༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསང་བའི་རྣམ་ཐར་ཐུགས་རྗེའི་ཉིན་བྱེད་འདྲེན་པའི་སྐྱ་རེངས།

༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསང་བའི་རྣམ་ཐར་ཐུགས་རྗེའི་ཉིན་བྱེད་འདྲེན་པའི་སྐྱ་རེངས།

༄༅། །རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མ་མཆིས་པ་

རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོའི་

ཞལ་སྔ་ནས་ལ་གསང་བའི་རྣམ་པར་ཐར་པའི་སྒོ་ནས་

བསྟོད་པ་ཐུགས་རྗེའི་ཉིན་བྱེད་འདྲེན་པའི་

སྐྱ་རེངས་ཞེས་བྱ་བ་

བཞུགས་སོ། །

 

 

༄༅། །རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མ་མཆིས་པ་རྗེ་བཙུན་བློ་བཟང་བསྐལ་ཟང་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ལ་གསང་བའི་རྣམ་པར་ཐར་པའི་སྒོ་ནས་བསྟོད་པ་ཐུགས་རྗེའི་ཉིན་བྱེད་འདྲེན་པའི་སྐྱ་རེངས་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ངོ་མཚར་བསྔགས་པའི་པདྨ་དཀར་པོའི་འཕྲེང། །སྤེལ་བས་གང་ལ་ཡང་ཡང་མཆོད་པའི་སླད། །རྒྱལ་ཀུན་ནམ་ཡང་བརྩོན་པ་མི་ལྷོད་པ། །ཐུགས་རྗེའི་བདག་ཉིད་བླ་མ་དེར་ཕྱག་འཚལ། །སྲིད་པའི་འབྲོག་ཏུ་ཉམ་ཐག་འགྲོ་ཀུན་ལ། །ཐུགས་རྗེའི་ཕྱག་རིང་རྐྱོང་པས་དབུགས་འབྱིན་པ། །དཔལ་ལྡན་ཐུབ་པ་ཀུན་གྱི་མཛད་པའི་ཁུར། །གཅིག་ཏུ་བསྣམས་པ་ཁྱོད་ལ་བདག་སྐྱབས་མཆི། །

 

