༄༅། །སྔོན་བྱོན་རྒྱལ་བ་བོ་དོང་པ་འཇིགས་བྲལ་རིན་པོ་ཆེའི་རྣམ་ཐར་ཉུང་བསྡུས།

༄༅། །སྔོན་བྱོན་རྒྱལ་བ་བོ་དོང་པ་འཇིགས་བྲལ་རིན་པོ་ཆེའི་རྣམ་ཐར་ཉུང་བསྡུས།
༄༅། །སྔོན་བྱོན་རྒྱལ་བ་བོ་དོང་པ་འཇིགས་བྲལ་རིན་པོ་ཆེའི་རྣམ་ཐར་ཉུང་བསྡུས།
༑ དེ་ཡང་། བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ཤིང་རྟ་ཆེན་པོ་རྣམས་ཀྱི་ལམ་སྲོལ་དང་མཐུན་པར་ཡུག་ཅིག་ཏུ་འགྲེལ་པ་པོ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཞེས་ཡོངས་སུ་གྲགས་པ་གང་ཉིད་ཀྱི་རྣམ་ཐར་ཅུང་ཟད་བརྗོད་པ་ལ། དོན་གསུམ་ལ་བསྡུས་ནས་ཞུ་བ་ལགས་ཏེ། སྐུ་བལྟམས་པ་གཙོ་བོར་གྱུར་བ་ཁྱིམ་དུ་བཞུགས་པའི་སྐོར་དང་། གསན་བསམ་འཆད་རྩོད་རྩོམ་གསུམ་གཙོ་བོར་མཛད་པ་མཁས་ཤིང་གྲུབ་པའི་སྐོར། དཔལ་མོ་ཆོས་སྡིངས་ཕྱག་བཏབ་པ་སོགས་གདན་ས་རྣམས་སུ་འགྲོ་དོན་འཕྲིན་ལས་བསྐྱངས་ཚུལ་བཅས་ཁག་གསུམ་ལ་བསྡུས་ནས་ཞུ་བ་ལ།

༡. སྐུ་བལྟམས་པ་གཙོ་བོར་གྱུར་པ་ནི། ཡབ་ཞ་ལོ་ཙྭ་བ་སེང་གེ་རྒྱལ་མཚན་སོགས་མཁས་གྲུབ་མང་དུ་བྱོན་པའི་གདུང་རུས་ལས། ཡབ་ཞ་མ་ཆོས་དབྱིངས་རྒྱལ་མཚན་དང་། ཡུམ་བྱང་ཆུབ་སྒྲོན་ཞེས་བུད་མེད་ཀྱི་ཡོན་ཏན་ཀུན་ཚང་ཞིང་མཁའ་འགྲོའི་མཚན་རྟགས་ལྡན་པ་དེ་གཉིས་ཀྱི་སྲས་སུ། རབ་བྱུང་དྲུག་པའི་མེ་འབྲུག་སྤྱི་ལོ་ ༡༣༧༦ ལོར་ལ་སྟོད་ལྷོའི་ལྟེ་བ་རྒྱལ་གྱི་ཤྲྭིའི་ཉེ་འདབས་སུ་སྐུ་འཁྲུངས། ཆུང་དུས་ནས་སྙིང་རྗེ་ཆེན་པོ་རང་ཤུགས་སུ་མངའ་བས་བྱིས་པ་རྩེད་རོགས་པ་རྣམས་ལས་ཤིག་ཉོས་ནས་སྐུ་ལུས་ཀྱི་དྲོད་ཀྱིས་བསྐྱངས་པས་དབོན་པ་ཤིག་ཉོ་བར་གྲགས། གནས་ངེས་མེད་དུ་བསམ་གཏན་ལ་མཉམ་པར་འཇོག་པས། ཡབ་ཡུམ་སོགས་ཉེ་བ་རྣམས་གླེན་ལྐུག་སྐྱོན་ཅན་མིན་ནམ་སྙམ་པའི་ཐུགས་ལས་ཀྱང་བྱུང་། སྐུའི་ཞང་པོ་ལོ་ཆེན་གྲགས་པ་རྒྱལ་མཚན་གྱི་རྗེས་སུ་བཟུང་སྟེ་གྱམ་བསམ་གཏན་གླིང་དུ་ཡི་གེའི་སྦྱོར་བ་སློབ་པའི་ཚུལ་མཛད་པས། ནམ་མཁའ་གང་བའི་དབྱངས་གསལ་གཟིགས་ཤིང་ཐུགས་རབ་ལ་མཁས་གྲུབ་མང་པོས་བསྔགས་པ་མཛད། སྐུ་ཞང་གྲགས་པ་རྒྱལ་མཚན་ལས་རབ་བྱུང་དགེ་ཚུལ་སོགས་རིམ་པར་ནོད།
༢. གསན་བསམ་འཆད་ཉན་གཙོ་བོར་མཛད་པའི་སྐོར་ལ། དེ་ནས་བོ་དོང་ཨེར་ཕེབས་ནས་བཤེས་གཉེན་ཆོས་ཀྱི་རྡོ་རྗེ་ལས། ཚད་མ་རྣམ་འགྲེལ་གསན་ཞིང་དགུང་ལོ་བཅུ་དྲུག་པར་ས་སྐྱར་རྣམ་འགྲེལ་གྱི་གྲྭ་སྐོར་མཛད་ནས་སྙན་གྲགས་ཀྱི་དབྱར་རྔ་ཐོག་མ་ལྡིར། རིང་པོར་མ་ཐོགས་པར་རྒྱལ་བའི་བསྟན་པ་ལ་བྱ་བ་ལྷག་པོར་བྱེད་པར་དགོངས་ནས་ལོ་ཆེན་གྲགས་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་རྣམས་ལས་དབུ་ཕར་འདུལ་མཛོད་སོགས་གཞུང་ཆེན་པོ་རྣམས་གསན། གང་གསན་པ་རྣམས་ཀྱང་ཤེས་རབ་ཀྱི་དཔྱད་པས་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་གཞུང་ཇི་ལྟ་བ་བཞིན་དུ་རྟོགས་པར་མཛད། བར་སྐབས་སུ་ཤེས་རབ་ཀྱི་ལྷ་སྒྲུབ་པ་སོགས་བཞེད་དོན་གཡོ་མེད་དུ་མཛད་པས་དབྱངས་ཅན་མ་ཞལ་གཟིགས་ཤིང་། ཤེས་རབ་ཕྱོགས་མེད་དུ་འབར་བས་ཀུན་གྱི་བློ་ཡུལ་ལས་འདས་པའི་མཁྱེན་རབ་མངའ། དེ་ནས་དགུང་ལོ་ཉེར་གསུམ་ལ་སོན་མ་ཐག་གི་གཞོན་ནུ་པཎྜི་ཏ་ཉིད་ཀྱིས་དབུས་ཕྱོགས་སུ་གྲྭ་སྐོར་ལ་ཕེབས་ནས་ལྷོ་ཁ་རྩེད་ཐང་དང་། གསང་ཕུ་ནེའུ་ཐོག་སོགས་སུ་པོ་ཏི་བཅོ་ལྔ་ལ་བཤད་པ་མཛད་པས་མཁས་པའི་གྲགས་པས་ཁྱབ། གསང་ཕུར་གཡག་ཕྲུག་སངས་རྒྱས་དཔལ་དང་བགྲོ་གླེང་མཛད་པས་རྣམ་པར་རྒྱལ་པའི་མཚན་མ་བདག་གིར་མཛད། བླ་མ་གོང་མའི་འབྲེལ་འཁྱུད་བཞིན་བྱང་སྟག་ལུང་དུ་ཕེབས། དེ་དག་གི་ཕེབས་ལམ་རྣམས་སུ་སྙན་ངག་གི་བསྟན་བཅོས་ཡིད་ཀྱི་ཤིང་རྟ་དང་། སྣེ་གདོང་ཕོ་བྲང་གི་བསྟོད་པ། གསང་ཕུའི་བསྟོད་པ་སོགས་མཛད། དབུས་ནས་འཁོར་རྗེས་རིང་མིན་ཤེལ་དཀར་ཆོས་སྡེར་ཕེབས་ནས། ལོ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཁན་པོ་དང་། རྗེ་བཙུན་རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་ལས་སློབ། བླ་མ་བསམ་རིན་པས་གསང་སྟོན་མཛད་ནས། དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས། སྐུ་ཞང་མཁན་ཆེན་གྲགས་རྒྱལ་དང་། གཞན་ཡང་མཁས་གྲུབ་མང་པོ་ལས་གསན་བསམ་བར་མ་ཆད་པར་མཛད་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁསཔའི་རྩེ་མོར་སོན། དགུང་ལོ་ཉེར་དྲུག་པ་རབ་བྱུང་དྲུག་པའི་ལྕགས་སྦྲུལ་སྤྱི་ལོ་ ༡༤༠༡ ལོར་བོ་དོང་ཨེར་པཎ་ཆེན་འབུམ་ཕྲག་གསུམ་པའི་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར། གུང་ཐང་རྫོང་དཀར་ཆོས་སྡེ་དང་། གྱམ་བསམ་གཏན་གླིང་རྣམས་ཀྱི་གདན་ས་ཡང་མཛད། དགུང་ལོ་སུམ་ཅུ་ཙམ་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་འགྲེལ། དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོ་ཞེས་པའི་པོད་བརྒྱ་དང་སུམ་ཅུར་ལོངས་བའི་བསྟན་བཅོས་རྩོམ་པའི་དབུ་ཚུགས། ཤེལ་དཀར་ཆོོས་སྡེའི་མཁན་པོ་ཡང་མཛད། བར་སྐབས་སུ་ལྷོ་་ཤེལ་དཀར་དང་། ངམ་རིང་དུ་མཁན་ཆེན་གཡག་པ་དང་། བསོད་ནམས་སྐྱབས། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ། རོང་སྟོན་ཤེས་བྱ་ཀུན་རིག་རྣམས་དང་བགྲོ་གླེང་མཛད་པས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཚན་སྙན་གྱི་བ་དན་ཕྱོགས་ཀུན་ཏུ་ཁྱབ།
༣. དཔལ་མོ་ཆོས་སྡིངས་བཏབ་པ་སོགས་གདན་ས་རྣམས་སུ་འགྲོ་དོན་འཕྲིན་ལས་བསྐྱངས་ཚུལ་ནི། དགུང་གྲངས་སོ་ལྔ་པ་ལྕགས་སྟག་ལོར་དབེན་གནས་དཔལ་མོ་ཆོས་སྡིངས་སམ་པདྨ་ཆོས་སྡིངས་འདི་ཉིད་ཕྱག་བཏབ། དེ་ཡང་གདན་ས་འདི་ཇི་ལྟར་བཏབ་པའི་སྐོར་ལ། རྗེ་ཉིད་དགུང་གྲངས་སོ་ལྔ་པ་ལྕགས་ཕོ་སྟག་སྤྱི་ལོ་ ༡༤༡༠ ལོར་ཕྱོགས་འདི་ཉིད་དུ་བསྟན་པ་དར་བ་དང་སེམས་ཅན་ལ་ཕན་པའི་ཆེད་དང་། ཁོང་རང་ཡང་དབེན་པ་ལ་དགྱེས་པའི་ཕྱིར་གདན་ས་ཞིག་འདེབས་པར་དགོངས་ནས་ཐོག་མར་ས་ཕྱོགས་འདི་ཉིད་དུ་ཕེབས་པའི་ཚེ། ཁུལ་འདིའི་དཀར་ཕྱོགས་སྐྱོང་བ་རྣམས་རབ་ཏུ་དགྱེས་ཤིང་བསུ་བར་བྱེད། ལྷག་པར་སྲིད་མཚོ་༼ དཔལ་ཁུད་མཚོ་ ༽ ཀླུ་སྨན་རྡོ་རྗེ་གཡུ་བུན་མས་ཤེལ་ཟོམ་འོ་མས་བཀང་སྟེ་ཕུལ་ནས་རྟེན་འགྲེལ་འགྲིགས། ལྷ་སྲིན་སྡེ་བརྒྱད་རྣམས་བྱིན་རླབས་ཞུ་བ་ལ་གྲལ་བསྟར་རིང་པོ་བསྒྲིགས་ནས་བྱུང་། གནས་འདིའི་ས་དཔྱད་ཀྱང་རྒྱབ་རི་རིག་གསུམ་མགོན་པོའི་ཚུལ་དུ་གནས་ཤིང་མདུན་ན་ན་ག་མི་པགས་གཡང་བཞི་དང་འདྲ་བ་གསང་སྔགས་ཀྱི་བསྟན་པ་དར་བར་དགོངས། གཡོན་ཕྱོགས་སུ་ཆུ་བོ་དར་དཀར་བརྐྱངས་པ་ལྟ་བུ་གཡས་སྐོར་གྱིས་སྲིད་མཚོའི་ཕྱོགས་སུ་བབས། དེ་བཞིན་དཔལ་ཁུད་ཀྱི་ཆུ་བོ་གཞན་རྣམས་ཀྱང་གཡས་སྐོར་གྱིས་འགྲོ་བ། དེ་ལྟ་བུའི་ས་དཔྱད་དང་རྟེན་འབྲེལ་ཕུན་སུམ་ཚོགས་པའི་གནས་དེ་ལྟ་བུ་བཟུང་ནས། སྐུ་གསུང་ཐུགས་རྟེན་སོགས་ཇི་ལྟར་བཞེངས་པའི་ཚུལ་ལ། ཐོག་མར་ལྷ་ཁང་དམར་པོ་ཀ་བ་ཉི་ཤུའི་ས། རྟེན་གྱི་གཙོ་བོ་སྨན་འདམ་ལས་གྲུབ་པའི་འཇིགས་བྲལ་ང་འདྲ་མ། གཡས་བྲལ་དུ་སྟོན་པ་ཐུབ་པའི་དབང་པོ་དང་། རྡོ་རྗེ་སེམས་དཔའ། འཇམ་པའི་དབྱངས། མཆོད་རྟེན་བཅས་གསེར་ཟངས་ལས་གྲུབ་པ་མདའ་ཚད་མ། ཕ་དམ་པ་སངས་རྒྱས་དང་། གྲུབ་ཆེན་བིར་ཝ་པྲ། དཔང་ལོ་དང་། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན་སོགས་མི་ཚད་མ་སྨན་འདམ་ལས་གྲུབ་པ། ལོགས་རིས་སོགས་ཞིབ་གསལ་ངེས་པ་མི་འདུག་ཀྱང་། སྐུ་གསུང་ཐུགས་རྟེན་ཕུན་སུམ་ཚོགས་པས་གཏམས་པས་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མེད་པ་ཞིག་ཡོད་པར་ངེས་སོ། དེའི་ཕུ་ནས་ལྷ་ཁང་དཀར་མོ་གཙང་ཁང་གི་རྣམ་པ་དབྱིབས་གྲུ་བཞི་ཕྱོགས་བཞིར་གློ་འབུར་བཞི་སོགས་དཀྱིལ་འཁོར་གྱི་རྣམ་པ་ཡོངས་སུ་རྫོགས་པ། དེའི་ནང་ན་དུས་འཁོར་གྱི་རྒྱུད་ནས་གསུངས་པའི་ཡེ་ཤེས་མཆོད་རྟེན་ཐོག་བརྩེགས་ཕྱེད་དང་ལྔ། བྲེའི་ནང་དུ་རྒྱུད་སྡེ་ཆེན་པོ་བཞིའི་བླ་མ་བརྒྱུད་པ་རྣམས་རི་མོར་བྲིས་པ། བུམ་རིལ་གྱི་ཐོག་ས་དང་པོ་ལ་དཔལ་ཀྱཻ་རྡོ་རྗེ་གཙོ་བོར་གྱུར་བའི་དེ་དང་འབྲེལ་བའི་ཟབ་པ་གཉིས་སུ་མེད་པའི་རྒྱུད་སྡེའི་ལྷ་ཚོགས་ཐམས་ཅད་བྲིས། དེའི་ཐོག་ས་གཉིས་པ་ལ་དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་བའི་དེ་དང་འབྲེལ་བའི་རྒྱ་ཆེ་བ་གཉིས་སུ་མེད་པའི་རྒྱུད་སྡེེའི་ལྷ་ཚོགས་ཐམས་ཅད་བྲིས། དེའི་ཐོག་གསུམ་པ་ལ་བདེ་མཆོག་ཕྱག་འབུམ་པ་གཙོ་བོར་གྱུར་བའི་མ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་བྲིས། རྨང་གྲུ་བཞིའི་མཆོད་ཁང་གི་གཙོ་བོ་ལ་གསེར་ཟངས་ལས་གྲུབ་པའི་གསང་འདུས་འཇམ་པའི་རྡོ་རྗེ་ཡབ་ཡུམ་ཞལ་ཕྱག་ཡོངས་སུ་རྫོགས་པ། མི་ཚད་ཙམ་ནེ་པ་ལའི་ཡུལ་དུ་བཞེངས་མ་ཐག་ཡེ་ཤེས་པ་རང་བབས་སུ་ཞུགས་པས། ཚུར་སྤྱན་དྲངས་པའི་ལམ་ནས་ཤི་སྐྱིད་ཀྱི་ཇག་པས་འཕྲོག་པར་བརྩམས་པ་རྫུ་འཕྲུལ་གྱི་བཀོད་པས་ལྡོག་ཅིང་། ཚེམས་འཁྲུངས་ཤིང་ཞལ་བཞད་པའི་རྣམ་པ་ཅན་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་འབར་བ། དེའི་འོག་ཏུ་ལྷ་ཁང་དབྱིབས་ཟླུམ་པོ་ཀ་བ་གཅིག་གི་ཁྱོན་ཙམ་ནང་ན་ཀ་བ་མེད་པར་གདུང་མ་རྩེ་སྤྲོད་ཅན་ཧ་ཅང་ངོ་མཚར་བའི་གནས། འཇིགས་བྲལ་མུན་མཚམས་ལ་བཞུགས་པའི་ཁྲི་འཇིགས་བྲལ་མུན་མཚམས་ཞེས་པའི་འདྲ་སྐུ་བཞུགས་པ། དེའི་འཁོར་ས་དང་ཕྱིའི་ཀུན་དགའ་ར་བའི་གཞི་རྣམས་ལ་ཕ་རྒྱུད། རྣལ་འབྱོར་རྒྱུད། སྤྱོད་པའི་རྒྱུད། བྱ་བའི་རྒྱུད་རྣམས་དང་། མདོ་སྡེ་ལས་ཇི་སྐད་བཤད་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་། ཕྱོགས་བཞིའི་གློ་འབུར་སྟེང་འོག་གི་སྟེང་མ་རྣམས་ལ་རྩ་བའི་རྒྱལ་བ་རིགས་ལྔ་གཙོ་བོར་གྱུར་བའི་སྐུ་དང་། འོག་མ་རྣམས་ལ་ཕྱོགས་སྐྱོང་བཞི་གཙོ་བོར་གྱུར་བའི་ལྷག་མ་རྣམས་ལ་འཁོར་དུ་མ་དང་བཅས་ཏེ། མདོར་ན་དཔལ་ཀྱཻ་རྡོ་རྗེ་ནས་བཟུང་སྟེ། གཞི་བདག་སྲུང་མའི་བར་གྱི་སྐུ་རྣམས་ཀུན་ཏུ་རྣམ་པར་བཀྲ་བའི་ཚོན་བཟང་ཞིང་གསེར་གྱི་རྒྱན་གྱིས་བརྒྱན་པ། རྩེ་མོར་རྡོ་རྗེའི་ཏོག་གིས་བརྒྱན་པ། ལྷ་ཁང་གི་བཀོད་པ་མཐོང་བ་ཙམ་གྱིས་བློ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་ལམ་གྱི་གོ་བ་བདེ་བླག་ཏུ་སྟེར་བ་ཞིག་ཡོད་པར་གྲགས་སོ། དགུང་ལོ་རེ་བཞི་པ་༼ས་ལུག་ ༡༤༣༩ ༽ ལོར་སློབ་སྦྱིན་མང་པོས་གསོལ་བ་བཏབ་པ་དང་། བསྟན་བཅོས་ཆེན་པོ་དེ་ཉིད་འདུས་པ་ཡང་ལམ་ཙམ་གྲུབ་ཅིང། ཤེལ་དཀར་དང་། ངམ་རིང་། ཨེ་ཆོས་སྡེའི་གནས་ལ་སོགས་གདན་ས་རྣམས་སུ། བསྟན་བཅོས་ཆེན་པོ་དེ་ཉིད་འདུས་ཆེན་བཞེངས་པ་དང་། དེའི་སྒྲུབ་མཆོད་སོགས་ཕྱག་ལེན་སྤེལ་བ་སོགས་འཕྲིན་ལས་རྒྱ་ཆེན་པོའི་སྒོ་ནས་རིམ་པར་ཕེབས་ནས། རྒྱལ་རྩེར་བཀའ་ཆོས་རྒྱ་ཆེར་གནང་བའི་བར་ལ་ལོ་མཇུག་བར་འགོར། སྟག་ལུང་ངག་དབང་གྲགས་པ་དང་། སྟག་ཚང་ལོ་ཙྭ་བ། འཇམ་དབྱངས་དཀོན་མཆོག་བཟང་པོ་སོགས་སློབ་མ་མཁས་གྲུབ་མང་དུ་བྱུང་། དེ་ནས་ཡར་འབྲོག་ཏུ་