན་རླབས་ཆེ་ཚུལ་རྒྱས་པར་བཤད་རྐྱེན་མི་རྣམས་ཀྱིས་གནས་དེར་དད་པ་བྱེད་ཤུགས་དེ་བས་ཆེ་རུ་སོང་བ་དང་སངས་རྒྱས་ཆོས་ལུགས་ལ་དད་པ་དང་ལྡན་པའི་སྐྱེ་བོ་ཚོས་དེ་བས་མ་སྐུལ་རང་མོས་ཀྱིས་ས་མཐོ་བ་དང༌། གྲང་ངར་ཆེ་བའི་གངས་རིའི་ཕུག་ཏུ་བསྡད་དེ་དཀའ་བ་ཁྱད་གསོད་བྱེད་པ་དང༌། ཐ་ན་སྲོག་ལ་ཐུག་པའི་དཀའ་ཉེན་དུ་འཕྲད་ཀྱང་ཇི་མི་སྙམ་པ་དང༌། ལྷག་པར་མི་ལས་བོན་ཆུང་ལས་རྣམ་པར་རྒྱལ་བའི་དྲན་གསོའི་དུས་ཆེན་ཏེ་ལོ་བཅུ་གཉིས་འཁོར་མོ་རེའི་རྟ་ལོ་ནམ་ཚེས་ལ་གངས་དཀར་ཏི་སི་མཇལ་བར་འོངམཁན་ནི་དེ་བས་མང་བ་ཡོད་དོ།

ངོ་མཚར་ཁྱད་དུ་འཕགས་པའི་མཚོ་མ་ཕམ།

ཧི་མ་ལ་ཡའི་རི་རྒྱུད་དང༌། ཏི་སེའི་རི་རྒྱུད། ཁུ་ནུ་རི་རྒྱུད་བཅས་ནི་རང་རྒྱལ་གྱི་རི་རྒྱུད་ཆེ་ཤོས་གྲས་སུ་གྲགས་ཤིང༌།
རི་རྒྱུད་དེ་གསུམ་པོ་ནི་རླབས་ཀྱི་ཕྲེང་བ་བཞིན་བསྟར་དུ་འབྲེལ་ཏེ་མངའ་རིས་ས་མཐོ་ནས་རང་རྒྱལ་ཤར་ངོས་ཐད་དྲང་དུ་བརྐྱངས། རང་རྒྱལ་གྱི་ཆུ་བོ་ཆེན་པོའི་གྲས་ཡར་ཀླུང་གཙང་པོའི་སྟོད་རྒྱུད་རྟ་མཆོག་ཁ་འབབ་གཙང་པོ་ཡང་སེང་གེ་ཁ་འབབ་དང༌། གླང་ཆེན་ཁ་འབབ། རྨ་བྱ་ཁ་འབབ་བཅས་དང་འདྲ་བར་ཆུ་མགོ་གངས་དཀར་ཏི་སེ་དང་མཚོ་མ་ཕམ་ལ་ཐུག་པ་མདོ་བསྟན་བཅོས་རྣམས་སུ་གསལ་བ་ལྟར། རྩ་བ་གངས་དང་མ་དྲོས་པ་ལ་ཐུག་ནས་ཆུ་བོ་བཞི་འབབ་པར་གསུངས་པ་དང་མཐུན་ལ་རྒྱལ་རབས་དང་ལོ་རྒྱུས་ཡིག་རྙིང་རྣམས་སུའང་དེ་ཁོ་ནར་བཞེད་པཡིན། 鉄གནས་ཡིག་སྐལ་ལྡན་ཐར་ལམ་འདྲེན་པའི་ལྕགས་ཀྱུ鉅ལས “གང་ག་ཡང་རྩ་བ་གངས་རི་ནས་བབས་ཏེ་དཔག་ཚད་གཅིག་གི་བར་ས་འོག་ནས་རྒྱུ་ཞིང་སླར་གླང་ཆེན་གྱི་ཁ་ནས་ཐོན་ཏེ་གསེར་གྱི་བྱེ་མ་འདྲེན་ཅིང་བབས་ནས་མཚོ་ཆེན་པོའི་ཆུ་ལ་གཡས་ཕྱོགས་སུ་བསྐོར་ཏེ་རྒྱུགས། པཀྵུ་ནི་ཤཡ་ཕྱོགས་རྟའི་ཁ་ནས་ཐོན་ཏེ་བཻཌཱུརྱ་སྔོན་པོའི་བྱེ་མ་འདྲེན་ཅིང་འབབ། སི་ཏ་ནི་བྱང་ཕྱོགས་སེང་གེའི་ཁ་ནས་ཐོན་ཏེ་རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ། དེ་རྣམས་མཐར་ཆུ་ཀླུང་ལྔ་དང་ལྷན་ཅིག་ཏུ་ལྷོ་ནུབ་ཀྱི་རྒྱ་མཚོ་ཆེན་པོར་འདུས་སོ། །”ཞེས་གསུངས། རྟ་མཆོག་ཁ་འབབ་ཀྱི་ནུབ་བྱང་དང་གངས་རི་ཆེན་པོའི་ཤར་ལྷོའི་མཚམས་སུ་འཁེལ་བའི་སའི་ཆར་གནས་ཆེན་མ་ཕམ་གཡུ་མཚོ་མཆིས་ཤིང༌། དེ་ནི་འཛམ་གླིང་དུ་རྒྱ་མཚོའི་ངོས་ལས་དཔག་ཚད་མཐོ་ཤོས་ཀྱི་ཚྭ་མེད་མཚེའུ་ཞིག་ཡིན་ལ། དེར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་བརྒྱ་ལྷག་ཙམ་ཡོད་པ་དེ་ནི་རང་བྱུང་ཚྭ་མེད་ཀྱི་ཆུ་མཛོད་ཆེན་མོ་ཞིག་ཡིན།
