༄༅། །མཚན་མཆོག་གསུམ་ལྡན་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་འཁོན་གདུང་སྐུ་གཞོན་ཛྙ་ན་བཛྲ་རིན་པོ་ཆེ་རྣམ་གཉིས་ཀྱི་ཡོངས་འཛིན་རྒན་རིན་ཆེན་བཟང་པོ་མཆོག་སྐུ་ཞི་བར་གཤེགས་པར་ཡིད་དུང་དྲག་པོས་རྗེས་དྲན་ཞུ།

༄༅། །མཚན་མཆོག་གསུམ་ལྡན་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་འཁོན་གདུང་སྐུ་གཞོན་ཛྙ་ན་བཛྲ་རིན་པོ་ཆེ་རྣམ་གཉིས་ཀྱི་ཡོངས་འཛིན་རྒན་རིན་ཆེན་བཟང་པོ་མཆོག་སྐུ་ཞི་བར་གཤེགས་པར་ཡིད་དུང་དྲག་པོས་རྗེས་དྲན་ཞུ།

༄༅།། མཚན་མཆོག་གསུམ་ལྡན་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་འཁོན་གདུང་སྐུ་གཞོན་ཛྙ་ན་བཛྲ་རིན་པོ་ཆེ་རྣམ་གཉིས་ཀྱི་ཡོངས་འཛིན་རྒན་རིན་ཆེན་བཟང་པོ་མཆོག་སྐུ་ཞི་བར་གཤེགས་པར་ཡིད་དུང་དྲག་པོས་རྗེས་དྲན་ཞུ།

ཡོངས་འཛིན་རྒན་དམ་པ་དེ་ཉིད་ནི་ཕྱི་ལོ་ ༡༩༣༨ ལོར་དེང་གི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ཁོངས་ཤབ་གཞུང་རྒྱམ་མདུད་གྲོང་དུ་རིགས་རུས་ཕུན་སུམ་ཚོགས་པ་རྒྱམ་མདུད་བླ་མ་ལགས་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས། ཡབ་ཀྱི་དྲུང་དུ་ཀློག་སློབ་པ་ནས་བཟུང་དུས་འགྱུར་མ་བྱུང་གི་བར་དུ་དཔལ་ས་སྐྱ་པ་ཆེན་པོ་༧སྔགས་འཆང་བླ་མ་ཐམས་ཆད་མཁྱེན་པ་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་།

དཔལ་ས་སྐྱའི་ལྷ་ཁང་མཁན་ཆེན་བྱམས་པ་འཇམ་དཔལ་བཟང་པོ་རྣམ་གཉིས་གཙོ་བོར་གྱུར་པའི་མཁས་གྲུབ་དམ་པའི་སྐུ་མདུན་ནས་ཐུན་མོང་བརྡ་དག་ནས་བཟུང་ཐུན་མིན་མདོ་སྔགས་ཀྱི་ཆོས་ཚུལ་བསམ་གྱི་མི་ཁྱབ་པ་གསན་བསམ་མཛད་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་སྙན་བཞེས་པ་མ་ཚད། ཇི་ལྟར་གསན་བསམ་མཛད་པ་དག་ཀྱང་ཐོས་པའི་གོ་བཅད་ཙམ་དུ་མི་མཛད་པར་ཚུ་བཞིན་ཉམས་སུ་བླངས་ཏེ་མཁས་གྲུབ་ཚོའི་ཞལ་ནས་ཐོས་རྟགས་ཞི་ཞིང་དུལ་བ་དང་། སྒོམ་རྟགས་ཉོན་མོངས་མེད་པ་གསུངས་པ་བཞིན་སྐུ་ཞི་བར་མ་གཤེགས་ཀྱི་བར་གྱི་མཛད་འཕྲིན་ལས་ང་ཚོས་གསལ་གསལ་ཐིང་ཐིང་དུ་མཇལ་མྱོང་བ་དེ་ལགས།

 

དགུང་གྲངས་ཉེར་གཅིག་བཞེས་པ་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སློབ་གྲྭ་མི་འདྲ་ཁག་གི་ནང་བོད་དགེ་གནང་བཞིན་པའི་མུར་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་འཁོན་རིགས་བསྟན་པའི་སྲོག་ཤིང་། འཇམ་དབྱངས་མི་ཡི་རྣམ་རོལ། དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གི་གདུང་སྲས་རྣམ་པ་གཉིས་ཀྱི་སྐུ་ཡི་ཡོངས་འཛིན་གནང་ནས་ཡོན་ཏན་གྱི་ཕྱི་མོ་འབྲི་ཀློག་ནས་བཟུང་སྐུ་ཡོན་རིན་པར་ཕུལ། རྣམ་ཀུན་ནས་ཕོ་བྲང་དུ་མཇལ་བཅར་ཞུ་མཁན་ཚང་མའི་རེ་འདུན་སྐོང་གནང་མཛད་པ་མ་ཚད་ཡོངས་འཛིན་ཞེས་པའི་མཚན་སྙན་རྗེས་འབྲེལ་གྱི་གོ་རིམ་ལ་གཏན་ནས་མངོན་པར་མི་ཞེན་པར་དུས་རྟག་ཏུ་དམན་ས་ཁོ་ན་མཛད་ནས་བཞུགས་གནང་མཛད།

མཐར་ཕྱི་ལོ་ ༢༠༢༠ ཟླ་ ༠༩ ཚེས་ ༢༣ ཉིན་དགོངས་པ་གཞན་དུ་གཤེགས་ནས་ཐུགས་དམ་ཉིན་གསུམ་ལ་བཞུགས། དེའི་རིང་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ། ༧སྐྱབས་མགོན་༧གོང་མ་སྐུ་གཞོན་ཛྙ་ན་བཛྲ་རིན་པོ་ཆེ་རྣམ་པས་དགོངས་རྫོགས་ཐུགས་སྨོན་མཛད། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༠༩ ཚེས་ ༢༨ ཉིན་འཁོར་གྱི་སེར་སྐྱ་མང་ཚོགས་ཀྱིས་གདུང་མཇལ་ཞུ་གྲུབ་མཚམས་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་དང་། ༧སྐྱབས་མགོན་༧གོང་མ་སྐུ་གཞོན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དཔལ་ས་སྐྱའི་ཆོས་ཚོགས་ཀྱི་བླ་གྲྭ་དགེ་འདུན་རྣམ་པས་སྐུ་གདུང་ཞུགས་འབུལ་མཛད།

དེ་ལྟ་བུའི་དགེ་བའི་གཤེས་གཉེན་དམ་པ་གང་གིས་བསྟན་པ་སྤྱི་དང་བྱེ་བྲག་ལ་བསྐྱངས་གནང་མཛད་པའི་བཀའ་དྲིན་དེ་དག་རྗེས་སུ་དྲན་པའི་སྒོ་ནས་གང་གི་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཕྱིར་བསྔོ་སྨོན་གང་ཤེས་ཞུ་རྒྱུ་དང་། སླར་ཡང་བསྟན་དོན་དུ་སྐུ་བའི་སྐྱེ་བ་བཞེས་ནས་བདག་ཅག་རྣམས་ཀྱི་མགོན་སྐྱབས་མཛད་དུ་གསོལ།།

ཡོང་ཁུངས། རྒྱ་ཡོངས་ས་ཆེན་དྲ་བའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་ ༢༠༢༠ ཟླ་ ༠༩ ཚེས་ ༢༨ ཉིན།།

བརྒྱུད་སྐུལ།

མཆན་སྤེལ།