ཕེབས་ནས་དེ་ཉིད་འདུས་པའི་ཆོས་སྐོར་རྒྱ་ཆེར་བསྐོར་ཅིང་གར་ཕེབས་ཀྱི་སར་འཕྲིན་ལས་ཀྱི་འོད་སྣང་དང་སྙན་གྲགས་ཀྱི་བ་དན་དཀར་པོ་ཡུག་ཅིག་གིས་ཁྱབ། ལོ་ཏོག་ཤིན་ཏུ་ལེགས་ནས་འབྲུ་རྡོག་རྒྱུན་ལྡན་ཁྲོལ་ཚགས་ལ་མ་ཚུད་པས་ཁྲོལ་ཚགས་བརྗེ་དགོས་པ་བྱུང་། དེ་ནས་སྟོན་མཚམས་སུ་ཡར་ལ་ཐེགས་ནས་རིན་སྤུངས་བྱམས་ཆེན་ཆོས་སྡེ་དང་། ནུབ་ཆོས་ལུང་རྣམས་སུ་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ནས་རྒྱལ་སྲས་པ་སོགས་ཀྱིས་རེ་སྐུལ་བཞིན་ཤངས་ཕྱོགས་ལ་ཐེགས། གོང་བཞིན་ཆོས་འཁོར་རྒྱ་ཆེར་བསྐོར་ནས་མཐོང་ཐོས་དྲན་རེག་སྨིན་གྲོལ་ལ་བཀོད། མདོར་ན། དགུན་ལོ་རེ་བཞི་རེ་ལྔ་གཉིས་ལ་གཙང་དང་ཡར་འབྲོག་གི་གདུལ་བྱ་སྤྱི་དང་། སློབ་སྦྱིན་རྣམས་ཀྱི་རེ་འདོད་ཐམས་ཅད་ཡིད་བཞིན་དུ་བསྐངས། གར་ཕེབས་ཀྱི་ས་ལ་མེ་ཏོག་གི་ཆར་དང་སྙན་གྲགས་འགྲན་པ་བཞིན་བྱུང་། ཡར་འབྲོག་ཁྲི་དཔོན་དང་། རིན་སྤུངས་ནོར་བུ་ཟངས་པོ། རབ་བརྟན་ཀུན་བཟང་འཕགས་དང་། ཤངས་པ་དཔོན་བསོད་རྣམས་ཀྱིས་དེ་ཉིད་འདུས་པ་ཆེན་པོ་རྒྱས་འབྲིང་རིམ་པར་བཞེངས། བྱམས་གླིང་པཎ་ཆེན་དང་། མངོན་དགའི་དཔོན་སློབ། རིན་སྤུངས་རོང་ཆུང་པ་སོགས་སློབ་མ་མང་དུ་འཕེལ། དེ་ལྟར་འཕྲིན་ལས་ལེགས་པར་བསྐྱངས་ནས་རང་གི་བསྟི་གནས་ཆེན་པོར་ཕེབས། དེ་ནས་མང་ཡུལ་སྐྱིད་གྲོང་དུ་ཕེབས་ཏེ་ཕྱོགས་ཕྱོགས་ནས་ལྷགས་པའི་གདུལ་བྱ་ཁྲི་ཕྲག་བརྒྱད་ཙམ་ལ་ཐུགས་བསྐྱེད་ལ་སོགས་པའི་མདོ་སྔགས་ཀྱི་བཤད་སྒྲུབ་ཟླ་བ་བདུན་ཙམ་གྱི་བར་དུ་མཛད་དོ། གློ་བོར་དཔོན་པོ་ཨ་མ་དགོན་གྱིས་སྤྲན་དྲངས། གློ་བོ་ལུང་སྟོད་ཀྱི་ཆོས་སྡེ་ལྕང་ལོ་ཅན་ཞེས་པར་དཔལ་དེ་ཉིད་བསྡུས་པའི་ཆོས་ཀྱི་དགའ་སྟོན་ལ་དགེ་འདུན་སྟོང་ཕྲག་ལྷག་ཙམ་དང་། སྐྱེ་བོའི་ཚོགས་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད། ཁྲི་ཚོ་ཆོས་འཁོར་ཡངས་པ་ཅན་དུ་མདོ་ལུགས་ཀྱི་སྨོན་ལམ་ཆེན་མོ་བཙུགས་ནས་དེའི་ཆོ་ག་བརྩམས་པ་ཡང་མཛད་དོ། དེ་ནས་གུང་ཐང་གི་མངོན་དགའི་ཆོས་གྲྭར་མཁས་གྲུབ་དཔལ་སངས་རྒྱས་པས་གདན་དྲངས། དཔོན་སློབ་མཇལ་བའི་ཚེ་མེ་ཏོག་དཀར་པོའི་ཆར་བབས། དེར་ཡང་བཤེས་གཉེན་ལུང་རིགས་སྨྲ་བ་དུ་མ་སྨིན་པར་མཛད་དོ། དབེན་གནས་དཔལ་མོ་ཆོས་སྡིངས་ཀྱི་སྒྲུབ་སྡེ་དང། ཡེ་ཤེས་ཆེན་པོའི་མཆོད་རྟེན་གྱི་ལས་ཀ་དང་། བསྟན་བཅོས་ཆེན་པོའི་མཆན་བུ་སོགས་ཐུགས་བཞེད་མཛད་འཕྲིན་གྱི་གཙོ་བོ་རྣམས་ཞབས་སུ་ཚུད་པར་མཛད། དགུུང་གྲངས་དོན་བཞི་ས་སྦྲུལ་ ༼ ༡༤༤༩ ༽ ལོར་ཡར་འབྲོག་ནས་ཨ་མོ་གྷ་སི་དྷི་ངོ་ཕེབས་ཀྱིས་གདན་ཞུ་ནན་གྱིས་ཕུལ་ཡང་། ད་ནི་ནམ་འཆི་ཁ་མ་འདི་ལ་ཤར་ཕྱོགས་ལ་ཕྱིན་ཀྱང་མི་ཡོང་། ཤེལ་དཀར་ཚུན་ཡོན་མཆོད་བསྡོངས་ནས་འགྲོ་གསུང། ཕུ་རིར་ཕེབས་པ་ན་ཡར་འབྲོག་པས་མདོ་ལི་འདི་ལས་ཟོར་ཡང་བ་ཞིག་གནང་ན་ཞུས་པས། ཞལ་འཛུམ་མཛད་ནས་འདིས་ད་ལན་ཙམ་ཡིན། ད་ནི་ཁྱེད་རང་དཔོན་གཡོག་རྣམས་བདེ་མོར་སོང་ཞིག བླ་མ་ཆོས་ཀྱི་སྐུ་ལ་འབྲལ་བ་མེད། སྤྲུལ་སྐུ་འཆར་ནུབ་ཅན་ལ་ཐག་ཉེ་རིང་གི་སྤྲོས་པ་མ་བྱེད་པར་སྙིང་པོའི་བླ་མ་ལ་གསོལ་བ་ཐོབ་ཅིག་གསུང་། སྐུ་ཡོངས་རྫོགས་ཀྱི་བྱིན་རླབས་སོགས་གནང་ངོ།།
