དགའ་ཤར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་གྲགས་པ་བསྟན་འཛིན་མཆོག་གི་རྣམ་ཐར་སྙིང་བསྡུས།

དགའ་ཤར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་གྲགས་པ་བསྟན་འཛིན་མཆོག་གི་རྣམ་ཐར་སྙིང་བསྡུས།
དགའ་ཤར་མཁན་ཟུར་རིན་པོ་ཆེ་གྲགས་པ་བསྟན་འཛིན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༩༣༩ ལོར་འབྲི་གུང་མང་ར་རག་ཤེར་ཞེས་པར་སྐུ་འཁྲུངས། ཕྱི་ལོ་ ༡༩༥༦ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་དཔལ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕུ་ཁང་ཁང་ཚན་དུ་ཆོས་སྒོར་ཞུགས་ཏེ། བསྡུས་གྲྭ་དང༌། བློ་རྟགས། རྣམ་འགྲེལ་སོགས་ལ་ཐུགས་གཉེར་གནང་། ཕྱི་ལོ་ ༡༩༥༧ ལོར་མཁན་ཆེན་རྒྱ་མཚོ་དབང་ཕྱུག་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ཕྱི་ལོ་ ༡༩༥༩ ལོར་བོད་དུ་དུས་འགྱུར་བྱུང་སྟེ། ༸གོང་ས་༸སྐྱབས་མགོན་༸༧རྒྱལ་བའི་དབང་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་ཞབས་རྗེས་སུ་བོད་རིགས་སེར་སྐྱ་ཕོ་མོ་ཁྲི་ཕྲག་དུ་མ་དང་མཉམ་དུ་ཕེབས་ཤིང༌། སྦག་ས་ཆོས་སྒར་ཟུར་འཛུགས་གནང་བའི་ཁོངས་སུ་ཕར་ཕྱིན་དང་དབུ་མ་སོགས་ཐུགས་གཉེར་གནང༌།
ཕྱི་ལོ་ ༡༩༦༣ ལོར་སྐྱབས་རྗེ་ཟོང་རིན་པོ་ཆེའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། ཕྱི་ལོ་ ༡༩༦༩ ལོར་ཆོས་སྒར་རྒྱ་གར་ལྷོ་ཕྱོགས་སུ་གཞིས་ཆགས་གནས་སྤོས་གནང་བའི་ཁོངས་སུ་ཕེབས། ཕྱི་ལོ་ ༡༩༧༡ དང༌ ༧༢ ལོ་གཉིས་རིང་གྲྭ་ཚང་གི་དགེ་འདུན་སློབ་གཉེར་བའི་འཚོ་བའི་མཐུན་རྐྱེན་འབད་སྒྲུབ་རྒྱ་གང་ཆེ་གནང་། ཕྱི་ལོ་ ༡༩༧༤ ནས་ ༧༦ གྲྭ་མང་ནས་འོས་བསྡུ་གནང་དོན་ལྟར་གྲྭ་ཚང་གི་ཕྱག་མཛོད་དང༌། དྲུང་ཡིག་གཅིག་ལྕོགས་ཧུར་བརྩོན་གྱིས་འདུ་ཁང་རྫ་ཐོག་རྙིང་སོང་ལ་བརྟེན་འདུ་ཁང་ཤེལ་ཕྲ་ཅན་གསར་དུ་བསྐྲུན།
ཕྱི་ལོ་ ༡༩༧༨ ལོ་ནས་སློབ་ཁང་རྫ་ཐོག་ཅན་དང་ཆུའི་ཁྲོན་པ་འབྲུ་རྒྱུ་སོགས་ཀྱི་ཐུགས་འགན་ལོ་གཉིས་རིང་བཞེས། ཕྱི་ལོ་ ༡༩༨༡ ལོར་སློབ་གཉེར་བའི་འཚོ་བའི་རྟེན་གཞི་ས་ཞིང་འདེབས་ལས་ཀྱི་བཅུ་དཔོན་ཐུགས་འགན་ལོ་གཅིག་བཞེས། དགེ་འདུན་པའི་འཚོ་བའི་གཞི་རྟེན་ལས་དོན་ཛ་དྲག་ཆུང་དུ་ཕྱིན་མཚམས་འདུལ་མཛོད་གཉིས་ལ་བསྐྱར་དུ་གཟིགས་རྟོག་གིས་སློབ་གཉེར་མཇུག་སྐྱོང་གནང་། ཕྱི་ལོ་ ༡༩༨༣ ལོར་ཁང་ཚན་གྱི་གཉེར་པའི་ཐུགས་འགན་བཞེས་ཏེ་གྲྭ་ཤག་གསར་སྐྲུན་གནང་།
ཕྱི་ལོ་ ༡༩༨༤ ལོར་རྡོ་རམས་དམ་འཇོག་ཁེལ་བ་ནས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་འབུལ་དབུ་འཛུགས་ཀྱིས། ཕྱི་ལོ་ ༡༩༩༠ བར་བཀའ་རམས། སློབ་དཔོན། ལྷ་རམས་བཅས་ཀྱི་རྒྱུགས་ཚན་ཚང་མར་གནས་རིམ་དང་པོའི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༡༩༨༥ ལོར་གྲྭ་ཚང་གི་རྩིས་པ་དང༌༸སྐྱབས་རྗེ་ཟོང་རིན་པོ་ཆེའི་གདུང་རྟེན་བཞེངས་རྒྱུའི་ཐུགས་འགན་བཞེས།
