ཀུན་བདེ་གླིང་གི་རྒན་བློ་བཟང་བྱམས་པ་མཆོག་གི་སྐུ་ཚེའི་ལོ་རྒྱུས།

ཀུན་བདེ་གླིང་གི་རྒན་བློ་བཟང་བྱམས་པ་མཆོག་གི་སྐུ་ཚེའི་ལོ་རྒྱུས།

རྒན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

༡༩༣༤ བོད་རབ་བྱུང་བཅུ་བདུན་ཤིང་ཁྱི་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་ལྔའི་ས་སྲོས་མཚམས་སུ་ལྷ་སའི་ས་སྦོག་སྒང་ཞེས་པའི་ཁུལ་འདིར་ཡབ་་་་་་་་་་དང་། ཡུམ་འཆི་མེད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་བྱམས་པ་ཞེས་གསོལ། ཡབ་ཡུམ་གཉིས་ལ་བུ་ལྔ་ཡོད་པའི་ནང་གི་ཆུང་ཤོས་དེ་ཡིན། དགུང་ལོ་དྲུག་ནས་བཅུ་གསུམ་བར་སེ་ར་དགོན་གྱི་གྲྭ་ཚང་སྨད་ཀྱི་ཡ་གྱལ་སྨར་ཉུང་ཁང་ཚན་དུ་སྒྲིག་ཞུགས་གནང་ནས་འདོན་ཆོས་སྤྱོད་སོགས་ལ་སྦྱང་པ་གནང་། ཚེ་སྨོན་གླིང་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་ཡེ་ཤེས་བྱམས་པ་ཞེས་གསོལ།

 

