བོ་དོང་མཆོག་སྤྲུལ་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།

བོ་དོང་མཆོག་སྤྲུལ་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།

བོ་དོང་མཆོག་སྤྲུལ་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།

(༡༩༩༢ ནས་༢༠༠༧)

 

༄༅། །ཤིན་ཏུ་ཞི་བའི་ཉམས་ཅན་ལྷ་མིའི་གཉེན།།

སྡང་བའི་དགྲ་ལའང་མ་ཡི་བུ་བས་བྱམས།།

གདུལ་བྱའི་ཁམས་ཀྱི་རྗེས་འགྲོ་ཆོས་ཀྱི་ཚུལ།།

ཇི་སྙེད་འདོམས་མཛད་ཐུབ་པའི་དབང་པོར་འདུད།།

 

རྒྱ་ཆེ་ཆོས་ཀྱི་སྤྱན་ལྡན་རིན་པོ་ཆེ།།

ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན།།

ཡིད་འཕྲོག་རབ་མཛེས་དབྱངས་ཅན་དགའ་བའི་དཔལ།།

འཇིགས་མེད་གྲགས་པའི་ཞབས་ལ་གུས་པས་འདུད།།

དེ་ཡང་བོ་དོང་མཆོག་སྤྲུལ་བསྟན་འཛིན་མཐུ་སྟོབས་འཇིགས་བྲལ་མཆོག་ནི་ ༡༩༩༢ ལོའི་ཟླ་ཚེས་ ༧ ཉིན་བལ་ཡུལ་མཆོད་རྟེན་ཉེ་འདབས་སུ་ཡབ་སྤོང་རོང་བ་ཟླ་བ་དར་རྒྱས་དང༌། ཡུམ་རྫོང་དཀར་བ་སྐལ་བཟང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། ཉེ་དུ་དག་འདུས་ཏེ་བཙས་སྟོན་ལེགས་པར་བྱས། བྱིས་པའི་སྐབས་མཚན་དུ་བསོད་ནམས་དོན་གྲུབ་ཏུ་འབོད་ཅིང་། ཡབ་ཡུམ་གཉིས་ལ་སྲས་གཅིག་ལས་མེད་པ་དེ་ཡིན།

བོ་དོང་ཆོས་བརྒྱུད་པ་ཚེ་རིང་དམ་ཆོས་ལགས་སུ་ཕྱི་ལོ་ ༡༩༩༠ ནས་བཟུང་ལོ་ལྔ་ལྷག་ལ་རྨི་ལྟས་ཡ་མཚན་ཅན་མང་དག་ཅིག་བསྟུད་མར་མཇལ་བ་དེ་དག་ལོ་རེ་བཞིན་ཇེ་བདེན་ཇེ་གསལ་དུ་གྱུར་ཁར། སྔོན་ཞིག་ནས་ཡབ་ཡུམ་གཉིས་ལ་བུ་མོ་བཞི་ལས་བུ་ཡེ་ནས་མ་བཙས་པས་རུས་སྨྱུག་འཛིན་པའི་བུ་ཞིག་འདོད་དེ་དཔལ་འབར་དགེ་བཤེས་རིན་པོ་ཆེར་བརྟག་ལུང་ཞུས་པས། ལས་གཏོར་འབུམ་དང་སྒྲོལ་མ་འབུམ་ཐེར་སོགས་བསགས་ན་བུ་ཞིག་ཡོང་ངེས་ཀྱང་དེས་ཁྱིམ་ཐབས་མི་འཛིན་གསུངས་པའི་སྦས་དོན་སྐབས་དེར་མ་རྟོགས་ཀྱང་། ལོ་གྲངས་མང་པོའི་རྗེས་ཚེ་རིང་དམ་ཆོས་ལགས་ཀྱི་རྟགས་ལྟས་དང་རྩེ་མཐུན་བྱུང་བར་གཞིགས་ན་མངོན་ཤེས་ལྟ་བུར་གྱུར་པ་དང་། དེ་བཞིན་མ་ཡུམ་མཆོག་ལའང་སྔ་རྗེས་རྨི་ལྟས་རིམ་པར་བྱུང་བའི་གནད་དོན་བཅས་ཀྱིས་ངེས་ཤེས་རྙེད་ངེས་སུ་གྱུར་། གནས་ཚུལ་དེ་དག་ཚེ་རིང་དམ་ཆོས་ལགས་ཁོང་ཉིད་གཅིག་པུས་འགན་ལྗིད་མ་བཟོད་ནས་བལ་ཡུལ་ཁུལ་སྤོང་རོང་དཔལ་མོ་ཆོས་སྡིངས་དགོན་དང་། དད་ལྡན་སྤོང་རོང་མི་མང་རྣམས་དང་འབྲེལ་གཏུགས་ཀྱིས་བློ་བསྡུར་ལྷུག་པོ་བགྱིས་འབྲས་ཕྱི་ལོ་ ༡༩༩༦ ལོར་དེར་འཁོད་སེར་སྐྱ་མི་འཐུས་བཞིས་བཞུགས་སྒར་དུ་༸གོང་ས་མཆོག་གི་སྐུའི་གམ་དུ་ཆེད་བཅར་དང་འབྲེལ་བྱུང་བ་དག་ཡིག་ངག་གཉིས་བརྒྱུད་ཞིབ་ཕྲ་སྙན་བསྒྲོན་ཞུས་རྗེས། མགོན་པོ་ཉིད་ནས་ཐུགས་སྨོན་བརྟག་པ་ཟབ་མོས་ལོ་ན་ལྔ་ལ་ཉེ་བའི་བྱིས་པ་དེ་བོ་དོང་བླ་མ་བསོད་ནམས་རྒྱལ་མཚན་གྱི་སྐྱེ་སྤྲུལ་དུ་ངོས་འཛིན་འཁྲུལ་མེད་མཛད།

ཕྱི་ལོ་ ༡༩༩༧ ཟླ་བ་ ༣ ནང་མཆོག་སྤྲུལ་རིན་པོ་ཆེ་དང་། ཡབ་ཡུམ་གཉིས། སྤོང་རོང་སེར་སྐྱ་མི་འཐུས་བཅས་བཞུགས་སྒར་དུ་མཇལ་བཅར་ཐོག་ྋགོང་ས་མཆོག་ནས་སྤྲུལ་སྐུའི་གཙུག་ཕུད་དགྱེས་བཞེས་དང་འབྲེལ་བསྟན་འཛིན་མཐུ་སྟོབས་འཇིགས་བྲལ་དུ་མཚན་གསོལ་མཛད་ཅིང་། སྤྲུལ་སྐུ་མཆོག་རྒྱུན་པར་འཇམ་དབྱངས་ཀྱི་བསྟོད་པ་དང་གཟུངས་སྔགས་གང་མང་གསོག་འདོན་དགོས་གལ་ཆེ་ཐོག་རྒྱལ་བསྟན་སྤྱི་དང༌། བྱེ་བྲག་བོ་དོང་གི་བསྟན་པ་རིན་པོ་ཆེར་ཐོས་བསམ་སློབ་གཉེར་ལྷོད་མེད་བྱེད་དགོས་ཀྱི་ཐུགས་སྨོན་མཚམས་སྦྱོར་དང་བཅས་བཀའ་ཡིག་སྤྱི་ཕེབས་བྱུང་། ལོ་དེར་སྔ་རྗེས་བལ་ཡུལ་དཔལ་མོ་ཆོས་སྡིངས་དགོན་དུ་ཁྲི་འདོན་མཛད་སྒོ་རྒྱས་པ་ཞིག་དང་། སུད་སིར་མདོར་བསྡུས་ཤིག་བསྐྱངས།

ཕྱི་ལོ་ ༡༩༩༩ ལོར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གི་སྐུ་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་མནོས། མཆོག་སྤྲུལ་རིན་པོ་ཆེ་གསན་བསམ་སློབ་གཉེར་འཕྱུགས་མེད་དགོས་པ་གལ་གནད་ཆེ་སྐོར་སྤོང་རོང་སེར་སྐྱ་ཡོངས་ནས་དགོངས་ཚུལ་ནན་པོ་བྱུང་དོན། བལ་ཡུལ་ཁུལ་ཁོར་ཡུག་སོགས་གང་ཅིར་གནས་བབས་ཚད་ལྡན་མ་མངོན་པས། སྐུ་གཤེགས་ཚེ་རིང་དམ་ཆོས་མཆོག་ནས་གནའ་དུས་བོ་དོང་པཎ་ཆེན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་གུང་ཐང་གི་ཆོས་སྡེའམ་རྫོང་ཆོས་ཀྱི་སློབ་དཔོན་དུ་མངའ་སྲོལ་མཛད་པ་སོགས་དམིགས་བསལ་གྱི་འབྲེལ་བ་ཡོད་ཐོག །མཆོག་སྤྲུལ་འདི་པའི་འཁྲུངས་ཡུལ་སོགས་གང་ཅིའི་གནས་བབས་ཀྱིས་སྔོན་འགྲོའི་གསན་བསམ་མཛད་ཡུལ་དང༌། གཟིགས་སྐྱོང་རྫོང་ཆོས་ནས་གནང་གལ་ཆེ་དོན་སྐབས་དེའི་མཁན་རིན་པོ་ཆེ་ཐུབ་བསྟན་བརྩོན་འགྲུས་དང་ངོ་མཇལ་སྐབས་ནན་ཞུས་མཛད་ཅིང་། གཞི་རྩ་དེ་སྐོར་སྤོང་རོང་ཡུལ་དགོན་གཉིས་ཐད་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོར་བཀའ་སློབ་ཞུས་ལན་དུ། དེ་གའི་བློ་མོས་ལྟར་རྫོང་ཆོས་སུ་ཕེབས་ན་འཐུས་རྒྱུར་བཀའ་བཟང་སྤྱི་ཕེབས་བྱུང་འཕྲལ་ཡབ་ཡུམ་གཉིས་དང༌། སྤོང་རོང་སེར་སྐྱ་འཐུས་མི་བཅས་ཆེད་བཅར་གྱིས་རིན་པོ་ཆེ་དེར་ཕེབས་རྒྱུ་དང་། གསན་བསམ་མཛད་ཕྱོགས་དང་འབྲེལ་གནས་ཁང་མཚོན་གང་ཅིར་མཐུན་སྦྱོར་ཡོང་བ་རེ་ཞུས་ལྟར་དང་ལེན་བྱུང་རྗེས་ཕྱི་ལོ་ ༢༠༠༠ ཟླ་བ་ ༨ ཚེས་ ༣ དང་། བོད་ཟླ་ ༦ ཚེས་ ༤ སྟེ་ཡུལ་ཝཱ་རཱ་ཎ་སཱིར་སྟོན་པ་བདེ་བར་གཤེགས་པས་བདེན་བཞིའི་ཚུལ་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་དང་པོ་བསྐོར་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ཆོས་ཞུགས་མཛད་པ་དང༌། རིན་པོ་ཆེ་མཆོག་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མཉམ་མེད་ཐུབ་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་རྟེན་འབྲེལ་གྱི་སྒོ་མོ་ལེགས་པར་ཕྱེ།

