བོད་ཀྱི་ཟམ་པ་ཐོག་མར་སྐྲུན་མཁན་ཐང་སྟོང་རྒྱལ་པོ་ཡིན་ནམ།

བོད་ཀྱི་ཟམ་པ་ཐོག་མར་སྐྲུན་མཁན་ཐང་སྟོང་རྒྱལ་པོ་ཡིན་ནམ།

བོད་ཀྱི་ཟམ་པ་ཐོག་མར་སྐྲུན་མཁན་ཐང་སྟོང་རྒྱལ་པོ་ཡིན་ནམ།

 

རྩོམ་པ་པོ། སྤོས་ཁང་སྒྲོལ་བཟང་།

 

མིའི་རིགས་འཕེལ་རྒྱས་འགྲོ་འདོད་ན་ཕྱོགས་ཐོན་བྱེད་དགོས། ཕྱོགས་ཕན་ཚུན་དུ་འགྲོ་བ་ལ་ཟམ་པ་ནི་མེད་དུ་མི་རུང་བའི་ལམ་ཞིག་ཡིན་དུས། སྔོན་དུས་ནས་བོད་ཡུལ་དུ་ཟམ་པ་སྐྲུན་མྱོང་། ཟམ་པ་ལའང་རྡོ་ཟམ་དང་ཤིང་ཟམ། ལྕགས་ཟམ། ལྕུག་ཟམ། འབྲེང་ཟམ། དཔྱང་ཟམ། རྐང་ཟམ། གདུང་ཟམ། སྨྱུག་ཟམ། སྤྲིན་ཟམ། ཨར་ཟམ་སོགས་སྣེ་མང་ཡོད།དེས་ན་བོད་དུ་ལྕགས་ཟམ་ཐོག་མ་སུས་སྐྲུན་པ་ཡིན་ནམ་ཞེས་ན།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བའི་སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་བློ་འཛིན་ལག་དེབ་ཞེས་པའི་དེབ་ལས། ཐང་སྟོང་རྒྱལ་པོའི་མཛད་རྗེས་གཙོ་བོ་གང་ཡིན། ལན་དུ། བོད་དུ་ཟམ་པ་ཐོག་མར་སྐྲུན་པ་དང་། ལྷ་མོའི་འཁྲབ་གཞུང་གསར་གཏོད་གནང་བ་དེ་ཡིན།  ཅེས་ཚིག་ཐག་ཆོད་པོས་བྲིས་གནང་འདུག་ལ་སློབ་མ་དག་ལ་དྲིས་ནའང་། འདི་ནི་ཐང་སྟོང་རྒྱལ་པོའོ་ཞེས་ལན་འདེབས་ཀྱང་བྱེད། དེས་ན་ཐང་སྟོང་རྒྱལ་པོའི་སྔོན་དུ་ཟམ་པ་དང་ལྕགས་ཟམ་ཡོད་མེད་སྐོར་གཅིག་གཟིགས་ན།  མི་རྗེ་ལྷ་ཡིས་མཛད་པས་མགོན་སྐྱབས་ཆེ། །དམུ་ཐག་གནམ་ནས་དྲངས་པས་འཛེགས་སྐས་བཟང་།། ཟེར་སྲོལ་ལྟར་སྔོན་དུས་མི་རྗེ་གོང་མ་ཚོ་གཤེགས་རྗེས་དམུ་ཐག་ལ་ཕེབས་ཀྱི་ཡོད་པའི་བརྗོད་སྲོལ་དེ་དེང་གི་ཤོད་སྟངས་བྱས་ན་གནམ་ཐག་ཟམ་པ་མིན་ནམ་སྙམ། ཨ་ལ་རྩེད་མོ་ཡིན།།