དེ་ནས་རྗེ་བཙུན་ཆེན་པོ་བླ་སློབ་ཀྱིས་དེའི་དགུན་ཧྲིལ་པོ་ནས་སོས་འགོ་མ་ཚུགས་བར་ཤེལ་དཀར་དུ་བཞུགས། དཔལ་དེ་ཉིད་འདུས་པའི་ཆོས་འཁོར་བསྐོར། དེའི་དུས་ཤིག་ན་བོ་དོང་སྒྲུབ་པ་པོས་ཞབས་བྱུགས་ཞུས་པའི་ཚེ་ཞལ་སྔ་ནས་མཁའ་སྤྱོད་དུ་འགྲོ་བར་འདུག དེ་ཡང་དག་པ་མཁའ་སྤྱོད་ནི་འོག་མིན་སྟུག་པོ་བཀོད་པ་ལ་ཟེར། ང་ནི་དེར་འགྲོའོ། མཁའ་སྤྱོད་ཕལ་བ་ནི་རིག་འཛིན་གྱི་གནས་སུ་སྐྱེ་བ་ལ་ཟེར་གསུང་། སྒྲུབ་པ་པོས་ཤར་ཕྱོགས་ལ་མི་ཐེགས་པ་ཇི་ལྟར་ཡིན་ལགས་ཞུས་པས། དབུས་ཕྱོགས་ཀྱི་རྒྱལ་ཁམས་ན་དད་པ་ཅན་མང་ན་ཡང་། ཆོས་སྡིངས་རང་གིས་བཏབ་པའི་གནས་ཡིན་པས་ཐོད་པ་འབོགས་པ་ལ་དེ་ལེགས་པ་ཡིན། ༸ ཚོགས་གཉིས་སྐྱེད་བྱེད་དཔལ་ཁུད་འཛིན་པའི་ཚལ། །དམ་པའི་ཆོས་སྡིངས་ཞེས་བྱ་བརྟན་པར་གྱིས། རྨ་བྱས་ཡིད་འོང་ཆུ་འཛིན་མཐོང་བ་ལྟར། དབེན་པའི་གནས་དེ་བདག་གི་སེམས་ལ་དྲན། །བུང་བ་མེ་ཏོག་ཚལ་དུ་འགྲོ་བ་ལྟར། །དབེན་པའི་གནས་དེ་བདག་གིི་བསྟི་གནས་ཡིན། །ངང་པའི་རྒྱལ་པོ་པད་མཚོར་འཕུར་བ་ལྟར། །དབེན་པའི་གནས་དེར་ཁོ་བོ་མྱུར་དུ་འགྲོ། ཞེས་སོགས་གསུངས་ནས། ཡར་ཕྱག་བཏེགས་ནས་དབེན་གནས་ཆོས་སྡིངས་སུ་ཕེབས། དེའི་སོས་ཀ་དེ་ཞལ་སྔ་ནས་ད་ནི་མཆོད་རྟེན་བསྒྲུབ་པ་ལ་བརྩོན་པར་བྱེད་དགོས་གསུང་། མཆོད་རྟེན་གྱི་གདུགས་རིམ་པ་ཆར་ཁེབས་ཏོག་ལ་སོགས་ཏེ། སྐད་ས་སྡུམ་ར་དང་བཅས་པ་ལེགས་པར་གྲུབ་པ་མཛད། དེའི་རྗེས་སུ་སྒྲུབ་སྡེ་གཙོ་བོར་གྱུར་བའི་དགེ་འདུན་དང་ཕྱོགས་གཞན་གྱི་ཆོས་ཉན་འདོད་ཡོད་པ་རྣམས་ཀྱང་ད་ལོ་ཤོག་གསུང་། དེ་རྣམས་ཀྱི་ངོར་མདོའི་སྙིང་པོ་ཐེག་པ་ཆེན་པོའི་བློ་སྦྱོང་བྱང་ཆུབ་ལམ་རིམ། རྒྱུད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། ཐམས་ཅད་ཀྱི་སྙིང་པོ་སྦས་དོན་གསལ་བ་རྣམས་གནང་། ཚེ་བློས་གཏོང་བ་སོགས་གདམས་པའི་སྒོ་བཞིར་བཤད་པ་དང་མ་མགལ་བའི་སྒོ་ནས་སྒྲུབ་པ་དྲི་མ་མེད་པ་ལ་འབད་དགོས་སོ་ཞེས་གསུངས། མཐའ་མར་གྱུར་བའི་གདུལ་བྱ་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་མཛད་དོ། དེ་ནས་རྗེ་བཙུན་ཆེན་པོས་སྐུ་ཚེའི་འདུ་བྱེད་ནི་སྤངས། འཚོ་བའི་འདུ་བྱེད་བྱིན་གྱིས་རླབས་ཏེ། ལྕགས་རྟ་ ༼ ༡༤༥༠༽ ལོ་དེའི་སྟོན་སྒྲུབ་མཆོད་ཞག་ལྔ་ཙམ་དང་སྦྲེལ་ནས་མཆོད་རྟེན་ཆེན་པོའི་རབ་གནས་མཛད་པའི་ས་ཆོག་ལ། གུར་གར་གྱི་གཙོ་བོ་རྗེ་བཙུན་ཆེན་པོས་མཛད། རྡོར་དབྱིངས་ཀྱི་གཙོ་བོ་མཁན་ཆེན་རྗེ་བཙུན་པས་གནང་། ཡང་རྗེ་བཙུན་པས་མཆོད་གར་ཕུལ་བའི་ཚེ་མེ་ཏོག་གི་ཆར་ཆེན་བབས། རྒྱས་པའི་སྦྱིན་སྲེག་ཀྱང་ཕུལ་ཏེ་ཕུན་སུམ་ཚོགས་པའི་དགའ་སྟོན་དང་བཅས་པས་རབ་ཏུ་གནས་པ་ལེགས་པར་གྲུབ་བོ།
དེ་ནས་ལྕགས་ལུག་ ༼ ༡༤༥༡ ༽ རྟའི་ཟླ་བའི་ཚེས་གསུམ་ལ་རྩོམ་པའི་འཇུག་ཡོངས་སུ་གང་བ་ལ་བརྩོན་པར་གྱིས་ཤིག ཁྱེད་ཀྱི་ཞིང་ཁམས་དང་འཕྲིན་ལས་གཞན་ན་རྒྱ་ཆེ་བ་ཡིན་ཞེས་ལུང་གི་བསྐུལ་བ་ལ་བརྟེན་ནས། རྩོམ་ཡིག་པ་སུམ་ཅུ་ཙམ་གྱིས་བྲི་བར་གནང་སྟེ། དཔལ་དེ་ཉིད་འདུས་པ་ཡོངས་སུ་རྫོགས་པར་མཛད་ཅིང་། ཆོ་འཕྲུལ་དུས་ཆེན་ལ་རྒྱུད་སྡེ་རིན་པོ་ཆེ་བཞིའི་སྒྲུབ་མཆོད་ཟླ་ཕྱེད་ཀྱི་བར་མཛད། དེའི་ཚེས་བཅོ་ལྔ་ལ་རྗེ་བཙུན་ཆེན་པོ་འཁོར་ལོས་སྒྱུར་བའི་ཆས་སུ་ཞུགས་གནང་། ཁྲིའུ་ཤིང་གི་སྟེང་དུ་བཞུགས་ནས་དམིགས་པར་མཛད། དེ་ནི་སྐུ་ཚེ་འདིར་མཆོག་གི་རྣལ་འབྱོར་ལ་ལྷུར་མཛད་པ་དེ་དག་གི་ཁ་སྐོང་ཡིན་པ་རྟོགས་སོ། དེ་ནས་དཔྱིད་འབྲིང་ནག་པ་ཟླ་བའི་ཚེས་བརྒྱད་ཤིན་ཏུ་སྙུང་བའི་ཚུལ་གྱིས་གཟིམ་ཆུང་དཔལ་འཛོམས་སུ་ཕལ་བ་ལྟར་གཟིམ་མལ་ལ་བརྟེན་་པའི་ངང་དུ་གནས་པ་ལས། ཉིན་ཞིག་གློ་བུར་དུ་བཞེངས་ནས་སྐུ་ལུས་ཀྱིས་གར་གྱི་རྣམ་འགྱུར་ཆེས་ཁྱད་པར་དུ་བྱས་པ་དུ་མ་ཞིག་མཛད་ཀྱིན་ཞལ་ནས། གཅིག་གི་དང་པོ་དགུ་དབུས་སུ། །གང་ཞིག་བཅུ་ཡིས་མ་བཅིངས་པ། །དེ་ནི་བཅིངས་མེད་ཅེས་བྱ་སྟེ། །དེ་མཁྱེན་པས་ནི་མཆོག་མཁྱེན་ནོ། ཞེས་གདངས་སྙན་པོ་དང་བཅས་ནས་ཡང་ཡང་བསྐྱར་གྱིན་གསུང། དེ་ལྟར་གཟིམ་མལ་ལ་བརྟེན་པ་ཕྱོགས་སུ་གྲགས་པས་ཞལ་སློབ་རྣམས་དཔལ་ཁུད་ཀྱི་བསྟི་གནས་ཆེན་པོར་འདུས་ཏེ། རྗེ་བཙུན་ཆེན་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཞིང་མེ་ཏོག་འཐོར་བས་བསྟན་པ་དང་སེམས་ཅན་གྱི་དོན་དུ་བཞུགས་པར་གསོལ་བ་འདེབས་པར་བྱེད་ཅིང་། འཚོ་བྱེད་སྨན་གྱིས་ལེགས་པར་སྦྱར་བའི་སྨན་ཕུལ་བས་སྨན་ཟོས་པས་ཕན་པའི་ནད་པ་དེ་ང་མིན་ནའང་ཁྱེད་རྣམས་ཀྱི་བསོད་ནམས་ཀྱི་སླད་དུ་ཅུང་ཟད་ཟ་ཡི་གསུང་སྨན་ཅུང་ཟད་བཞེས། སླར་ཡང་བསམ་གཏན་གླིང་གི་སྒྲུབ་ཆེན་རྣམས་ཀྱིས་གསོལ་བ་བཏབ་ཀྱང་འདོད་པ་རྫོགས་པར་མ་གནང་ནས་གདམས་པ་ཞུས་པས་རྗེའི་གསུང་གིས། སློབ་དཔོན་དེ་ཉིད་འདུས་པ་ཆོལ། ལག་ལེན་སློབ་དཔོན་འཇམ་གྲགས་པ་སོགས་ལ་སློབས། སྐྱབས་གནས་རང་སེམས་དྭངས་མའི་བླ་མ་ལ་ཆོལ། འགྲོ་དོན་གང་དུ་གནས་ས་དེར་རང་གཞན་གྱི་དོན་ནམ་མཁའ་དང་མཉམ་པ་གྱིས། ངའི་བཀའ་བཞིན་ཉམས་སུ་ལེན་ཅིང་རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་བ་རྣམས་འོག་མིན་དུ་སྨོན་ལམ་ཐོབ། ང་ཉིད་མཐོང་ཐོས་དྲན་རེག་རྣམས་འཚེང་པ་ཡིན་གསུངས་ནས། ད་ནི་འཕྲད་པའི་ཕྱི་མ་ཡིན་ཨང་གསུང་ངོ། ཁོ་བོས་དཀོན་མཆོག་ལ་གསོལ་བ་བཏབ་པ་དང་། སྒོམ་པ་དང་། བཟླས་པ་དང་། བསྙེན་བསྒྲུབ་སོགས་སྐྱེ་བ་དུ་མར་གྲངས་མེད་པ་ཞིག་བྱས་པ་ཡིན་པས། སྐྱེ་བ་འདིར་ཁོ་བོ་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། འབྲེལ་བ་ཐོགས་པ་རྣམས་ངན་སོང་དུ་མི་འགྲོ་བར་ཁོ་བོས་སྨོན་ལམ་བཏབ་པ་ཡིན་པས་སྨོན་ལམ་དེ་ལྟར་དུ་མི་བདེན་ན་བདག་རང་ལ་སྡིག་གི་གཞན་ལ་ནི་མ་ཡིན་ནོ། གཞན་ཡང་། ཁོ་བོ་དེ་རིང་ཐེགས་པའི་ནངས་པར་སྔ་དྲོ་རུས་པར་མེ་ཆུག་ཅིག མེར་སྦྱངས་པའི་དུད་པ་སོགས་ཀྱིས་ཀྱང་སེམས་ཅན་ཚད་མེད་པ་ལ་ཕན་པ་ཡིན་ནོ་གསུང་། ནམ་ཡང་གཞན་དོན་ལས་མ་གཡོས་པའི་གསུང་གི་མཐའ་མ་དེ་ཡིན་ནོ། །
དེ་ནས་རྗེ་བཙུན་ཆེན་པོ་གྲུབ་པའི་རྡོ་རྗེ། དགུང་ལོ་བདུན་ཅུ་དོན་དྲུག་བཞེས་པ་ལྕགས་མོ་ལུག་གི་ལོ། ནག་པའི་ཟླ་བ་གནམ་གང་ལ། གཟིམ་ཆུང་དཔལ་འཛོམ་དུ་ཤར་ཕྱོགས་སུ་ཞལ་གཟིགས། སྐུ་གཡས་འོག་ཏུ་ཆུང་ཟད་ཕབ། ནམ་མཁའ་ལ་སྤྱན་ཅེ་རེ་གཟིགས་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཞི་བར་གཤེགས།
དེའི་མཚན་མོ་དེ་མ་ཐག་ནས་ནམ་མཁའི་སྤྲིན་པ་ཐམས་ཅད་དཔལ་མོའི་ཐང་ལ་བབས་ཏེ་ནམ་མཁའ་དྲི་མ་མེད་པ་ཞག་བདུན་གྱི་་བར་དུ་བྱུང་ཞིང། གཟིམ་སྤྱིལ་གསང་སྔགས་བདེ་ཆེན་གླིང་གཅིག་པུ་མཐོང་གི་གཞན་པའི་ཁྱོན་ཐམས་ཅད་སྤྲིན་གསར་པ་མུ་ཏིག་ལྟ་བུར་དཀར་བའི་ཁོང་ན་འཇའ་ཚོན་ཁ་དོག་སྣ་ཚོགས་པས་ཕང་ཕུང་དུ་གྱུར་པས་ཁྱབ་པ་དང་། མི་རྣམས་ཀྱི་མིག་གི་ཡུལ་དུ་གྱུར་པ་ལ་ཡང་གནམ་གང་ནས་བརྩམས་ནས་ཟླ་བ་བཞིའི་བར་དུ་མེ་ཏོག་གི་ཆར་ཆེན་པོ་བབ་པ་སོགས་ངོ་མཚར་བའི་བཀོད་པ་ཅི་ཡང་བཀྲ་བ་བྱུང་ཞིང་། དེ་དང་འབྲེལ་བའི་རྟེན་ངོ་མཚར་ཅན་ཡང་། འཇིགས་བྲལ་དུད་འཁོར་མ་སོགས་མང་དུ་བྱོན་པ་ལགས་སོ། ཞིབ་པར་མཁྱེན་འདོད་ན་རྣམ་ཐར་རྒྱས་པ་རྣམས་ལས་རྟོགས་པར་བྱའོ། གཞན་ཡང་མཁའ་སྤྱོད་ལྷ་ཁང་དང་། བཀའ་འགྱུར་ལྷ་ཁང་། སྐལ་བཟང་ལྷ་ཁང་། མགོན་ཁང་སྟེང་ཤོད་གཉིས། བསྟན་འགྱུར་ལྷ་ཁང་། གསེར་