鉄རྣམ་འགྲེལ鉅ལས“འཛམ་བུ་གླིང་གི་ཡུལ་གྱི་དབུས། །རྒྱ་གར་རྡོ་རྗེ་གདན་དེ་ནས། །རི་རྒྱུད་ནག་པོ་དགུ་འདས་པར། །གངས་རི་ཆེན་པོ་ཏི་སེ་ཡོད། །དེ་ཡི་ཕ་རོལ་སྤོས་ངད་ལྡན། །ཚུ་རོལ་མ་དྲོས་མཚོ་ཞེས་བྱ། །”ཞེས་གསུངས་པས་མཚོ་དེའི་དབུས་ན་ཤིང་འཛམ་བུ་ཀྲི་ཤའི་སྡོང་བོ་ཡོད་པ་དང༌། ཤིང་དེའི་འབྲས་བུ་རྫ་མ་ཙམ་ཞིགཆུརལྷུང་བའི་སྒྲ་འཛམ་ཞེས་གྲགསཔས་གླིང་དེ་ལ་འཛམ་གླིང་དུ་གྲགས་ཤིང༌། ཆུར་ལྷུང་བའི་འབྲས་བུ་རྣམས་ཀླུས་ཉ་རུ་སྤྲུལ་ནས་ཟ་བ་དང༌། མ་ཟོས་པ་རྣམས་འཛམ་བུ་ཆུ་བོའི་གསེར་དུ་གྱུར་ཅེས་བཤད། ཡང鉄མདོ་སྡེ鉅ལས“རྫིང་བུ་དེའི་རིན་པོ་ཆེའི་གཞལ་ཡས་ཁང་ནང་ཀླུའི་རྒྱལ་པོ་མ་དྲོས་པ་བརྟན་ཅིང་གནས། ཀླུ་ཡི་རྒྱལ་པོའི་མཚན་གྱིས་མཚོན་ནས་མཚོ་ལ་མ་དྲོས་པ་ཞེས་སུ་གྲགས་པའོ། །”ཞེས་གསུངས། བཤད་སྒྲོས་སུ་མ་དྲོས་མཚོ་ལ་ཤིང་ས་ལ་དང༌། གླང་པོ། བྲག་གསེར་གྱི་བྱ་སྐྱིབས། འཛམ་བུ་ཀྲི་ཤ་སོགས་ཡོད་པས་ལས་བསོད་ཆེ་བའི་མཚོ་མཇལ་བའི་གཟིགས་ངོར་སྣང་ཐུབ་ཟེར། མཚོ་ཆེན་དེ་ནི་འཛམ་བུ་གླིང་འདིའི་མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་པྱེད་དང༌། སྐྱེ་འགྲོ་འཚོ་སྨན་གྱི་བདུད་རྩི་ཡིན་ཅིང་མཚོ་འདིར་མ་དྲོས་ཀླུ་རྒྱལ་གྱི་ཕོ་བྲང་དང༌། ཀླུ་ཕྲན་རྣམས་ཀྱི་བང་མཛོད་ཡོད་ཅེས་ཟེར་བས་ལོ་ལྟར་དབྱར་སྟོན་གཉིས་ཀྱི་མཚམས་སུ་སྐྱེ་བོ་མང་པོ་རྒན་སྐྱོར་གཞོན་ཁྲིད་ཀྱིས་གཡུ་མཚོར་བསྐོར་བ་དང་དེར་ཁྲུས་བྱེད་པ་དང༌། ད་དུང་མཚོ་ཆུ་བུམ་པའི་ནང་དུ་བླུགས་ཏེ་རང་གི་གནས་སུ་ཁྱེར་ནས་གཉེན་ཉེ་དུ་རྣམས་ལ་ལེགས་སྐྱེས་སུ་འབུལ་གྱི་ཡོད། མཚོ་དེར་ཁྲུས་བྱས་ན་དེའི་བྱིན་རླབས་ཀྱིས་རང་རྒྱུད་ཀྱི་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག ང་རྒྱལ། ཕྲག་དོག་བཅས་དུག་ལྔའི་མནར་གཅོད་ཞི་བ་དང༌། ནད་འཇོམས་ཚེ་བསོད་འཕེལ་བ་ཡོང་ཞེས་དང༌། མཚོ་ནང་ཀླུའི་དབང་པོའི་ཕོ་བྲང་དུ་འཇིག་རྟེན་གྱི་རིན་ཆེན་འཚལ་ལོ་ཅོག་ཡོད་པར་གྲགས་པས་གཡུ་མཚོར་བསྐོར་བ་ལན་གཅིག་རྒྱག་པ་དང་མཚོ་ནང་གི་ཉ་མོ་ཆུ་ཁར་ཐོན་པ་མཇལ་ན་འདི་གང་གི་དབང་ཐང་འབྱོར་བ་འཕེལ་ཐུབ་ཅེས་ཟེར་ཞིང༌། ད་དུང་ལས་བསོད་ཆེ་བའི་མཚོ་མཇལ་བ་ཚོས་མཚོ་ཁ་ནས་རིན་པོ་ཆེའི་རིགས་རྙེད་ཐུབ་ཅེས་བཤད་སྲོལ་མང་དུ་ཡོད།
མཚོ་མ་དྲོས་ཞེས་བྱ་བར་ཕྱིས་མཚོ་མ་ཕམ་ཞེས་འབོད་པ་དེའི་རྒྱུ་མཚན་ནི་རྗེ་བཙུན་མི་ལ་དང་བོན་ཆུང་གཉིས་རྫུ་འཕྲུལ་འགྲན་ནས་རྗེ་བཙུན་རྒྱལ་བས་དེ་ནས་བཟུང་སངས་རྒྱས་ཆོས་ལུཊ་ནམ་ཡང་མི་ཕམ་པའི་རྟེན་འབྲེལ་དུ་བཏཊ་པ་ཡིན་ཞེས་གྲགས།