ད་ནི་བོད་ཀྱི་ལྕགས་ཟམ་ཐོག་མར་སྐྲུན་མཁན་ནི་སུ་ཡིན་ནམ་ཞུས་ན་ཁོང་ནི་མཛངས་མི་དང་པོ་རུ་ལས་སྐྱེས་ཡིན། མཚན་གཞན་ལ་ངར་སོས་པོའམ་ཁུ་བོ་ལྷ་བུ་སྨོན་གཟུང་ཡང་ཞུ།  གནའ་དཔེ་དག་ལས། བོད་རྒྱལ་དགུ་པ། པུ་དེ་གུང་རྒྱལ་གྱི་དུས་སུ་འཕྲུལ་བློན་མཛངས་མི་བདུན་གྱི་དང་པོ་རུ་ལས་སྐྱེས་ཀྱིས་གསེར་དངུལ་ཟངས་ལྕགས་བཏོན་པ་དང་། རྨོན་པ་དོར་བརྡེབས་ཀྱིས་ས་ཞིང་རྨོ་བ། ཆུ་ལ་ཟམ་པ་བཙུགས་པ་སོགས་མཛད།ཅེས་གསལ་བ་དང་། བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་ཕོ་བྲང་པོ་ཏ་ལར་ཡང་ཟམ་པ་ཡོད་པའི་སྐོར་གསལ་བ་མ་ཟད་མཁས་པ་ལྡེའུའི་ཆོས་འབྱུང་ལས། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཁྲིམས་ལུགས་ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱ་རྒྱུའི་གནད་དོན་ཐོག་བཏོན་པའི་བཀའ་ཁྲིམས་བཞི་ཡི་ནང་ལ་ཡང་ཤར་སེང་གེ་དཀར་མོ་ལ་ལྕགས་ཐག་མི་གདགས་ཞེས་པ་ཐང་བོད་དབར་གྱི་འགྲིམ་འགྲུལ་ཆེ་སའི་ཟམ་པ་རྣམས་སྲུང་སྐྱོབ་བྱེད་དགོས་པ་གསལ་འདུག  དེ་བཞིན་ཆུ་ཡོས(སྤྱི་ལོ༧༦༣)ལོར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཀའ་ཕབ་པ་ལྟར་བློན་པོ་ཞང་སྟོང་བཙན་དང་། དམག་དཔོན་ཏ་ར་ཀླུ་གོང་གཉིས་ཀྱིས་འ་ཞ་དང་ཏང་ཞང་གི་དམག་ཁྲི་ཉི་ཤུ་ལྷག་ཙམ་ཁྲིད་ནས་འབུམ་གླིང་ལྕགས་ཟམ་བརྒལ་ཏེ་ཐང་རྒྱལ་རབས་ཀྱི་སྡེ་གྲོང་མང་པོར་དམག་དྲངས་ཏེ་བཅོམ་པའི་སྐོར་དང་།  ཐང་དེབ་བོད་ཀྱི་ལོ་རྒྱུས་ཟེར་བའི་ནང་འཁོད་དོན། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་སྲིད་དབང་བཟུང་སྐབས(སྤྱི་ལོའི་དུས་རབས་བརྒྱད་པའི་འགོར)དབྱང་དང་པིས་ཟེར་བའི་ས་ཆར་ཆུ་ཆེན་པོའི་ཐོག་བོད་དམག་གིས་ལྕགས་ཟམ་བཙུགས་ཡོད་པའི་སྐོར་གསལ་ལ་དེང་དུས་ཡང་ཟམ་ཤུལ་དང་རྡོ་རིང་ཡང་མཇལ་རྒྱུ་ཡོད། ལྷ་མོའི་རྣམ་ཐར་གྱི་ནང་ཚན་ཨ་ཅེ་སྣང་སའི་རྣམ་ཐར་ལས། རྩེ་ཆེན་ཟམ་པའི་སྟེང་དུ་ཕེབས་པའི་སྐོར་གསལ་ཡོད། ཨ་ཅེ་སྣང་ས་ནི་རྗེ་བཙུན་མིད་ལ་དང་དུས་མཉམ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྔོན་ཙམ་ལ་བྱོན་པའི་ཀརྨ་པ་རང་བྱུང་རྡོ་རྗེའི་རྣམ་ཐར་ལས། (1284-1339)ཤིང་བྱ་(1325)ལོར་ཀོང་པོ་བརྒྱུད་མདོ་ཁམས་སུ་བྱོན། སོག་ཆུར་ལྕགས་ཟམ་བཙུགས་ཞེས་དང་། དེ་བཞིན་སྤྱི་ལོ་(1292)ལ་སྐུ་འཁྲུངས་པའི་ཇོ་ནང་ཀུན་མཁྱེན་དོལ་པོ་བའི་རྣམ་ཐར་རུ་རིན་སྡིང་པའི་ལྕགས་ཟམ་ལ་འདྲེ་བཞུགས་པ་དང་ཁོང་གི་བཀའ་ཤོག་བསྒྲགས་པའི་གནོད་པ་ཞི་བའི་སྐོར་གསལ་འདུག་ལྕགས་ཟམ་དེའི་ལྕགས་ཐག་ཁ་ཤས་ཇོ་ནང་དགོན་ལ་ཕུལ་བའི་སྐོར་གསལ་འདུག། དེས་ན་གྲུབ་ཆེན་ཐང་སྟོང་རྒྱལ་པོས་(1361-) སྔར་ཡོད་རྨང་གཞིའི་སྟེང་མུ་ཐུད་རྒྱུན་འཛིན་དང་འཕེལ་རྒྱས་ལེགས་བཅོས་གནང་སྟེ་གཅུང་རི་བོ་ཆེའི་ལྕགས་ཟམ་དང་གྲུ་ཤན་མང་པོ་བསྐྲུན་ཡོད་ལ་ལྕགས་ཐག་སྟེང་བཟོ་པའི་མིང་ཡང་བརྐོས་འདུག གྲུབ་ཆེན་གཤེགས་རྗེས་དུས་ཡུན་རིང་ཙམ་སོང་རྗེས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དུས་ལ་ཇོ་ནང་རྟག་བརྟན་དགོན་ནམ་ཕུན་ཚོགས་གླིང་གི་སྐུ་ཞབས་བློ་བཟང་ཞུ་བ་ཞིག་ནས་ལྕགས་ཟམ་ཁ་ཤས་སྐྲུན་པའི་སྐོར་མཇལ་རྒྱུ་ཡོད།  གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྔོན་སྔོན་དུ་བོད་ཡུལ་དུ་ཟམ་པ་སྐྲུན་ཡོད་ན་བོད་ཀྱི་ཟམ་པ་ཐོག་མར་སྐྲུན་མཁན་ཁོང་རེད་ཟེར་ན་ཞྭ་དཔེ་ལྷམ་འགེབས་མ་ཡིན་ནམ། འོན་ཏེ་ང་ཚོས་མ་དག་རྒྱུན་འབྱམས་ཀྱིས་སློབ་མའི་སྦྱོང་དེབ་དང་། ཡིག་ཚད་ཀྱི་སྟེང་། ཡུལ་སྐོར་གྱི་ལམ་ཡིག  དགོན་སྡེའི་གནས་བཤད་སོགས་སུ་ཐང་སྟོང་རྒྱལ་པོ་ནི་བོད་ཀྱི་ཟམ་པ་ཐོག་མར་སྐྲུན་མཁན་རེད་ཅེས་ཤོད་དང་ཤོད་མུས་སོ།། ༢༠༢༠/༦/༢/     2020-7-22ལ་གཞིས་ཀ་བསམ་གྲུབ་རྩེ་ནས།

 

 

བརྒྱུད་སྐུལ།

མཆན་སྤེལ།