སློབ་དཔོན་ཐུབ་བསྟན་དབང་པོ་ལགས་ནི་ཕྱི་ལོ་ ༡༩༣༠ ལོར་ལྷ་ལྡན་ཆོས་ཀྱི་ཞིང་སར་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནག་རོང་ཤག་སློབ་གྲྭར་རྨང་གཞིའི་སློབ་སྦྱོང་གནང་རྗེས་ཕོ་བྲང་པོ་ཏཱ་ལའི་རྩེ་སློབ་གྲྭར་མུ་མཐུད་སློབ་སྦྱོང་གནང་སྟེ། རྩེ་དྲུང་གི་གནས་བབས་ཐོག་ནས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་གཞུང་ཞབས་ཀྱང་གནང་འདུག
ཕྱི་ལོ་ ༡༩༥༣ ལོར་བོད་པའི་གཞོན་སྐྱེས་ཤེས་ལྡན་པ་ཁག་ཅིག་རྒྱ་ནག་ཏུ་བཏང་བའི་ཁོངས་སུ་ཁོང་ཡང་ཡོད་ཅིང་། པེ་ཅིང་དུ་ཡོད་པའི་དབུས་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དུས་ཡུན་ལོ་ ༣༦ ཙམ་རིང་གནང་བ་དང་། ཕྱི་ལོ་ ༡༩༨༨ ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་སྐད་ཡིག་དང་། བོད་ཀྱི་རིག་གཞུང་ཞིབ་འཇུག་གི་ཕྱག་ལས་གནང་འདུག ཕྱིས་སུ་བགྲེས་ཡོལ་ཞུས་པའི་རྗེས་སུ་ཡང་མུ་མཐུད་གཟིམ་ཤག་ཏུ་རིན་མེད་ངང་བོད་པ་དང་རྒྱ་མི། དམིགས་བསལ་རྒྱལ་སྤྱིའི་ཐོག་གི་བོད་རིག་པའི་ཞིབ་འཇུག་གནང་མཁན་སོགས་མང་པོར་བོད་ཡིག་དང་བརྡ་སྤྲོད། ས་སྐྱ་ལེགས་བཤད། ཚད་མ་རིག་པ་སོགས་ནང་དོན་མི་འདྲ་བའི་སློབ་ཁྲིད་གནང་སྟེ་སྐུ་ཚེ་ཧྲིལ་པོ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐོག་འབད་བརྩོན་གནང་མཁན་ཞིག་ཡིན་ཞིང་། སློབ་དཔོན་ཐུབ་བསྟན་དབང་པོ་ལགས་དམ་པ་ཁོང་ནི་རྒྱུན་དུ་སྤྱོད་འཇུག་ཉམས་ལེན་ཐད་དོ་སྣང་ཆེན་པོ་གནང་མཁན་ཞིག་ཀྱང་རེད་འདུག
དམ་པ་ཁོང་གི་དམིགས་བསལ་ཆེད་རྩོམ་དང་རྩོམ་སྒྲིག བསྒྱུར་དེབ་སོགས་མང་པོ་ཡོད་པའི་ཁོངས་སུ་ <<ལེགས་བཤད་ཆེད་བསྒྲིགས་>> དང་། <<བོད་རྒྱ་ཤན་སྦྱར་གྱི་ལྷ་སའི་ཁ་སྐད་ཚིག་མཛོད།>> <<ཤེས་བྱའི་སྒོ་མོ་འབྱེད་མཁན།>> <<བོད་ཡིག་རྩོམ་རིག་ཤེས་བྱར་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན།>> <<ལྷ་སའི་ཁ་སྐད་ཀྱི་བརྗོད་པ་ >> ལ་སོགས་པ་མང་པོ་ཞིག་ལྗགས་རྩོམ་མཛད་ཡོད།
རྒྱ་ནག་ཏུ་ཡོད་པའི་བོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ནི་དམ་པ་ཁོང་གི་སློབ་མ་གནང་མྱོང་འདུག་པས། ཁོང་གིས་ངོ་དེབ་དྲ་ཚིགས་ཐོག་རྒན་ལགས་དམ་པ་ཁོང་ལ་དྲན་གསོའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་དེ་སྔོན་ལྷ་སར་མི་ཡུལ་གྱི་བྱང་ཆུབ་སེམས་དཔའི་མི་སྣ་འདི་འདྲ་ཞིག་གུས་མོས་མཇལ་མྱོང་བར་དགའ་ཚོར་ཡོང་གི་འདུག དྲིན་ཅན་བཤེས་གཉེན་གྱི་དྲིན་ལན་འཇལ་ཆེད་མཆོད་མེ་འབུལ་རྒྱུ་དང་སྨོན་ལམ་འདེབས་རྒྱུ་ལས་བྱེད་ཐབས་གང་ཡང་མི་འདུག་ཅེས་དང་། དམ་པ་ཁོང་ནི་དབྱེ་འབྱེད་ཀྱི་དགོངས་པ་སྤུ་ཙམ་མེད་མཁན་ཞིག་ཀྱང་རེད་ཅེས་གསུངས་འདུག
འོད་ཟེར་ལགས་ཀྱིས། སློབ་དཔོན་ཐུབ་བསྟན་དབང་པོ་ལགས་ཀྱི་སློབ་མའི་ཁོངས་སུ་བོད་མི་སྐྱ་སེར་ཙམ་མིན་པར་རྒྱ་མི་དང་ནུབ་ཕྱོགས་མི་སྣ་སོགས་མི་སྣ་འདྲ་མིན་ཡོད་པ་གསུངས་འདུག
ཁོང་གིས་སློབ་འཁྲིད་གནང་བའི་བསླབ་གཞིའི་ཁོངས་སུ་ཚད་མ་རིག་པ་དང་། ས་སྐྱ་ལེགས་བཤད། བརྡ་སྤྲོད་སུམ་རྟགས། ལྷ་སའི་ཁ་སྐད་ཀྱི་བརྗོད་པ་སུམ་བརྒྱ་ལ་སོགས་པ་མང་པོ་ཡོད་པར་མ་ཟད། སློབ་ཁྲིད་གནང་བ་ཆ་ཚང་རིན་མེད་ཡིན་ཞིང་། དངུལ་སྐར་མ་གཅིག་ཀྱང་བཞེས་ཀྱི་མེད་ལ། ཕྱག་རྟགས་ཀྱང་བཞེས་ཀྱི་མེད་པ་གསུངས་འདུག
Post Views: 23,720