མཚོ་མ་ཕམ་གྱིས་དེ་ལྟའི་མི་སེམས་འགུག་ནུས་པའི་རྒྱུ་མཚན་ཅི་ཞེ་ན། དེ་ནི་ལྷུན་པོའི་སྤོ་ལྟར་ཤིན་ཏུ་མཐོ་ལ་བརྗིད་ཆགས་པའི་ཀེ་ལ་ཤ་རིའི་ཁྲོད་དུ་ཆགས་ཤིང༌། གཏིང་མཐའ་གཞལ་དུ་མེད་པའི་ཆུ་གཏེར་བཻཌཱུརྱ་ཞུན་མའི་མདངས་ཀྱི་གོས་བཟང་མཛེས་པར་བཀླུབས་ཐོག་རབ་དཀར་ཐགས་བཟང་དབུ་བའི་མཛེས་པ་ངོམ་བཞིན་དུ་དུས་ལས་མི་ཡོལ་བར་འཛུམ་པའི་རླབས་ཕྲེང་འཕྱུར་ཞིང། མཚན་གྱི་ཆར་ཀུན་གསལ་བུ་མོའི་མཛེས་རྒྱན་སྐར་ཚོགས་རང་གིར་བྱས་པ་ལུས་ལ་བརྒྱན་ཏེ་སྐལ་ལྡན་གཞོན་ནུ་འགུག་པའི་ཆོ་ག་ཡོངས་སུ་རྫོགས་པ་ཀླུ་དབང་མ་དྲོས་པའི་གནས་མ་ཕམ་གཡུ་མཚོར་གྲགས་པའི་མཛེས་མའི་ལང་ཚོ་དར་ལ་དྲག་པ་དང་དེའི་ཁོ་ར་ཁོར་ཡུག་གི་ལྗོངས་རྣམས་ཀྱང་ལྟ་ན་སྡུག་པའི་ངོ་མཚར་གསལ་བ་དེ་རྣམས་ཡིན་པར་སེམས། དེ་ཡང་སྔར་ཐང་རྒྱལ་རབས་ཀྱི་དུས་སུ་ཐང་སང་བླ་མས་མཛད་པའི鉄ཆེན་པོ་ཐང་གུར་གྱི་རྒྱ་གར་ཡུལ་ལ་བསྟོད་པའི་དཀར་ཆག鉅ཅེས་བྱ་བའི་ནང་དུ་ཐང་སང་བླ་མས་མ་ཕམ་གཡུ་མཚོ་ལ “ནུབ་ཕྱོགས་ཀྱི་ལྷ་གནས་གཡུ་ཡི་རྫིང་བུ། ”ཞེས་བསྔཊ་བརྗོད་གནང་ཡོད་པ་དེར་གཞིགས་ན་གནས་དེའི་མཛེས་ལྗོངས་ལྟ་ན་སྡུག་པར་མི་ཚོས་སྔ་ས་ནས་སྤྲོ་བ་ཆེན་པོས་ཡིད་དག་ཕྱོགས་ཏེ་སྙན་པའི་ཚིག་སྦྱོར་གྱི་ལམ་ནས་ཡང་ཡང་བསྔགས་བརྗོད་བྱས་ཡོད་ཅིང༌། དེ་ལྟའི་ངོ་མཚར་ཆེ་བའི་གནས་མཆོག་གི་གྲགས་པ་རིམ་བཞིན་ཡུལ་ཕྱོགས་ཀུན་ལ་ཁྱབ་པ་དང་བསྟུན་ནས་སངས་རྒྱས་ཆོས་ལུགས་པའི་ཆོས་པ་མང་པོས་ཆོས་དང་འབྲེལ་བའི་རྒྱས་བཤད་རིམ་པ་བྱས་མཐར་དེ་ལྟའི་བློ་ཡུལ་དུ་མི་ཤོང་བའི་ཡ་མཚན་འཕྲུལ་སྣང་གི་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཏོ། །

གུ་གེ་རྒྱལ་པོའི་ཁབ་ཀྱི་གནས་ཤུལ།

གངས་ཏི་སེའི་རི་རྒྱུད་ཀྱི་གཙོ་བོ་གངས་དཀར་པོ་ཤེལ་གྱི་མཆོད་རྟེན་འདྲ་བ་ནས་འབབ་པའི་ཆུ་ཆེན་བཞིའི་ཡན་ལག་ཏུ་གྱུར་པ་གླང་ཆེན་ཁ་འབབ་ཅེས་བྱ་བའི་འབབ་རྒྱུན་དེ་མངའ་རིས་མདའ་པ་མཐོ་ལིང་སོགས་ནས་ཁུ་ནུའི་གཞུང་བརྒྱུད་རྦ་རླབས་རྔམ་ཟིལ་དང་བཅས་ཏེ་ཧིན་རྡུའི་རྒྱལ་ཁབ་ཁོངས་སུ་འཁྱོགས་ནས་པན་འཇབ་སོཊ་ཡུལ་གྲུ་རིམ་པར་བརྒྱུད་མཐར་རྒྱ་མཚོ་ཆེན་པོར་འདུས།
ད་ལྟའི་མངའ་རིས་ཀྲོན་ཆུས་རྩ་མདའ་ཁོངས་ཀླང་ཆེན་ཁ་འབབ་ལྷོ་ངོགས་རྒྱུད་ཀྱི་རྩ་ཧྲེང་ཞེས་བྱ་བའི་ཡུལ་གྲུ་དེར་ས་སེར་གྱི་དེའུ་མཐོ་ཚད་སྤྱི་ཁྲུ་སུམ་བརྒྱ་ལྷག་ཙམ་ཡོད་པ་ཞིག་གི་ཐོག་ཏུ་རྫོང་གོག་ཅིག་མཐོང་རྒྱུ་ཡོད་པ་དེ་ནི་སྔར་གླང་དར་གྱི་བཙུན་མོ་ཆུང་བའི་སྲས་འོད་སྲུང་གི་རྒྱུད་པས་བོད་སིལ་བུའི་དུས་སུ་སྟོད་མངའ་རིས་ཕྱོགས་སུ་དབང་སྒྱུར་སྐབས་བྱུང་བའི་གུ་གེ་རྒྱལ་པོའི་ཁབ་ཀྱི་གནས་ཤུལ་དེ་ཡིན་ཞིང༌། དེའུའི་ཤར་བྱང་གི་སྒང་གཤོངས་སུ་མཁར་རྫོང་གི་གྱང་ཤུལ་ཀྲོང་ངེར་ལངས་ཡོད་པ་དང༌། དེའི་གཞོགས་སུ་མཐོ་ཚད་སྤྱི་ཁྲུ་བཅུ་ལྷག་ཙམ་གྱི་མཆོད་རྟེནབསྟར་ཕྲེང་གསུམ་དུ་མཆིས་ཤིང༌།
