མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ངོ་སྤྲོད།

མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ངོ་སྤྲོད།
དེ་ཡང་མཁས་དབང་པ་ཚབ་པ་སངས་དབང་འདུས་ལགས་ནི། གཞིས་ཁུངས་གཞིས་རྩེ་ཞོལ་ནས་ཡིན། པ་ཚབ་ཅེས་པ་ནི་ཁྱིམ་ཚང་གི་མིང་ལས་ཐོགས་པ་ལས་རུས་ཡིན་མིན་རྩད་ཁུངས་མ་ཆོད་ཅེས་གསུངས། བྱིས་པའི་དུས་སུ་མེས་པོ་ཕུར་བུ་ཚེ་རིང་དང་། ཡབ་དམ་ཆོས་གཉིས་ཀྱི་བཀའ་དྲིན་ལས་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་གཞིས་རྩེ་གེ་སར་ལྷ་ཁང་སློབ་ཆུང་དང༌། གཞི་རྩེ་དམའ་རིམ་སློབ་འབྲིང་རིམ་བཞིན་འགྲིམས།
སྤྱི་ལོ་ ༡༩༦༦ ལོར་ལྷ་ས་མཐོ་རིམ་སློབ་འབྲིང་ནས་སློབ་ཐོན་བྱུང༌། དེ་ནས་ལོ་གསུམ་རིང་རིག་གནས་གསར་བརྗེའི་རྐྱེན་གྱིས་ཕྱག་ལས་མེད་པར་ཞུགས་པ་དང༌། སྤྱི་ལོ་ ༡༩༦༦ ལོའི་ཟླ་བ་ ༩ ནས་ལོ་ངོ་གཅིག་དང་ཟླ་བ་གསུམ་རིང་གཞོན་ནུ་ཤེས་ཡོན་ཅན་གྱི་མིང་ཐོག་ནས་སྟོད་ལུང་ལམ་པ་གྲོང་དུ་ཞིང་ལས་གནང་། དེ་རྗེས་ལོ་དགུའི་རིང་ལྷ་ས་གྲོང་ཁྱེར་ཆུ་བེད་ལས་ཁུངས་ཀྱི་ཚན་རིག་ལག་རྩལ་མི་སྣ་ཞེས་པའི་ལས་གནས་འཁོད།
སྤྱི་ལོ་ ༡༩༨༠ ལོར་སྤྱི་ཚོགས་ནས་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ལེན་ལ་ཞུགས་པས་རྒྱུགས་འཕྲོད་ནས་བོད་ཀྱི་སྤྱི་ཚོགས་ཚན་རིག་ཁང་དུ་དངོས་སྦྱོང་ཞིབ་འཇུག་པའི་ལས་གནས་བཞེས། དེ་ནས་བཟུང་དུས་ཕལ་ཆེ་བར་བོད་མིའི་གནའ་རབས་ཀྱི་ལོ་རྒྱུས་དང༌། རྡོ་རིང་ཡི་གེ། བང་སོ། ཡིག་རྙིང༌། ཚོ་རྒྱུས་ས་མིང་སོགས་ཀྱི་ཞིབ་འཇུག་ལ་གཞོལ། བོད་རྒྱ་ཡིག་རིགས་གཉིས་ནས་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དེབ་དང་རྩོམ་ཡིག་བཅུ་ཕྲག་འགའ་ཞིག་འགྲེམས་སྤེལ་གནང་། ཕྱི་གླིང་ པའི་མཁས་དབང་དང་མཉམ་ལས་ཐོག་དབའི་བཞེད་དང༌། ཤེལ་དཀར་ཆོས་འབྱུང༌། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་མཛད་རྣམ་ངོ་མཚར་དགའ་སྟོན། འཆི་མེད་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་བཞི་དབྱིན་ཡིག་ཏུ་བསྒྱུར་ནས་མཆན་དང་སྦྲགས་མ་ཡོ་རོབ་ཏུ་པར་སྐྲུན་མཛད།
ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི
་གདན་ཞུས་དགེ་རྒན་ཆེན་མོ་དང༌། ཟི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་ཟེར་བའི་རིག་གཞུང་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཟི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་བོད་རིག་པའི་དཔེ་ཚོགས་ཞེས་པའི་རྩོམ་སྒྲིག་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་ཏུན་ཧོང་ཐུའུ་ལུ་ཧྥན་རིག་གཞུང་ཚོགས་པ་གྲངས་ཉུང་མི་རིགས་ཡིག་རིགས་ཆེད་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཡོད་པའི་ཆེད་ལས་མཁས་དབང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སོགས་ཀྱི་ལས་གནས་བཞེས་མུས་ཡིན།
སྔ་ཕྱིར་རྒྱལ་སྤྱིའི་བོད་རིག་པ་
ལྷན་ཚོགས་ཀྱི་ལས་འཛིན་དང༌། ཀྲུང་གོའི་མི་རིགས་ལོ་རྒྱུས་ལྷན་ཚོགས་ཀྱི་དབུ་འཛིན་སྐུ་གཞོན། ཨ་རིའི་ཀོ་ལོམ་བྷི་ཡ་སློབ་གྲྭ་ཆེན་མོ་དང༌། དབྱིན་ཇིའི་ཁེམ་བྷི་རི་ཇི་སློབ་གྲྭ་ཆེན་མོ། ཨོ་སི་ཁྲུ་རི་ཡ་བོད་རིག་པ་དང་ནང་ཆོས་ཞིབ་འཇུག་ཁང་གི་གདན་ཞུས་དགེ་རྒན་ཆེན་མོ་སོགས་ཀྱི་ཐུགས་འགན་བཞེས་ཡོད་པའོ།།

 

བརྒྱུད་སྐུལ།

མཆན་སྤེལ།