དགུང་ལོ་བཅུ་གསུམ་ལ་ཀུན་བདེ་གླིང་དགོན་དུ་སྒྲིག་ཞུགས་གནང་སྟེ་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ངག་དབང་ཡོན་ཏན་ལགས་སྐུ་མདུན་ནས་གྲྭ་ཚང་གི་འདོན་རྟ་དབྱངས་སོགས་ལ་སྦྱངས་པ་མཐར་ཕྱིན་གནང་ནས་འདོན་བཟང་བ་དང་གསུང་བཟང་བའི་གྲས་སུ་ཡང་ཚུད། དགུང་ལོ་ཉི་ཤུར་སྐྱབས་རྗེ་ལྷ་བཙུན་རིན་པོ་ཆེའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་དམིགས་བསལ་གྱིས་མཚན་ལ་བློ་བཟང་བྱམས་པ་ཞེས་གསོལ། དེ་རྗེས་དགུང་ལོ་ཉེར་དྲུག་ལ་ཕེབས་པ་ཕྱི་ལོ་ ༡༩༥༩ ལོའི་དུས་ངན་གྱི་དུས་ཟིང་བྱུང་། དེ་རྗེས་རིག་གནས་གསར་བརྗེའི་སྐབས་ངལ་རྩོལ་བསྒྱུར་བཀོད་ཀྱིས་ཚྭ་ལ་དཀར་པོ་སོགས་ལ་ཕྱག་ལས་འདྲ་མིན་མང་དག་ཅིག་གནང་དགོས་བྱུང་། ༡༩༧༠། ༡༩༨༠ ནང་འཛུགས་སྐྲུན་མཉམ་ལས་ཞེས་པའི་མཉམ་ལས་ཁག་གཉིས་ཙམ་གྱི་དབུ་འཁྲིད་གཙོ་བོའི་ཐུགས་འགན་བཞེས་ཏེ་མཉམ་ལས་ཀྱི་མང་ཚོགས་སོགས་ལ་ཐུགས་རྗེ་བཀའ་དྲིན་གྱིས་བསྐྱངས་པ་དུས་ད་ལྟ་ཡང་ལས་མི་ཚོས་རྒན་བྱམས་པ་ལགས་བཀའ་དྲིན་ཆེན་པོ་ཡིན་ཞེས་འབོད་དང་འབོད་བཞིན་མཆིས། དེ་རྗེས་དགུང་ལོ་ལྔ་བཅུ་ང་གསུམ་སྐབས་ཆོས་དད་རང་མོས་ཀྱི་སྲིད་ཇུས་དོན་འཁྱོལ་བྱུང་རྗེས་ ༡༩༨༥ ལོར་གཅིག་ནས་༸རྒྱལ་བ་དོན་གྱི་བདག་པོའི་བཀའ་དགོངས་བཞིན་དང་། གཉིས་ནས་སྔར་གྲྭ་ཚང་གི་སྐུ་ཞབས་རྙིང་པ་ཚོས་གདན་འདྲེན་ཞུས་པ་བཞིན་དེ་སྔ་རིག་གསར་སྐབས་ཁང་པའི་རྩིག་རྨང་གི་རྡོ་ཙམ་ཡང་ལྷག་མེད་པའི་ཀུན་བདེ་གླིང་གྲྭ་ཚང་གཉིས་པ་འདི་གསར་འཛུགས་གནང་རྒྱུའི་ཞལ་བཞེས་གནང་། ༡༩༩༠ ལོར་ཐོག་མའི་དགེ་འདུན་པའི་གྲྭ་ཤག་གསར་རྒྱག་གནང་བ་དང་། འདུ་ཁང་མེད་པར་ཚོགས་ཚུགས་ས་སྒྲོལ་མ་ལྷ་ཁང་དུ་གནང་། སྐབས་འདིའི་ཆ་རྐྱེན་གང་ཡང་མེད་པའི་འོག་ནས་དགེ་འདུན་པའི་འཚོ་བ་དུས་གསུམ་དགོན་པ་རང་ནས་གཏོང་བ་གནང་རྒྱུའི་དམ་བཅའ་གནང་བ་བཞིན་འཚོ་བ་ཡོངས་རྫོགས་གྲྭ་ཚང་ནས་ནར་གཏོང་གནང་བར་མ་ཟད་སྔར་གྱི་ཀུན་བདེ་གླིང་གྲྭ་ཚང་གི་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་སོགས་ཚང་ལ་མ་ནོར་བ་ཡོངས་སུ་རྫོགས་པ་བསླབ་པ་གནང་། ༡༩༩༧ ལོར་ཚོགས་ཚུགས་སའི་འདུ་ཁང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཏེ་སྔར་གྱི་ཆོས་ཁང་སེར་པོ་ཞེས་པའི་རྗེ་འབུམ་ལྷ་ཁང་གི་འདི་འདུ་ཁང་ཀ་བ་བཅུ་དྲུག་ཅན་བྱས་པ་ཞིག་ཏུ་བཟོ་བ་གནང་བ་དང་། དེ་མཚུངས་ཐེངས་གཉིས་པའི་གྲྭ་ཤག་གསར་རྒྱག་གནང་། ༢༠༠༨ ལོར་ཐེངས་གསུམ་པའི་གྲྭ་ཤག་གསར་རྒྱག་གནང་། འདི་འདྲ་བའི་སྐུ་ལས་འདིའི་འོག་ད་ལྟའི་ས་ཕྱོགས་གང་སར་མཚན་སྙན་གྱི་བ་དན་ཕྱུར་བའི་ཀུན་བདེ་གླིང་གྲྭ་ཚང་ཞེས་པའི་དགེ་འདུན་གྱི་སྡེ་དང་བཅས་པ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་གཉིས་པ་འདི་བཙུགས་པ་གནང་། རབ་བྱུང་བཅུ་བདུན། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་ཟླ་བ་ ༦ པའི་ཚེས་ ༢༢ དང་། སྤྱི་ལོ་ ༢༠༢༠ ལོའི་ཟླ་བ་ ༨ པའི་ཚེས་ ༡༠ ཉིན་གྲྭ་ཚང་གི་ལོ་རེའི་བདེ་མཆོག་སྒྲུབ་མཆོད་ཀྱི་ཉིན་དང་པོ་འཁེལ་བ་དང་། ལྷ་ལྡན་གཙུག་ལག་ཁང་དུ་གདན་ས་སེ་འབྲས་དགེ་གསུམ་གཙོ་བོར་གྱུར་པའི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་ཉིན། རྒན་ལགས་མཆོག་གི་སྐུའི་བླ་སྐར་གཟའ་ཟླ་བ། མདོར་ན་དུས་ཚོད་དམིགས་བསལ་ཅན་གྱི་ཉིན་འདིའི་སྔ་དྲོའི་ཚོུད་ ༡༠ དང་སྐར་མ་ ༢༥ ཐོག་ངེད་ཀུན་བདེ་གླིང་དགོན་གྱི་དགེ་འདུན་སྡེ་དང་བཅས་པར་བཀའ་དྲིན་ཤིན་ཏུ་ནས་ཆེ་བ། ལྷག་པར་བདག་རང་ལ་དམིགས་བསལ་གྱི་བཀའ་དྲིན་བསྐྱངས་གནང་མཁན་གྱི་རྒན་ལགས་དམ་པ་རྒན་བློ་བཟང་བྱམས་པ་མཆོག་བདག་ཅག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།

ཡོང་ཁུངས། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེའི་ངོ་དེབ་ལས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།