དེའུའི་གྱེན་ལྡེབས་སུ་ས་ཕུག་སུམ་བརྒྱ་ལྷག་ཙམ་ཚར་དུ་དངར་བའི་ཁྲོད་དུ་གྱང་རྩིག་བཙག་དམར་མདོག་ལྡན་གྱི་དགོན་པའི་འདུ་ཁང་ལྟ་བུ་ཞིག་འདུག་པར་གཞིགས་ན་དེ་ནི་སྔ་དུས་དགེ་འདུན་འདུ་བའི་གནས་ཤུལ་ཞིག་ཡིན་བཟོ་མཆིས། རྒྱལ་པོའི་ཕོ་བྲང་ནི་དེའུའི་གྱེན་ལྡེབས་ཀྱི་རྩེ་མཐོར་ཆགས་པའི་གྱང་ཤུལ་ཀེར་རེ་ལངས་པར་བལྟས་ན་དེ་ཞི་ཟིལ་ཆེ་ཞིང༌། ཁོར་ཡུག་ཁང་ཁྱིམ་གྱིས་བསྐོར་བའི་གྱང་ཤུལ་དང༌། ཕྱོགས་བཞི་མཚམས་བརྒྱད་ལ་གཏུགས་པའི་དོང་ལམ། མཐའ་བཞི་ལྕགས་རིས་བསྐོར་བ་བཅས་མདོར་ན་གནའ་བོའི་རྒྱལ་ས་དེའི་མཁར་རྫོང་ཕྱི་ནང་གི་འཛུགས་སྐྲུན་བརྗིད་ཉམས་ཅན་དེ་ལྟ་བུའི་ཐོག་ནས་འདས་ཟིན་པའི་ལོ་ཟླའི་ནང་དེའི་རྒྱུད་དུ་འདོད་རྒུའི་དཔལ་ལ་འབྱོར་བའི་གྲོང་ཁྱེར་ཆེན་པོ་ཆགས་ཡོད་པ་ཚོད་དཔག་བྱེད་དཀའ་བ་ཞིག་མིན་པ་གསལ་བོ་རེད།
ཁྱེད་ཀྱེས་དེའུའི་གཤམ་ནས་དོང་ལམ་བརྒྱུད་ལམ་བུ་ཀྱག་ཀྱོག་འགྲིམས་ཤིང་སྔར་གྱི་གྱང་རོ་རྩིག་རལ་རྣམས་ལ་བསྐོར་ཏེ་གཡང་གཟར་དེའུའི་རྩེ་མོར་འཛེགས་ནས་རྒྱང་རིང་ལ་བལྟས་པ་ན། མཁར་གྲོང་དེའི་ལྷོ་རྒྱུད་དུ་རབ་དཀར་ཁ་བའི་དོ་ཤལ་གྱིས་མཛེས་པའི་ས་འཛིན་གྱི་ཕྲེང་བ་བསྟར་དུ་བརྒྱུས་པ་རབ་ཏུ་བརྗིད་པ་དང༌། ཤར་ནུབ་གཉིས་སུ་ལུང་ཤུར་ས་དྲོད་སྙོམས་ཤིང་རྩྭ་ཆུ་ལེགས་པ་དང་རྩི་ཤིང་ཚོགས་ཀྱིས་གང་བ། བྱང་ངོས་སུ་གསེར་གྱི་བྱེ་མ་འདྲེན་པའི་གླང་ཆེན་ཁ་འབབ་ཀྱི་ཆུ་རྒྱུན་དལ་གྱིས་རྒྱུ་བར་ཉི་ཟེར་ཕོག་པས་སྨིག་རྒྱུ་གཡོ་བ་དང༌། དེའི་ཕ་རོལ་ན་རྩེ་མོ་མངོན་པར་མཐོ་བའི་བྲག་རི་མཆོད་རྟེན་གཟུགས་ཅན་གྱིས་ནོར་འཛིན་འཕྲེད་དུ་བཅད་ནས་མཁར་གྲོང་གི་རྒྱབ་ཕྱོགས་འགོག་སྲུང་གི་ཚུལ་དུ་གནས།
དེ་ལྟར་མཁར་གྲོང་གི་གནས་གཞི་དང་དེའི་ཕྱོགས་བཞིའི་ཆགས་དབྱིབས་བཅས་ལ་བལྟས་ཚེ། རྒྱལ་བོ་གླང་དར་གྱི་གདུང་རྒྱུད་རྣམས་མཛངས་པའི་ཡོན་ཏན་གྱིས་ཕྱུག་པར་མི་རྣམས་ཀྱིས་ཡིད་སྨོན་མི་བྱེད་པ་སྲིད་དམ། འཇིགས་སུ་རུང་བའི་བཙན་ས་དེ་ལྟ་བུར་མཁར་རྫོང་བཏབ་པ་ནི་དམག་ཇུས་མཁས་ཅན་གྱི་བློ་གྲོས་ལས་བྱུང་བ་གོར་མ་ཆག
