ཧའོ་རིན་པོ་ཆེས་བོད་པའི་སློབ་ཆེན་སློབ་ཐོན་པ་རྣམས་ལ་ཕུལ་བའི་གཏམ།

ཧའོ་རིན་པོ་ཆེས་བོད་པའི་སློབ་ཆེན་སློབ་ཐོན་པ་རྣམས་ལ་ཕུལ་བའི་གཏམ།

གསུང་མཁན། ཧའོ་རིན་པོ་ཆེ་༸ཚེ་དབང་དོན་གྲུབ།

 

 

༄།  །ང་ཡི་སྙིང་བརྩེ་བའི་བོད་པའི་བུ་དང་བུ་མོ་སློབ་ཐོན་པ་རྣམ་པར་སྙན་ཞུ།  

ཁ་སྔོན་སློབ་ཐོན་རྒྱུགས་ཚད་ཀྱི་སྐབས་སུ་བརྩེ་བའི་གཏམ་དང་། ཁ་གཡང་མང་པོ་བརྗོད་ལོང་མ་བྱུང་ལ། བརྗོད་འདོད་ཀྱང་གཏན་ནས་མ་བྱུང་། རྒྱུ་མཚན་ནི། བསྡུ་གྲངས་ཧ་ཅང་ཉུང་ལ། མི་གྲངས་ཧ་ཅང་མང་དྲག་པས་རེ་བའང་ཟད། དེར་བརྟེན་ད་རེས་ལས་རྒྱུགས་མ་ལོན་པའི་དུས་དེར་ཁྱེད་རྣམ་པས་སྙིང་ནས་བཟོད་ཐབས་མེད་པའི་ཚོར་སྣང་ཆེ་ངེས་པ་རེ་མྱོང་གི་ཡོད་པ་ལྷང་ངེར་དྲན་བྱུང་།

དུས་དེར་ངས་ཁྱེད་ཚོར་སྡུག་མཉམ་མྱོང་གི་ཁ་གཡང་ངམ།  ཤ་ཚའི་གཏམ་ཞིག་སྨྲ་འདོད་བྱུང་།  ཁྱེད་རང་ཚོའི་ངོས་ནས་བྱས་ན་ལས་བཞུགས་རྒྱུགས་ཚད་མ་ལོན་པ་དེ་ནི་ངོ་གནོང་དང་། འགྱོད་པ། ངོ་ཚ་སོགས་མི་ཚེའི་ནང་གི་གནད་དོན་སྡུག་ཤོས་དེ་རེད་སྙམ་པའི་ཚོར་སྣང་ཡོད་ངེས། ཡིན་ན་ཡང་ངས་བསམ་ན་དེ་ནི་ཁྱེད་ཀྱི་མི་ཚེའི་ནང་གི་ཆེས་དོན་སྙིང་གི་ལམ་ཁའི་འགོ་ཐོག་མ་དེ་དང་། གཟི་བརྗིད་ཆེས་ཆེ་བའི་ལམ་ཁའི་སྣེ་མོ་དང་། རྒྱལ་ཁའི་ལམ་ཁ་དང་པོ་དེ་རེད་ཅེས་བརྗོད་འདོད་ཡོད།

དོན་སྙིང་དང་། གཟི་བརྗིད། རྒྱལ་ཁའི་ལམ་ཁའི་འགོ་དེ་རུ་ཁྱེད་ལ་དངོས་པོ་གཞན་གང་ཡང་མི་དགོས། དགོས་ངེས་ནི་“དཀའ་སྡུག་གི་ཁྲོད་ནས་ལང་ཐུབ་རྒྱུའི་འབད་པའི་སེམས་”འདི་རང་རེད། དེ་ནི་འཇིག་རྟེན་འདིའི་ནང་གི་རིན་ཐང་ཆེ་ཤོས་ཀྱི་དངོས་པོ་དེ་རེད།དེ་རང་རྩ་བར་བཟུང་ནས་ལས་ཀ་ལ་ཡག་བཙོག་མེད་པ། གླ་ཕོགས་ལ་ཐོ་དམན་མེད་པ། མི་ངོ་ལ་ཆེ་ཆུང་མེད་པར་ལས་ལ་འབད་ན་ཁྱེད་ཀྱི་དོན་ཐམས་ཅད་གྲུབ་ངེས་རེད།

དེར་བརྟེན་སྤོབས་སེམས་ཀྱིས་འབད་པ། སྤྲོ་སེམས་ཀྱིས་འབད་པ། སྡུག་རུས་ཀྱིས་འབད་པ། ནམ་ཡང་འབད་པ། འབད་པ། འབད་པ་ཞེས་པ་དེ་སེམས་ལ་ཉར་ནས་ཤར་བསྐྱོད་བྱེད་དགོས་ཞེས་ཡང་ཡང་ཞུ་འདོད་པ་དེ་ཡིན།

མ་གཞི་རྒྱལ་ཕྱི་ནང་དང་། ཆོས་འཇིག་རྟེན། སྐྱེས་ཕོ་མོ། ནོར་དབུལ་ཕྱུག་སོགས་ཀྱི་ཁྱད་པར་མེད་པ་མི་ཀུན་གྱི་སྐྱིད་ཟད་སྡུག་འགོ་ཚུགས་པའི་དུས་ནི་སློབ་ཐོན་སྐབས་དེ་རང་རེད། འོན་ཀྱང་ནམ་ཡང་ཞུམ་སེམས་སྤང་ནས་ཤར་བསྐྱོད་བྱས་ན་སུ་ལ་ཡང་མཇུག་འབྲས་བླ་ན་མེད་པ་རེ་ཐོབ་ངེས་རེད།     དེ་ནི་ཁྱེད་ཀྱི་མི་ཚེའི་རིན་ཐང་དང་། གཟི་བརྗིད་དང་། རྒྱལ་ཁ་དང་། དོན་སྙིང་ཆེས་ཆེ་བ་དེ་རེད། དེར་བརྟེན་སླར་ཡང་འབད་པ།   འབད་པ།    འབད་པ་ཞེས་པས་མཇུག་གི་བཀྲ་ཤིས་བདེ་ལེགས་ལན་བརྒྱར་ཞུ་རྒྱུ་ཡིན། །

 

རྨོངས་བུ་ཧ་ལོ་དེས།   2020བོད་ཟླ་5-15 ཉིན་ལ་གུས་ཕུལ། །

བརྒྱུད་སྐུལ།

མཆན་སྤེལ།