ཕྱི་ལོ་ ༡༩༩༠ ལོར་ལྷ་རམས་དམ་འཇོག་སྔོན་འགྲོའི་རྩོད་རྒྱུགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར། དེའི་ཕྱི་ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་གཞུང་བཀའ་པོད་ལྔར་ལྷ་རམས་དམ་འཇོག་དང༌། དགའ་ལྡན་བླ་སྤྱིའི་འདུ་ཁང་དབུ་འབྱེད་མཛད་སྒོའི་གསུང་ཆོས་དངུལ་གཉེར། དེ་ལོར་ཝཱར་ཎར་དུས་དབང་སྐབས་གདན་གསུམ་སྨོན་ཚོགས་གྲྭ་ཚང་གི་འཐུས་མིའི་མཛད་འགན་བཅས་བཞེས། ལོ་དེར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིགས་ཞུགས་ཀྱིས་རིམ་བཞིན་ཊཱི་ཀ་རྒྱུགས་འབུལ་དང་སྔགས་རམས་དམ་འཇོག་གནང༌། གྲྭ་མང་ནས་འོས་བསྡུ་ཞུས་དོན་ལྟར་ཕྱི་ལོ་ ༡༩༩༡ ནས་ཤེས་ཡོན་ཚོགས་ཆུང་གི་མཛད་འགན་བཞེས་ཏེ་ལོ་ངོ་བདུན་ལ་ཉེ་བ་དེའི་རིང་ཕྱི་རྒྱལ་དུ་ཆོས་འབྲེལ་གནང་སྒོ་དང་རིག་གཞུང་འཁྲབ་སྟོན་པ་གཏོང་ལེན། གྲྭ་ཚང་འདུ་ཁང་ཆེན་མོ་གསར་བཞེངས་དང་རྙིང་པ་ཉམས་གསོ་གནང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༤ བར་ཁྲི་རིན་པོ་ཆེའི་ཕྱག་རྟགས་དགོངས་དོན་བཞིན་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་བཞེས་དོ་དམ་པ། ལས་འཕར་དང་བཅས་པར་སྲི་ཞུ་འཐུས་ཚང་བསྒྲུབས། ཕྱི་ལོ་ ༡༩༩༨ ནས་ལོ་གསུམ་རིང་ས་གནས་རང་བདེན་ཚོགས་ཆུང་གི་དངུལ་གཉེར་ཐུགས་འགན་དང༌། ཕྱི་ལོ་ ༢༠༠༠ ནས་ལོ་གཅིག་རིང་གྲྭ་ཚང་གི་དགེ་འདུན་འདུས་པ་རྒྱ་མཚོའི་ཆེད་དུ་ཕྱི་རྒྱལ་ཡུལ་ཁག་དུ་མར་བསྐོར་བསྐྱོད་ཚོགས་ཆུང་གི་འགན་འཛིན་གྱི་མཛད་འགན་བཞེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས། སྐྱབས་རྗེ་ཟོང་རིན་པོ་ཆེ་སོགས་བླ་མ་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་བཀའ་ཆོས་མཐའ་ཡས་པ་གསན་བཞེས་མཛད།
ཕྱི་ལོ་ ༢༠༠༢ ལོར་ཡི་དམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་དུ་བཞུགས་འཆར་གྱི་སྔོན་འགྲོའི་བསགས་སྦྱང་གནང་བཞིན་པའི་མུར། ྋགོང་ས་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་དགོངས་དོན་བཞིན། ཕྱི་ལོ་ ༢༠༠༩ བར་མཁན་པོའི་ཁྲི་ཁུར་ལོ་བདུན་ལ་ཡང་དག་པར་བཞེས། དེ་རྗེས་གྲྭ་ཚང་གི་ཐའེ་ཝན་ཆོས་ཚོགས་དང༌། ཨ་རི་ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས་སུ་ལོ་ཤས་རིང་ཆོས་ཚོགས་ཀྱི་སློབ་དཔོན་མཚན་གནས་བཞེས་ཏེ་ལམ་རིམ་སོགས་འཆད་སྤེལ་གནང་བ་སོགས་མཛད་རྣམ་སྙིང་བསྡུས་སུ་བཀོད་པའོ།།
དགའ་ཤར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་གྲགས་པ་བསྟན་འཛིན་མཆོག་བར་སྐབས་གཅིན་མངར་དང་མཁལ་མའི་སྙུང་གཞི་ལྕི་བཞེས་ཀྱིས། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ རེས་གཟའ་པ་སངས་ཀྱི་དགོང་དྲོར་དགུང་གྲངས་གྱ་གཅིག་ཐོག་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་དེ་ཉིད་ཀྱི་བླ་མེད་མཛད་རྗེས་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་དང༌། མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་གནད་དུ་བསྐུལ་ཏེ་ཞི་བར་གཤེགས་པ་དེ་ཉིད་ཀྱི་ཟག་མེད་ཐུགས་ཀྱི་དགོངས་པ་ཟབ་མོ་ཡོངས་སུ་རྫོགས་ཤིང་སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ། 

བརྒྱུད་སྐུལ།

མཆན་སྤེལ།