དེ་ནས་བཟུང་རྫོང་ཆོས་སློབ་དཔོན་ཟུར་པ་དགེ་སློང་བྱམས་པ་བཟོད་པ་ལགས་བཤེས་གཉེན་དུ་བསྟེན་ཏེ་ཉེར་མཁོའི་ཆོས་སྤྱོད་དང་། རྒྱན་འཇུག་རྣམ་འགྲེལ་རྩ་བ་སོགས་ཐུགས་འཛིན་དང་། ཡི་གེ་འབྲི་ཀློག་མཚོན་བརྡ་སྤྲོད་སུམ་རྟགས། བསྡུས་གྲྭ་བློ་རྟགས་རྣམས་འཁྲིད་སྦྱོང་ལེགས་པར་བསླབས། གསན་ཐོ་ཟུར་གསལ་ལྟར་སྔ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ས་སྐུ་གོང་མ། ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་རིན་པོ་ཆེ། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སོགས་ཚད་ལྡན་བླ་མ་དག་གི་དྲུང་ནས་ཐུན་མོང་དང་ཐུན་མོང་མིན་པའི་ཟབ་ཁྲིད་དབང་ལུང་མན་ངག་དུ་མ་མནོས།

༸གོང་ས་མཆོག་ནས་སཱ་ར་མཚན་ཉིད་སློབ་གྲྭའི་དགེ་བཤེས་པདྨ་རྡོ་རྗེ་ལགས་བལ་ཡུལ་སྤོང་རོང་དགོན་གྱི་དབུ་འཛིན་དུ་འགན་བསྐུར་གནང་དོན་ལྟར་ཕྱི་ལོ་ ༢༠༠༤ ཟླ་བ་ ༢ ཚེས་ ༣ ཉིན་རིན་པོ་ཆེ་མཆོག་ས་རཱར་སློབ་ཞུགས་གནང་ཡོད་ཀྱང་སྐུ་ན་ཕྲ་བ་དང་། དེ་གར་སྐྱ་སེར་ཟུང་འབྲེལ་གྱི་གནས་བབས་ལ་བརྟེན་ལོ་དེའི་ཟླ་བ་ ༡༢ ཚེས་ ༡༨ ཉིན་རྫོང་ཆོས་སུ་ཕྱིར་ཕེབས་མཛད། ྋགོང་ས་དོན་གྱི་བདག་པོའི་བཀའ་དགོངས་བཞིན་ཕྱི་ལོ་ ༢༠༠༦ ཟླ་བ་ ༡༠ ཚེས་ ༢༥ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་སེར་བྱེས་མངའ་རིས་ཁང་ཚན་དུ་ཆོས་ཞུགས་དང་འབྲེལ་སེར་བྱེས་མཁན་ཟུར་དགེ་བཤེས་བྱམས་པ་ཐེག་མཆོག་ཡོངས་འཛིན་བགྲེས་པ་དང་། དགེ་བཤེས་ངག་དབང་སངས་རྒྱས་ཡོངས་འཛིན་གཞོན་པར་མངའ་གསོལ་ཐོག་ད་ལྟ་གུས་རྟག་བརྩོན་པས་མདོ་རྒྱུད་གཞུང་ལུགས་རྒྱ་མཚོར་སློབ་བཞིན་པ་བཅས་ཀྱི་རྣམ་ཐར་སྙིང་བསྡུས་སུ་ཕྱི་ལོ་ ༢༠༠༧ ཟླ་བ་ ༣ པར་འབྲེལ་ཡོད་ནས་སྐུལ་མ་བྱུང་བ་ལྟར་ཕྲན་རྫོང་ཆོས་དགེ་སློང་ཐུབ་བསྟན་ངག་དབང་གིས་བཀོད་དོ།།

བརྒྱུད་སྐུལ།

མཆན་སྤེལ།