བྱེ་བ་ཕྲག་བརྒྱའི་སྒྱུ་འཕྲུལ་དྲ་བ་ཡིས། །ནམ་མཁའ་ཇི་སྲིད་ཀུན་ཏུ་རོལ་མཛད་པས། །བདག་གིས་ལྕེ་བརྒྱར་སྤྲུལ་ནས་སྲིད་མཐའི་བར། །བརྗོད་ཀྱང་ཁྱོད་བསྔགས་ཇི་བཞིན་ག་ལ་སྤོབས། །འོན་ཀྱང་ཁྱོད་ཀྱི་ཐུགས་རྗེའི་ཟེར་འཕྲེང་གིས། །བདག་བློ་འདབ་བརྒྱའི་ཚལ་ལ་བསྐལ་བཟང་གི །དགེ་ལེགས་ཤས་ཙམ་བྱིན་པའི་མཐུ་ཉིད་ལས། །རྨད་བྱུང་གཏམ་གྱི་སྦྱོར་བ་འདི་ལྟར་སྤེལ། །ཁྱོད་ནི་ན་ཚོད་ཟླ་ཚེས་ཆེས་ཕྲའི་དུས། །ཀུན་གསལ་ངོགས་སུ་སྤྲིན་དཀར་ལང་ལོང་རྩེར། །བཅུ་དྲུག་འཕགས་པའི་གནས་བརྟན་རབ་གསལ་བས། །ཡོངས་རྫོགས་ཐུབ་བསྟན་བདག་པོར་མངའ་གསོལ་མཛད། །ཆོས་ཀུན་མཁྱེན་དཔྱོད་སྲང་ལ་གཞལ་བའི་ཚེ། །རབ་དཀར་ཟླ་བ་གཞོན་ནུའི་ལང་ཚོ་ཅན། །བརྟན་པའི་འཁོར་ལོ་མཆོག་དང་དབྱངས་ལྡན་མས། །ཡང་ཡང་མངོན་སུམ་བྱིན་རླབས་སྣང་བ་སྩལ། །དེ་ཚེ་རབ་འབྱམས་གསུང་རབ་ཀུནྡའི་ཚལ། །རང་རང་དཀའ་གནད་གེ་སར་གསེར་གྱི་འཕྲེང། །རྣམ་པར་རྒོད་པའི་འཛུམ་པ་ཆེར་བསྟན་ཏེ། །ཁྱོད་འབའ་ཞིག་གི་ཕྱོགས་སུ་མགོ་ལྕོག་ལྡེམ། །ཐུགས་རྗེའི་སྤྱན་རས་སྟོང་གིས་འགྲོ་རྣམས་ལ། །སྲིད་པའི་ཕྱི་མཐའ་དེ་སྲིད་སྐྱབས་མཛད་པའི། །ནོར་བུ་ཆུ་ཤེལ་ལུས་ཅན་འཇིག་རྟེན་དབང། །ཁྱོད་ཀྱི་བླང་དོར་སྟོན་པའི་བཤེས་སུ་གྱུར། །དེ་ཚེ་མི་བསྲུན་སྐྱེ་བོ་དུ་མ་ཡི། །བརླང་སྤྱོད་མཚོན་གྱིས་མི་ཕིགས་བཟོད་པའི་གོ །བརྟན་པོར་བགོས་ཏེ་དུས་མཐའི་མུན་སྟུག་ཚོགས། །སེལ་ཕྱིར་ཆས་པའི་བརྟུལ་ཞུགས་ཁྱོད་ཀྱིས་བླངས། །འཇམ་དཔལ་སྙིང་པོའི་གྲུབ་པའི་གནས་མཆོག་ཏུ། །རྣམ་དག་རིགས་ཚུལ་རྡོ་རྗེ་རྩེ་བརྒྱ་ཡིས། །མཐར་འཛིན་བྲག་རིའི་སྤོ་མཐོ་བཅོམ་པ་ན། །ཆོས་ཀུན་དེ་ཉིད་མཐར་ཐུག་ས་ལེར་གཟིགས། །ཀུན་དགའི་སྐྱེད་ཚལ་མཛེས་པར་བསྟི་བའི་ཚེ། །འོད་འབུམ་འཁྱུག་པའི་ལྷུན་པོ་ལྟར་བརྗིད་པའི། །ཐུབ་ཆེན་དཔའ་བོའི་མཛེས་སྐུ་མངོན་གྱུར་པས། །མཆོག་ཏུ་དགའ་བའི་སྙན་འཇེབས་དབྱངས་ཀྱིས་བསྔགས། །ཐུབ་པ་ཀུན་གྱི་སྲས་མཆོག་རྣམ་བརྒྱད་ཀྱིས། །པདྨའི་འདབ་ལྟར་མཉེན་པའི་ཕྱག་བརྐྱངས་ནས། །གང་གི་ཡན་ལག་མཆོག་ལ་དཔལ་བྱིན་ཏེ། །ཆེད་དུ་བརྗོད་པའི་དབྱངས་ཀྱིས་རྒྱུད་མང་བསྒྲེང་། །དེས་ནི་རིན་ཆེན་སེམས་མཆོག་ལྷུན་པོ་ལྟར། །རབ་ཏུ་བརྟན་པའི་དཔལ་གྱིས་ཁྱོད་མཛེས་ཏེ། །སྟོབས་བཅུ་མངའ་བའི་གདུང་འཚོབ་བླ་མེད་དུ། །མཐའ་ཡས་རྒྱལ་བའི་ཞིང་དུ་ཡོངས་སུ་གྲགས། །གསང་བའི་རྣལ་འབྱོར་མཆོག་ལ་མངོན་གཞོལ་ཚེ། །འཇིགས་མཛད་རྡོ་