གཡང་གཟར་དེའུའི་རྩེ་མོར་ཕྱོགས་ཕྱོགས་སུ་ཆུ་རྔོ་ཆེ་ཆུང་མང་པོ་སྤུངས་འདུག་པ་དེ་ཡང་གནའ་དུས་འཐབ་མོ་འགྱེད་སྐབས་ཀྱི་མཚོན་ཆའི་གྲས་ཤིག་ཡིན་སྐད། ངག་སྒྲོས་སུ་འདས་པའི་དུས་ཤིག་ན་གུ་གེར་ཕྱི་སྡེའི་དཔུང་གི་འཇིགས་ཉེན་ཆེན་པོ་བྱུང་བས་གུ་གེ་བས་རང་ཕྱོགས་ཕན་ཡོད་ཀྱི་བཙན་ས་བེད་སྤྱད་དེ་ཕས་རྒོལ་དཔུང་དང་འཐབ་མོ་ལན་མང་བྱས་མཐར་འཁོར་གསུམ་མཚོན་གྱི་ནུས་པ་ཟད་པས་ན་རི་ཀླུང་ཀུན་ཏུ་གང་བའི་རྡོ་ཧྲོག་སྤྱད་དེ་རྡོ་སྒྱོགས་འཕངས་ནས་དགྲ་ཟླ་ཆམ་ལ་ཕབ་ཅེས་ཀུན་གྱིས་གླེང༌།
ཕོ་ཕྲང་གི་མདུན་དུ་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་ལྔ་བཅུ་ཙམ་གྱི་སྡིངས་ཆ་ཞིག་འདུག་པ་དེ་ནི་མི་ཚོའི་ཟེར་སྐད་ལ་སྔ་དུས་གུ་གེའི་མཛད་ཆེན་སྐབས་དགའ་སྟོན་ལ་རོལ་བའི་གར་འཁྲབ་སྡིངས་ཆ་ཡིན་ཚོད་འདུག ཕོ་བྲང་ཚོམས་ཆེན་གྱི་ཁང་ཐོག་སྔ་ས་ནས་ཞིག་རལ་དུ་སོང་རུང་གཡས་གཡོན་རྩིག་ཞལ་ཐར་ཐོར་ལྷག་པའི་ངོས་སུ་བྲིས་ཆ་ལེགས་པའི་སངས་རྒྱས་འཁྲུངས་རབས་ཀྱི་ལྡེབས་རིས་ཀྱང་མཐོང་རྒྱུ་འདུག
ཉེ་བའི་སྔ་རྗེས་སུ་འབྲེལ་ཡོད་ལས་ཁུངས་ཁག་ནས་ཆེད་མངགས་སྒྲིག་འཛུགས་གནང་བའི་ཞིབ་འཇུག་ལས་དོན་མི་སྣ་ཚོས་གུ་གེ་རྒྱལ་པོའི་མཁར་རྫོང་གནས་ཤུལ་ནས་སྔ་མོའི་ཐོན་སྐྱེད་ཡོ་ཆས་དང༌། གཡོས་ཆས། དེ་བཞིན་བོད་ཡིག་གི་དཔེ་ཆ་འགའ་ཞིག་བཙལ་རྙེད་བྱུང་བ་དང༌། ལྷག་པར་གནས་ཤུལ་དེ་རང་ནས་སྔར་གུ་གེ་རྒྱལ་པོའི་བང་མཛོད་བཙལ་རྙེད་བྱུང་བའི་ནང་ནས་རྫས་མདེལ་དང༌། ཁྲབ་རྨོག་ཕུབ་གསུམ། རྟ་སྒ། མདའ་གྲི་མདུང་གསུམ་སོགས་འདུག་པ་དེ་རྣམས་ས་མཐོའི་གནམ་གཤིས་སྐམ་ཤས་ཆེ་ལ་གསོ་རླུང་དཀོན་པ་བཅས་ཀྱི་རྐྱེན་པས་དུས་ཡུན་རིང་པོ་དེ་ཙམ་སོང་ཡང་དངོས་པོའི་རང་བཞིན་སྔར་བཞིན་ཉམས་མེད་དུ་གནས་འདུག
སྟོད་གུ་གེ་རྒྱལ་ཡབས་ཀྱི་རིག་དངོས་གནའ་ཤུལ་མང་པོ་དེ་འདྲ་མིག་ལམ་དུ་འཆར་སྐབས་སྔོན་བྱུང་གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་ལ་ཕྱི་བལྟས་ཤིག་མི་བྱེད་ཐུ་མེད་ཡིན་ཏེ། དེ་ཡང鉄ཆོས་འབྱུང་མཁས་པའི་དགའ་སྟོན鉅 སོགས་རྒྱལ་རབས་ཆོས་འབྱུང་རྣམས་སུ་འཁོད་པར་གཞིགས་ན། བོད་རྗེ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ཁྲི་ཐོག་ཏུ་ཕེབས་ནས་རྒྱལ་ཐབས་ཀྱི་བྱ་བ་ལེགས་བྱས་ཀྱི་རྒྱུར་བགྲུབས་ནས་འབྲས་བུའི་དགའ་སྟོན་ལ་སྤྱོད་པར་རབ་ཏུ་ཆས་ཤིང༌། ཁོང་གི་ཐུགས་སུ་འགྲོ་བ་ཀུན་ལ་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་སྒོ་དམ་པ་ནི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་རག་ལས་ཤིང་དེ་འཛིན་ཅིང་སྤེལ་བར་དགེ་འདུན་ལ་ལྟོས་པར་དགོངས་ཏེ། འུ་ཤང་རྡོ་དཔེ་མེད་བཀྲིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པ་དང༌། དགེ་འདུན་རེ་ལ་འབངས་མི་ཁྱིམ་བདུན་དུ་བཅད་དེ་ཞབས་ཏོག་བསྒྲུབས། མཐའ་བཞིའི་ཡུལ་གྲུ་ཀུན་ནས་མཁས་གྲུབ་ལོ་པཎ་མང་པོ་གདན་དྲངས་ཏེ་སྔར་མེས་པོའི་དུས་སུ་བསྒྱུར་བའི་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་བྱའི་ནང་ལེགས་སྦྱར་གྱི་སྐད་དང་མི་མཐུན་པ་དང༌། བོད་སྐད་དུ་ཇི་བཞིན་སྒྱུར་མི་ཐུབ་པར་ལོ་པཎ་སོ་སོའི་རང་སྐད་དུ་བཞག་པའི་གོ་དཀའ་བ་རྣམས་ལ་ཞིབ་མོར་དཔྱད་དི་བོད་སྐད་ལ་དོན་བསྒྱུར་གཙོ་བོར་བྱས་ཏེ་གཏན་ལ་ཕབ། དེ་ལྟར་ཚུལ་བཞིན་རྣམ་པར་སྤྱོད་པའི་སྟོབས་ཀྱི་ཁེངས་པས་དྲེགས་པ་མཐའ་དག་རང་ཉམས་སུ་བྱེད་པའི་ལུགས་ཀུན་ཆུ་ཤིང་གི་སྙིང་པོ་ལྟ་བུར་མཛད་དེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པའི་སྐབས་དེར། མངའ་བདག་ཁྲི་རལ་པ་ཅན་དགུང་ལོ་སོ་དྲུག་བཞེས་པའི་ལྕགས་མོ་བྱའི་ལོ་ལ་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲིར་གཟིམས་པ་ལ་སྟག་རྣ་ཅན་དང༌། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་ཏེ་སྡིག་བློན་གསུམ་གྱིས་དབུ་ལྟག་པར་བསྐོར་ནས་བཀྲོངས་སོ། །དེ་ནས་བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་ཁྲི་ཐོག་མཐའ་མ་སྟེ་གླང་དར་མ་འུ་དུམ་བཙན་རྒྱལ་སྲིད་དུ་དབང་བསྐུར། དབས་སྟག་རྣ་སོགས་ཀྱི་བློན་པོ་བྱས། ཁོ་པ་ཚོས་སྐབས་དེའི་རང་བཞིན་གེགས་བར་གྱི་གནས་འགའ་ལ་བསྙད་བཏགས་ཏེ་སངས་རྒྱས་ཀྱི་བསྟན་པ་བསྣུབས་པས་རྗེ་ཡི་མངའ་ཐང་དགུན་ཁའི་ཆུ་བཞིན་དུ་བྲི་བ་དང༌། རྒྱལ་ཁྲིམས་སོག་རུལ་ཕོན་ཐག་བཞིན་དུ་ཞིག ཆབ་སྲིད་ཕན་བདེ་ནམ་མཁའི་འཇའ་བཞིན་དུ་ཡལ་བ་དང༌། ནག་ཕྱོགས་སྤྱོད་པ་དཔྱིད་ཀྱི་རླུང་བཞིན་དུ་ལངས། བཟང་བྱེད་བསམ་པ་རྨི་ལམ་བཞིན་དུ་བརྗེད། དེ་ལྟར་གླང་དར་རྒྱལ་སྲིད་བསྐྱངས་ནས་ལོ་གཉིས་ཙམ་ལས་མ་སོང་དུས་མཐར་ལྷ་ལུང་དཔལ་གྱི་རྡོ་རྗེའི་ལག་ནས་ཚེ་ཟད། གླང་དར་གྱི་བཙུན་མོ་རྒན་གཞོན་གཉིས་ལས་ཆུང་མ་ཚེ་སྤོང་བཟའ་ལ་མངལ་ཆགས་ནས་ཟླ་དུས་ཐིམས་པ་དང་སྲས་ཤིག་འཁྲུངས་པ་ཤིན་ཏུ་གཅེས་པར་ཆེན་མས་བསད་དམ་འཕྲོག་གིས་དོགས་ནས་མཚན་མོ་ཡང་མར་མེའི་འོད་དང་མ་བྲལ་བར་བསྲུངས་པས་ན་མཚན་ལ་གནམ་ལྡེ་འོད་སྲུང་དུ་ཐོགས། གནས་ཚུལ་དེ་ཆེན་མ་རྣ་ནམ་བཟས་ཐོས་ཕྲལ་དེ་ནི་རྒྱལ་རྒྱུད་ཤུལ་འཛིན་གྱི་དོན་ལ་ཐུག་པར་བསམས་ཏེ་ཕྲག་དོག་འཁོན་འཛིན་ཆེན་པོས་རིངས་པར་སྤྲང་ཕྲུག་རིན་ཀྱིས་ཉོས་ཏེ་ང་ལ་བཙན་པོའི་བུ་མངལ་དུ་ཞུགས་ཏེ་མདང་ནུབ་སྐྱེས་སོ་ཞེས་བློན་འབངས་ཁྲོད་དུ་དྲིལ་བསྒྲགས། མདང་སྐྱེས་ཀྱི་ཕྲུ་གུ་ཡིན་ཟེར་བར་སོ་གདའ་བས་བློན་པོ་རྣམས་ཡིད་ཆེས་པར་དཀའ་ཡང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