གསེར་གདུང་ལྷ་ཁང་སོགས་ལྷ་ཁང་མང་པོ་དང་། གཟིམས་ཆུང་དཔལ་འཛོམས་དང། ཀ་དྲུག་མ་སོགས་ལྷ་ཁང་དང་གཟིམས་ཁང་མིང་ལྡན་རྣམ་ཕུད་དེ་མིན་ཁང་ཁུང་རྒྱ་ཆེ་སྤུས་དག་མང་དུ་བྱུང་བར་མངོན། དེ་དག་རྣམས་སུ་བཞུགས་པའི་སྐུ་གསུང་ཐུགས་རྟེན་ཡང་། འཇིགས་བྲལ་ང་འདྲ་མ་དང་། ཤང་ཁྲག་མ། སངས་རྒྱས་འོད་སྲུང་གི་རིང་བསྲེལ་གཅུག་ཏོར་ན་བཞུགས་པའི་ཐུབ་དབང་གི་ཞལ་འབག། འགྲོ་མགོན་གཙང་པ་རྒྱལ་རས་ཀྱི་རྒལ་ཚིགས་ཉེར་གཅིག་ལ་སྤྱན་རས་གཟིགས་ཀྱི་སྐུ་ཉེར་གཅིག་བྱོན་པའི་ཡ་གྱལ། རིང་བསྲེལ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་རང་བྱོན། པཎ་ཆེན་ཁོང་གི་ཕྱག་བཟོ་ལྷ་མོ་དབྱངས་ཅན་མ་དང་། ཆོས་སྲུང་བཀྲ་ཤིས་འོད་འབར་གྱི་ཞལ་འབག་སོགས་སྐུ་གྲགས་ཅན་མང་པོས་གཙོས་དེ་ཉིད་འདུས་པའི་ལུགས་ཀྱི་དཀྱིལ་ཐང་ལྔ་བརྒྱ་ཙམ་དང་། དེ་ཉིད་འདུས་པའི་ལུགས་ཀྱི་ལྷ། སྐུ་མདོག་དང་། ཞལ་ཕྱག་མང་ཉུང་། འཁོར་དང་ཕྱག་མཚན་སོགས་འདི་ལྟར་གྱིས་ཞེས་བཀོད་པས་ཁྱབ་པར་མཛད་ནས་སྐུ་འབུར་མ་འབུམ་ཕྲག་ལྷག་པ་བཞེངས་ནས་ཆོས་སྡིངས་ཀྱི་ལྷ་ཁང་ཁག་དང་གཟིམས་ཁང་སོགས་གཏམས་པར་མཛད། དེ་བཞིན་སྒྲུབ་མཆོད་སོགས་ལ་མཁོ་བའི་ཞལ་འབག་མང་པོ་དང་། ལྷ་སོ་སོའི་མདུན་ལ་རྒྱུད་ཀྱི་དགོངས་པ་དང་མཐུན་པའི་མཆོད་རྒྱུན་དང། སྒྲུབ་མཆོད་སོགས་ལ་མཁོ་བ་རྣམས་མ་ཚང་བ་མེད་པ། དེ་བཞིན་སྒྲུབ་སྡེ་བསམ་གཏན་གླིང་དུ་ལྷ་ཁང་ཀ་བ་བཞིའི་ས་སྐུ་གསུང་ཐུགས་རྟེན་གྱིས་ཕྱུག་པ་བཞུགས། དེ་བཞིན་དུང་སྒྲ་མཐོང་སྨིན་གླིང་། ༼ འདི་བོ་དོང་པཎ་ཆེན་དང་རྡོ་རྗེ་ཕག་མོ་ཆོས་ཀྱི་སྒྲོན་མེས་ལྷན་དུ་བཏབ་ ༽ ཞེས་པའི་མོ་དགོན། ཨ་སྐྱ་ཐར་པ་གླིང་། གུང་ཐང་འཁྲུལ་འཁོར་གླིང་། ཆོས་བཟང་སྒྲོལ་མ་གླིང་སོགས་གླིང་མང་པོ་དང་། གུང་ཐང་རྒྱལ་པོས་སྦྱིན་བདག་མཛད་ནས་བཞེངས་པའི་གཟིམ་ཁང་དཀར་པོ་སོགས་དགོན་མ་ལག་དང་བཅས་པ་རྒྱ་ཆེ་ལ་རྣམ་གྲངས་མང་བ། ཤིང་ཆ་སོགས་སྤུས་དག་ཞེ་མཚུངས་སྐབས་དེའི་འགྲིམ་འགྲུལ་ཆ་རྐྱེན་སོགས་ལ་གཞིགས་ནས་ཧ་ལས་དགོས་པ་ཞིག་བྱུང་འདུག པཎ་ཆེན་འདིའི་སློབ་མར་གྱུར་བ་ཡང་། ཉི་ཟླ་རྣམ་གཉིས་སུ་གྲགས་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། བློ་བརྟན་བཞི་པ། མངའ་རིས་པ་བསམ་གཏན་རྒྱལ་མཚན་དང་། བྱང་བདག་རྣམ་རྒྱལ་གྲགས་པ་ནས་འཇམ་དཔལ་གྲགས་པའི་བར་བཀའ་བབ་ཉེར་གསུམ། དོལ་པ་རྒྱལ་མཚན་གྲགས་ནས་སྟག་ཚང་ལོ་ཙྭ་བ་ཤེས་རབ་རིན་ཆེན་བར་ཕྱོགས་ལས་རྣམ་པར་རྒྱལ་བའི་མཁས་པ་དྲུག ། ཆེན་པོ་རིན་ཆེན་ཆོས་བཟང་པ་དང་། ངམ་རིངས་རབ་འབྱམས་པ་སངས་རྒྱས་སེང་གེའི་བར་མདོ་སྔགས་ཡོངས་རྫོགས་མཁས་པ་བཅུ་གསུམ། རྡོ་རྗེ་ཕག་མོ་ཆོས་ཀྱི་སྒྲོན་མེ་སོགས་མང་དུ་བྱོན་ནོ།
ལྷག་པར་གསུང་གི་དྭངས་མ་འཕྲིན་ལས་རྒྱུན་ཆགས་སུ་གནས་པ་བསྟན་བཅོས་ཆེན་པོ་དེ་ཉིད་འདུས་པའི་རྒྱ་མཚོ་ཆེན་པོ་རྩོམ་པར་མཛད་པས། དེ་ལ་ཡང་པོད་གྲངས་སོགས་ཀྱི་མང་བའི་ཆ་ནས་འཛམ་གླིང་ན་ཨང་དང་པོ་ཡིན་པར་གྲགས། འཇུག་པའི་སྒོ་བཞིར་བསྡུས་པས།
༡. བྱིས་པ་འཇུག་སྒོ་ཞེས་སུ་གྲགས། དེ་ནི་སྐབས་དེར་མཚོན་ན། སྤྱི་ཚོགས་ཀྱི་མི་ཚང་མས་སྦྱང་བརྩོན་དགོས་པའི་རིག་གནས་ཡིན། ཟས་སྤྱོད་སྤང་བླང་། ཕྲུ་གུ་སྐྱེ་གཡོག་དང་། གསོ་སྐྱོང་བྱེད་སྟངས། ཆུང་ས་ནས་རྣ་བར་ཨི་ཁུང་འབིག་ཐབས་ཡན་ཡོད། བོད་ཡིག་འབྲི་ཀློག། ལྟས་བརྟག་པ་དང་། སྐར་རྩིས། ལུས་རྩལ་སྦྱོང་བརྡར། སེམས་ཀྱི་བསླབ་པ་ལེགས་བཤད་སོགས་མདོར་ན་སྤྱི་ཚོགས་ཀྱི་མི་ཚང་མས་སྦྱོང་རྒྱུ་ཡིན་པས། དེང་སྐབས་ལྟར་ན་སྤྱི་ཚོགས་རིག་གནས་ཞེས་དབྱེ་ཆོག །
༢. མཁས་པ་འཇུག་སྒོ་ཞེས་པ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ། ནང་དོན་་རིག་པ་བཅས་གནས་ལྔར་དབྱེ་བ། དེ་ཡང་གང་ཟག་གཅིག་གིས་གནས་ལྔ་ཆར་རམ་རེ་གཉིས་སོགས་སོ་སོའི་བློ་དང་འབད་བརྩོན་དང་མཐུན་པར་འཇུག་ཆོག །གཞན་དང་ཅུང་མི་འདྲ་བ་ནི། སྙན་ངག་དང་སྡེབ་སྦྱོར་སོགས་སྒྲ་རིག་པའི་ཡན་ལག་ཏུ་བྱེད་པས་མཁས་པས་འཇུག་སྒོ་ཡིན། མཁས་པ་གཞན་གྱིས་རིག་གནས་ཆུང་བ་ཞེས་རིམ་པ་འོག་མར་རྩི། ༣. མདོ་ལ་འཇུག་པའི་སྒོ་ཞེས། བསྟན་པ་སྤྱིའི་རྣམ་གཞག་ཞེས་པ་སངས་རྒྱས་ཀྱི་རྣམ་ཐར་དང་། སྐྱེས་རབས་ནས། གྲུབ་མཐའ་སོ་སོའི་འདོད་ཚུལ་སྤྱི་བབ་དང་། བཞེད་པས་སྣེ་དྲངས་ནས། འདུལ་བ་ནས་ཕར་ཕྱིན་བར་དུ་འཇུག །དེ་ནས་མདོ་སྔགས་ཀྱི་བར་ན་རྒྱུད་བླ་མ་དང་མདོ་ཆོག་རྣམས་ལ་འཇུག །
༤. སྔགས་ལ་འཇུག་པའི་སྒོ་ཞེས་པ། རྒྱུད་སྡེ་སྤྱིའི་རྣམ་གཞག་དང་། དེ་ནས་སོ་སོའི་རྣམ་གཞག་སོགས་རྒྱུད་སྡེ་རྣམས་ཀྱི་བཤད་སྲོལ་བཞིན་འཇུག །ལྷག་པར་སོ་སོའི་རྣམ་གཞག་གི་སྐབས་སུ། རྒྱུད་སྡེ་བཞིར་དབྱེ་བ་ལས་བྱ་རྒྱུད་དང་། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་སོགས་དབྱེ་མཚམས་མང་ཆེ་བ་སྤྱི་དང་མཐུན། དེ་དག་ལ་འཇུག་ཚུལ་ཡང་། སྤྱིར་གང་ཟག་གི་བློ་ཚོད་དང་བསྟུན་དགོས་ཤིང་། དབང་གི་རྣམ་གྲངས་རྒྱས་བསྡུས་ཀྱང་དེར་བསྟུན་དགོས་པར་གསུང་། དེ་དག་ཕལ་ཆེ་བ་སྤྱི་ཁྱབ་ལྟ་བུར་གནས་པ་ནི། ལྷ་སོ་སོའི་མངོན་རྟོགས་དང་། དཀྱིལ་འཁོར། སྦྱིན་སྲེག །རབ་གནས། རྒྱུད་བཤད་སོགས་རིམ་པར་གནས་ཤིང་། དེ་དག་མང་ཆེ་བར་རྒྱབ་ན་རྣམ་ངེས་དང་བཅས་པ་ལ་བརྟེན་ནས། དགོས་པ་དང་སྒྲུབ་བྱེད་ཁུངས་སོགས་ཤེས་དགོས་པར་མངོན། མདོར་ན་སྔགས་ལ་འཇུག་པའི་སྒོ་འདི་རྣམ་གྲངས་མང་ཞིང་དོན་རྒྱ་ཆེ་བ་བློ་ཡུལ་ལས་འདས་པ་ཞིག་ཡོད་པར་མངོན་ཏེ། བོ་དོང་པཎ་ཆེན་དང་རོང་སྟོན་ཤེས་བྱ་ཀུན་རིག་གམ་ཤྭཀྱ་རྒྱལ་མཚན་བགྲོ་གླེང་མཛད་སྐབས། རོང་སྟོན་ཆེན་པོས་བྱང་བདག་རྣམ་རྒྱལ་གྲགས་པ་ལ་འདི་སྐད། ཉིད་ཀྱི་ཆོས་རྗེ་པ་དེ་དཀྱིལ་འཁོར་དུ་ཙམ་ཞལ་གྱིས་བཞེས་ཞེས་དྲིས་པ་ན། རྒྱལ་པོ་ ༼ རྣམ་རྒྱལ་གྲགས་པ ༽ ས་ཐམས་ཅད་མཁྱེན་པ་བསམ་གཏན་གྱི་ཁང་པ་ན་བཞུགས་པའི་ཚུལ་དུ་ཞུ་བ་ལ་བཏང་ངོ་། པཎ་ཆེན་གྱིས། འུ་ཅག་གིས་དཀྱིལ་འཁོར་ཁྲི་ཕྲག་གཅིག་ཙམ་ཁས་ལེན་གསུངས་པ་ལ། རྒྱལ་པོ་ ༼ རྣམ་རྒྱལ་གྲགས་པ ༽ ས་དེ་ཐོས་ཏེ། དེ་ནི་བཤེ་གཉེན་ཆེན་པོ་འདིའི་ཐུགས་སུ་མི་ཚུད་སྙམ་དུ་བསམ་ནས་ཕྱེད་དུ་ཕྲི་སྟེ། ལྔ་སྟོང་ཙམ་ཞིག་ཞལ་གྱིས་བཞེས་པར་འདུག་གོ །ཞེས་བརྗོད་དོ། དེ་གསན་པར་གྱུར་བ་ཙམ་གྱིས། ཀུན་ཏུ་རིག་པ་དེ་ཉིད་ཐུགས་མ་རངས་ནས། སྐུ་སྟན་ལ་རྡེབས་པ་དང་ལྷན་ཅིག་ཏུ་དེ་ཙམ་བོད་དུ་མ་འགྱུར་ན། ལུགས་དེ་དག་གང་འདྲ་བ་ཞིག་ཡིན་ཞེས། གསུང་དེ་རྩིང་པོར་སེམས་ཤིང་། དེ་དང་དེའི་ཆམ་སྐྱུར་མང་པོ་མཛད་དོ།
འོན་ཀྱང་དེ་རྗེས་བོ་དོང་པཎ་ཆེན་གྱི་སློབ་མ་མཁས་གྲུབ་དཔལ་ལྡན་སངས་རྒྱས་ཀྱིས། གུང་ཐང་མངོན་དགར་བདེ་ཆེན་རབ་རྒྱས་ཞེས་པའི་ལྷ་ཁང་བོ་དོང་པཎ་ཆེན་གྱི་དགོངས་རྫོགས་སུ་བཞེངས་པ་དེའི་ལྡེབ་རིས་ལ། དེ་ཉིད་འདུས་པའི་ལུགས་ཀྱི་དཀྱིལ་འཁོར་ཁྲི་ཕྲག་ཙམ་བཀོད་པར་གསལ་བས། ཡབ་སྲས་གཉིས་ཆར་གྱི་དགོངས་པ་མཐུན་པར་མངོན་ནོ།
ཚུལ་དེ་ལ་དཔགས་ན་པཎ་ཆེན་འདིའི་རིང་ལུགས་པ་རྣམས་མཁས་པ་གཞན་གྱིས་བློ་ཡུལ་དུ་ཆུད་དཀའ་སེ་བ་ཞིག་ཡོད་པར་ལམ་ཙམ་ཤེས་སོ།། །།
ཟླ་བས་ ༢༠༡༨ ལོའི་པཎ་ཆེན་དགོངས་རྫོགས་དངོས་གཞི་མ་ཤར་ཙམ་དུ་ལྷ་སར་བྲིས།
ལོ་རྒྱུས་ཀྱི་ཁུངས།
༡ .བོ་དོང་པཎ་ཆེན་གྱི་རྣམ་ཐར་ངོ་མཚར་དགའ་སྟོན།
༢. ལྕགས་སྤར་དེབ་གཟུགས་འདྲ་མིན་གཉིས།
༣. འཇིགས་མེད་འབངས།
༤. བོ་དོང་པཎ་ཆེན་གྱི་རྣམ་ཐར་ངོ་མཚར་རྒྱ་མཚོ།
༥. ནམ་མཁའ་ཉི་མ།
༦.བོ་དོང་པཎ་ཆེན་གྱི་རྣམ་ཐར་ངོ་མཚར་ཕྲེང་བ།
༧. དཔེ་རྙིང་དཔེ་སྐྲུན་ཁང་གིས། མཛད་བྱང་མེད་པ།

བརྒྱུད་སྐུལ།

མཆན་སྤེལ།