རྗེ་པདྨ་གར་དབང་གིས། །མཐུ་སྟོབས་གཟི་བྱིན་དབང་ཕྱུག་མཆོག་བསྒྲུབས་པས། །ཕྱི་ནང་ཡིད་སྲུབས་གཡུལ་ལས་རྣམ་པར་རྒྱལ། །བྱི་རུའི་ཡལ་འདབ་བསྐྱོད་འདྲའི་མཛེས་མ་ལ། །དབང་སྔོན་ཁྲག་འཐུང་གར་གྱིས་བརྩེན་པའི་ཚེ། །རྒོད་མ་ཁ་ཡི་འོད་ཟེར་སྟོང་འབར་བས། །བདེ་འབྱུང་གཙུག་རྒྱན་ག་བུར་རྒྱུན་དུ་བཞུས། །དེ་ཚེ་ཤེས་བྱའི་དཀྱིལ་འཁོར་འཁོར་ལོ་ཀུན། །ཆོས་དབྱིངས་སྒེག་མོའི་ཕང་པར་བྲོས་པ་ལས། །བདེ་ཆེན་སྒྱུ་མའི་རིག་སྔགས་བྲག་ཆའི་སྒྲ། །སྲིད་ཞིའི་མཐའ་ལས་འདས་པའི་རོལ་མོར་བསྒྲགས། །ལོག་པར་འཁུ་བའི་འདོད་ལྷའི་བྲན་གྱུར་འགས། །སྐྱེ་དགུའི་བདེ་སྐྱིད་གཞོམ་ལ་བརྩོན་པའི་ཚེ། །གཟི་ལྡན་དབང་ཕྱུག་འདོད་ཁམས་དབང་མོ་ཡིས། །གཡར་དམ་མ་བོར་མངོན་སུམ་ཉིད་དུ་བསྒྲལ། །གསེར་འོད་འབར་བའི་གཙུག་གཏོར་འཆང་བའི་ལུགས། །ནོར་འཛིན་བུ་མོའི་ལྟོ་བར་ཡོངས་འཁྱིལ་བའི། །རྩེ་དགའ་རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེ། །སྲིད་པའི་རྩེ་མོར་བསྒྲེང་ལ་ཁྱོད་ཉིད་དཔའ། །མརྒད་སྤུངས་འདྲའི་འབྲོག་རི་ཆེན་པོའི་སྤོར། །ཐུན་མཚམས་བླ་གོས་གསར་པའི་ལྷབ་ལྷུབ་ཅན། །བློ་བཟང་ཡབ་རྗེ་མཆོག་གིས་མངོན་སུམ་དུ། །ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་ཡང་བསྐུར། །དེ་ཚེ་མགོན་ཁྱོད་དད་པའི་རླུང་ཤུགས་ཀྱིས། །བསྐྱོད་པའི་རྙོག་མེད་ཡིད་མཚོའི་རྦ་རླབས་འཕྲེང། །གྱེན་དུ་འཕྱུར་བའི་འདྲེན་བྱེད་ལམ་ཟུང་ལས། །མུ་ཏིག་སྟར་ལ་བརྒྱུས་འདྲ་རྒོད་བཞིན་ལྷུང། །སར་གནས་དཔའ་བོ་ཐུགས་ཀྱིས་སྲས་མཆོག་ལ། །གསང་ཆེན་བདུད་རྩིའི་དགའ་སྟོན་འགྱེད་པ་ན། །མངོན་སུམ་དཀྱིལ་འཁོར་བདག་པོར་ཡོངས་བཞེངས་ཏེ། །གར་དགུའི་འཇོ་སྒེག་ཉམས་ཀྱིས་ཅི་ཡང་བྲེལ། །དེ་ཚེ་དག་པའི་སྣང་བ་རབ་འབྱམས་ཀྱིས། །སྟུག་པོ་བཀོད་པའི་ཕུན་ཚོགས་གཟི་བྱིན་ཀུན། །མགྲོན་དུ་བོས་འདྲ་གནས་མཆོག་འདི་ཉིད་དུ། །དཔའ་བོ་དཔའ་མོའི་གར་སྟབས་ལང་ལིང་བསྒྱུར། །ཉི་ཤུ་རྩ་བཞི་གྲུབ་པའི་གནས་མཆོག་ཏུ། །རྒྱན་དྲུག་སྒེག་པའི་དཔའ་བོ་རོལ་པའི་གར། །བདེ་སྟོང་ཆང་གིས་མྱོས་པའི་སྣང་བ་ཆེ། །ངོ་མཚར་ལྟད་མོ་འབྱམས་སུ་ཀླས་འདི་རྨད། །མི་ཤིགས་རླུང་སེམས་གཅིག་གྱུར་རང་གི་ལུས། །དཔའ་བོ་དཔའ་མོའི་དབང་ཕྱུག་བདེ་བ་མཆོག །ཤེས་རབ་ཕག་མོའི་མགྲིན་པར་དམ་འཁྱུད་པའི། །བཅུ་གཉིས་དཔེས་མཚོན་སྒྱུ་མའི་རོལ་མོར་གཟིགས། །ལ་ལར་རྣམ་བཅས་སྟོང་གཟུགས་ཕྱག་རྒྱ་ཆེ། །རྣམ་མེད་བདེ་ཆེན་མཚོན་བརྒྱའི་མདངས་བཀྲ་བའི། །དང་པོའི་སངས་རྒྱས་གཉིས་མེད་དབང་ཕྱུག་མགོན། །མཐའ་ཡས་སྤྲུལ་པའི་འཇའ་རིས་འཁྱུག་པར་སྟོན། །མ་འོངས་ཀླ་ཀློའི་དཔུང་ཚོགས་གཞོམ་པ་ལ། །མི་ཟད་རྡོ་རྗེའི་རུ་མཚོན་རྔམས་བརྗིད་ཅན། །མི་རྗེ་བཅུ་གཉིས་བདག་པོའི་སྣང་བ་ཡིས། །འཛམ་གླིང་ཡངས་པའི་ཁྱོན་ལ་དགེ་ལེགས་སྦྱིན། །དེ་ལྟ་མོད་ཀྱི་ད་དུང་ལྗོངས་འདི་ན། །ཁྱོད་ལ་ལྷག་པར་དད་པའི་སྐལ་ལྡན་ཚོགས། །གདུང་བའི་དབྱངས་ཀྱིས་གསོལ་འདེབས་ཆེས་མང་བས། །ཐུགས་རྗེའི་སྣང་བ་མྱུར་བར་བསྟན་དུ་གསོལ། །གདོན་གྱིས་བརླམས་པའི་བུ་ཡིས་རང་གི་མར། །གཤེ་ཡང་བྱམས་པའི་མ་ཡིས་སླར་བརྩེ་བཞིན། །སྙིགས་དུས་འགྲོ་འདིས་ཁྱོད་ལ་མཐོ་བརྩམས་ཀྱང་། །བརྩེ་ཆེན་ཁྱོད་ཀྱིས་ཕྱིར་ཞིང་བརྩེ་བར་རིགས། །རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་བདག་ཉིད་ཁྱེད། །སྐྱེ་དང་སྐྱེ་བར་བདག་གི་བཤེས་མཛད་ནས། །བླ་མེད་ཐེག་པའི་བདུད་རྩིའི་དགའ་སྟོན་གྱིས། །སྙིང་ལ་འགྱུར་བ་མེད་པའི་བདེ་སྟེར་མཛོད། །ཁྱོད་ཀྱི་གསང་བ་ཀུན་གྱི་མཛོད་འཛིན་པའི། །སྲས་ཀྱི་ཐུ་བོའི་མཆོག་ཏུ་བདག་གྱུར་ཏེ། །ནམ་མཁའ་ཇི་སྲིད་འགྲོ་བ་ཐམས་ཅད་ལ། །ཐུབ་པའི་ལུགས་བཟང་གསལ་བར་བྱེད་པར་ཤོག  །ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཞིང་དང་སྐུ། །འཁོར་དང་འབྱོར་པ་མཛད་པ་ཅི་མཆིས་པ། །བདག་ལ་མ་ཚང་མེད་པར་གྱུར་ནས་ཀྱང། །སྟོབས་བཅུ་མངའ་བ་མཆོག་ཏུ་འགྱུར་བར་ཤོག །ཅེས་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ལ་གསང་བའི་རྣམ་པར་ཐར་པའི་སྒོ་ནས་བསྟོད་པ་ཐུགས་རྗེའི་ཉིན་བྱེད་འདྲེན་པའི་སྐྱ་རེངས་ཞེས་བྱ་བ་འདི་ནི་༸རྗེ་བཙུན་དེ་ཉིད་ཉིད་ཀྱི་ཞབས་ཀྱི་པདྨོ་ལ་གཏུགས་ཤིང་། བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་ལ་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་པའི་དད་པ་བརྟན་པོ་དང་ལྡན་པ་ཡུལ་བྱང་ཕྱོགས་སུ་སྐྱེས་པའི་རྒྱལ་ཁམས་པ་ལྕང་སྐྱ་རོལ་པའི་རྡོ་རྗེས་རང་གཞན་གྱི་དད་པའི་གསོས་སུ་འགྱུར་བར་བསམས་ཏེ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཉེ་འདབས་སུ་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་དགེ་ལེགས་ནམ་མཁས་བགྱིས་པ་འདིས་ཀྱང་འགྲོ་བ་ཐམས་ཅད་བཤེས་གཉེན་དམ་པས་རྗེས་སུ་འཛིན་པར་གྱུར་ཅིག།  །།

 

བརྒྱུད་སྐུལ།

མཆན་སྤེལ།