་བས་ན་མཚན་ལ་ཁྲི་ལྡེ་ཡུམ་བརྟན་ཐོགས། དེ་ནས་སྲས་གཉིས་པོ་ལང་ཚོ་དར་ལ་བབ་སྟེ་རྒྱལ་རྒྱུད་འཛིན་དབང་གི་འགལ་བ་ཇེ་ཟབ་ཏུ་སོང་མཐར་ཕྱོགས་སོ་སོའི་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་གྱིས་ལྟེ་བ་ལྷ་ས་བྱས་པའི་དབུ་རུ་དང་འོད་སྲུང་གིས་ལྟེ་བ་ཡར་ཀླུང་ཁྲ་འབྲུག་བྱས་པའི་གཡོ་རུ་བཟུང་ནས་ཕན་ཚུན་འཁོན་འཁྲུག་ཡང་ཡང་བྱུང་བ་དང༌། དེའི་སྐབས་སུ་བོད་ཡུལ་ཕྱོགས་ཀུན་གྱི་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲིད་དུ་གྱེས་ཏེ་རྩོད། དེ་ནས་རིང་པོ་མ་སོང་བར་དབུ་རུར་འབྲོག་སྦས་འཁྲུག་པའི་སྐབས་དང་བསྟུན་ནས་དབས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་པའི་གྱེན་ལོག་དང༌། མཆིམ་ཀོང་མི་དྲུག་གིས་ལག་དཔོན་བྱས་པའི་གྱེན་ལོག དབས་ཁོ་བཞེར་ལེཊ་སྟེང་གིས་ལག་དཔོན་བྱས་པའི་མདོ་ཁམས་ཀྱི་གྱེན་ལོག་སོཊ་འབངས་ཀྱི་གྱེན་ལོག་རྒྱ་ཆེ་ལངས་ཤིང༌། གནམ་ལྡེ་འོད་སྲུང་དགུང་ལོ་སོ་དགུ་པ་ཤིང་མོ་སྦྲུལ་གྱི་ལོར་ཕོ་བྲང་འཕང་ཐང་དུ་འདས། དེ་སྲས་དཔལ་འཁོར་བཙན་གྱིས་རྒྱུད་འཛིན་རྒྱལ་ས་བཟུང་ཡང་རིང་མིན་དུ་སྟག་རྩེ་གཉཊ་ཀྱིས་བཀྲོངས། དེའི་ཚེ་དེའི་དུས་ཡུམ་བརྟན་དག་ཤུཊ་ཇེ་ཆེར་རྒྱས་ཏེ་གཡོ་རུའི་སྲིད་དབང་ཁྱེར་ཉེན་ལ་ཐུག་པས་བློན་པོ་ཞང་པ་ཚབ་རིན་ཆེན་སྡེ་དང༌། ཅོག་རོ་ལེགས་སྒྲ་ལྷ་ལེཊ་གཉིས་ཀྱིས་མ་བཟོད་པར་དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན་དང༌། བཀྲ་ཤིས་བརྩེགས་པ་དཔལ་གཉིས་ཉེན་གཡོལ་ཡུལ་བྱོལ་དུ་དྲངས་ཐོག་ལ་སྟོད་བྱེ་མ་གཡུང་དྲུང་གི་བར་དུ་བསྐྱལ་ནས་ད་དེ་མངའ་རིས་ཕྱོགས་སུ་ཕེབས་ཞེས་གཞེན་སྐུལ། དེ་ཡང鉄མཁས་པའི་དགའ་སྟོན鉅ལས“མངའ་བདག་འོད་སྲུང་སྲས་པོ་དཔལ་འཁོར་བཙན། །ལྷ་ཁང་འགའ་བཞེངས་སྟག་རྩེ་གཉཊ་ཀྱིས་བཀྲོངས། །དེ་སྲས་མཆེད་གཉིས་སྟོད་ཀྱི་ཕྱོགས་སུ་བྱོན། །མངའ་རིས་བསྐོར་གསུམ་ལ་སོཊ་མངའ་དབང་མཛད། །སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཆགས་ཞེས་གྲགས། །དེ་ཡི་གདུང་རྒྱུད་འགའ་ཞིག་སྨད་དུ་ཆད། །མདོ་སྨད་ཙོང་ཁའི་ཡུལ་ཆེན་མངའ་མཛད་པས། །སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་སོ་སྐད། །……”ཞེས་སོ། །དེ་རྗེས་སྐྱིད་ལྡེ་ཉིམ་མགོན་ལ་སྲས་གསུམ་བྱུང་བའི་ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མང་ཡུལ་མཚོ་ཡིས་བསྐོར་བ་བཟུང༌། འབྲིང་བ་བཀྲ་ཤིས་ལྡེ་དགོན་གྱིས་སྤུ་ཧྲེང་གངས་ཀྱིས་བསྐོར་བ་བཟུང༌། ཆུང་བ་ལྡེ་གཙུག་མགོན་གྱིས་གུ་གེ་གཡའ་ཡིས་བསྐོར་བ་སྟེ་ཞང་ཞུང་བཟུང་ཞིང༌། ད་ལྟའི་རྩ་མདའ་རྫོང་ཁོངས་གུ་གེ་རྒྱལ་པོའི་ཁབ་ཀྱི་གནས་རྙིང་རྒྱུད་དུ་ཆགས་པ་བཅས་ཕྱིས་མི་ཚོས་དེ་རྣམས་ལ “མགོན་གསུམ་གྱིས་ནི་སྐོར་གསུམ་བཟུང༌།” ཞེས་བརྗོད་པ་དེ་ལྟར་ལགས། 鉄དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས鉅ནང་འཁོད་དོན་དུ། གུ་གེ་རྒྱལ་རབས་ཀྱི་གདུང་རྒྱུད་རྒྱལ་ཐོག་བཅུ་དྲུག་ཙམ་བྱུང་བ་ལ་གཞིགས་ན་ད་ལྟའི་རྩ་མདའ་རྫོང་ཁོངས་ཀྱི་གུ་གེའི་ཕོ་བྲང་དང་མཁར་གྲོང་དེ་རྣམས་དུས་རབས་བཅུ་བ་ཙམ་ནས་དུས་རབས་བཅུ་དྲུག་ཙམ་གྱི་བར་རྒྱུན་མཐུད་དེ་རྒྱས་བསྐྲུན་བྱས་པ་ཡིན་འདུག
གུ་གེ་རྒྱལ་རབས་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་ཆེའི་གོ་གནས་བཟུང་ཞིང༌། གནའ་རབས་བོད་ཀྱི་བཙན་པོའི་རྒྱལ་རབས་རྩ་ཐོར་སོང་རྗེས་ཀྱི་མི་ལོ་བཞི་བརྒྱ་ལྷག་ཙམ་ནང་གུ་གེ་རྒྱལ་རབས་དེ་སྟོད་བོད་ཀྱི་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་གཅིག་ཡིན། དེས་གཡོ་མེད་ངར་ལྕགས་ཀྱི་བཙན་རྫོང་ལྟ་བུར་མེས་རྒྱལ་ལྷོ་ནུབ་ཀྱི་མཐའ་མཚམས་བརྟན་པོར་བསྲུངས་ནས་ཕྱི་སྡེའི་བཙན་འཛུལ་མཐའ་དག་བཀག་སྟེ་མེས་རྒྱལ་གཅིག་གྱུར་གྱི་བདག་དབང་སྲུང་སྐྱོབ་བྱེད་པར་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་ཡོད་པ་རེད། ང་ཚོའི་མིག་ལམ་དུ་ཤར་བའི་གུ་གེ་རྒྱལ་རབས་ཀྱི་གནས་ཤུལ་དང༌། གནས་ཤུལ་དེ་ནས་རྙེད་པའི་གོ་མཚོན་སོགས་དངོས་རིགས་དེ་རྣམས་ལས་གུ་གེའི་དམངས་དམག་ཚོས་བསྐྲུན་པའི་དགའ་གདུང་གཉིས་ལྡན་གྱི་ལོ་རྒྱུས་ལེ་ཚན་གསལ་བོར་མཚོན་ཐུབ།
སྨྲས་པ། འཛམ་གླིང་རྩེ་མོའི་རྩེ་མོ་རུ། །མངོན་འཕགས་ཆུ་བཞིའི་འབྱུང་གནས་མཆོག །ཏི་སེའི་ངོ་མཚར་འདི་མཐོང་བས། །རི་ཡི་དབང་པོར་གུས་པ་ལྷོད། །བཻ་ཌཱུར་ཞུན་མའི་མདངས་འཛིན་པའི། །མ་ཕམ་གཡུ་མཚོའི་དགེ་མཚན་འབུམ། །གཟུགས་སུ་གྲུབ་ན་ནོར་འཛིན་མ། །ཡངས་པའི་ཚད་དུ་འཇོག་རེ་སྐན། །གུ་གེ་རྒྱལ་པོའི་བསྟི་གནས་ཀྱི། །ཤུལ་ཙམ་མཐོང་བས་སྐྱེ་བོ་ཡི། །ཀུན་རྟོག་མེ་ལོང་གཙང་མའི་ངོར། །ངོ་མཚར་རི་མོ་ཅི་ཡང་བཀྲ། །དཀར་དཀར་གངས་ཅན་རི་དབང་ཏི་སེ་དང༌། །ཟབ་ཟབ་གཏིང་མཐའ་མི་མངོན་མ་ཕམ་མཚོ། །བརྗིད་བརྗིད་གུ་གེ་རྒྱལ་པོའི་ཁབ་ཤུལ་བཅས། །མང་མང་ལོ་རྒྱུས་ནང་ནས་ཆ་ཤས་ཙམ། །སྒྲོ་སྐུར་བུང་བའི་རྐང་རྗེས་མི་ལྡན་པ། །རང་བྱུང་བསུང་ཞིམ་འཐུལ་བའི་པད་མོ་གསར། །སྔོན་བྱུང་ལོ་རྒྱུས་མེ་ཏོག་ལ་དགྱེས་པའི། །བློ་ལྡན་མདུན་སར་ཁོ་བོས་མཆོད་པར་བཤམས། །

བརྒྱུད་སྐུལ།

མཆན་སྤེལ།