རྡོ་རྗེ་ཕག་མོ་སྐུ་ཕྲེང་བཅུ་གཉིས་པ་བདེ་ཆེན་ཆོས་ཀྱི་སྒྲོན་མེའི་རྣམ་ཐར་སྙིང་བསྡུས།

རྡོ་རྗེ་ཕག་མོ་སྐུ་ཕྲེང་བཅུ་གཉིས་པ་བདེ་ཆེན་ཆོས་ཀྱི་སྒྲོན་མེའི་རྣམ་ཐར་སྙིང་བསྡུས།
༄༅། །རྡོ་རྗེ་ཕག་མོ་སྐུ་ཕྲེང་བཅུ་གཉིས་པ་བདེ་ཆེན་ཆོས་ཀྱི་སྒྲོན་མེའི་རྣམ་ཐར་སྙིང་བསྡུས།
སྐུ་ཕྲེང་བཅུ་གཉིས་པ་བདེ་ཆེན་ཆོས་ཀྱི་སྒྲོན་མེ་ནི། སྙེ་མོ་ཐོན་གཞིས་སྐྱིད་རུར་ཡབ་རིག་ལྡན་རྒྱལ་པོ་དང་། ཡུམ་བསོད་ནམས་སྒྲོན་མ་གཉིས་ཀྱི་སྲས་མོར་རབ་བྱུང་བཅུ་དྲུག་པའི་ས་སྟག་ ༡༩༣༨ ལོར་སྐུ་འཁྲུངས། སྔོན་གནས་རྗེས་དྲན་གྱི་དམ་པའི་རིགས་སད་དེ། ལྷ་ལྡན་མཚམས་ཁུང་དུ་ཆོས་བཞུགས་མཛད། དགུང་གྲངས་དྲུག་སྟེང་ལ་བླ་ལྷ་རྣམས་ཀྱི་ལུང་དང་གསེར་བུམ་བརྟག་པ་སོགས་ནས་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་རིན་པོ་ཆེར་ཕེབས་དགོངས་བཞིན་སྲིད་སྐྱོང་སྟག་བྲག་རིན་པོ་ཆེར་མཇལ་ཕྱག་དང་བཅས་ཐོན་ཕྱག་ཞུས་ནས་གཞུང་ཞབས་སྨན་སྡོད་པ་སོགས་རྫོངས་བད་མཛད་དེ།
འབྲས་ལྡན་ཟླ་བའི་ཡར་ངོའི་ཚེས་བརྒྱད་འབྱུང་འཕྲོད་དགེ་བའི་ཉིན་དགོན་མ་ལག་གཞིས་བྱེས་ཀུན་གྱིས་གསེར་སྦྲེང་དང་། བྲོ་གར་གླུ་གཞས་ཀྱི་དགའ་སྟོན་དང་བཅས་རང་དགོན་བསམ་སྡིངས་མཁའ་འགྲོ་འདུ་བའི་བསྟི་གནས་སུ་ཞབས་སོར་འཁོད། དེའི་ཕྱིར་ལ་མདོ་ཁམས་ཀྱི་སྐྱབས་རྗེ་བཀའ་འགྱུར་རིན་པོ་ཆེ་ནས་རང་ཅག་རྣམས་ཀྱི་སྟོན་པ་བླ་ན་མེད་པའི་བཀའ་མདོ་རྒྱུད་དྲི་མ་མེད་པ་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་གནང་། དགུང་གྲངས་ ༡༣ ལ་དབུ་སྐྲ་གཙུག་ཕུད་དང་རབ་བྱུང་མཚན་བཞེས་གཞུང་སར་མཇལ་ཕྱག་ཆོག་པའི་སྙན་སྒྲོན་སོགས་རིས་བརྒྱུད་ཀྱིས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཞལ་སྔ་ནས་རབ་བྱུང་མཚན་བཞེས་པ་དང་སྦྲགས་ཧོ་ཐོག་ཐུ་ཆེ་ཁག་གི་གོ་གནས་དང་མཛོད་པའི་གདན་ཐོབ་སོགས་སྔར་ལམ་ལྟར་སྩལ་གནང་བ་དང་འབྲེལ་རྗེ་བཙུན་ངག་དབང་བཤད་སྒྲུབ་བདེ་ཆེན་ཆོས་ཀྱི་སྒྲོན་མེ་ཞེས་པར་མཚན་གསོལ་མཛད། སླར་ཌཀྐིའི་བསྟི་གནས་ཆེན་པོར་ཆོས་ཀྱི་ཁྲིར་རབ་བཞེས་ཀྱི་མཛད་སྒོ་དགའ་སྟོན་དང་། བོ་དོང་པའི་སྙན་རྒྱུད་ཡོངས་སུ་མངའ་བ་སྦྱོ་ར་མེ་སྤྲུལ་རིན་པོ་ཆེ་ངག་དབང་འཇིགས་མེད་འདུལ་བསྟན་རྣམ་རྒྱལ་རིགས་བདག་ཏུ་བཞེས་ནས། རང་ལུགས་ཐུགས་དམ་གཏོར་རྒྱུན་རྒྱ་མཚོའི་དབང་ལུང་ཡོངས་སུ་རྫོགས་པ་གསན་སྦྱོང་དང་བཅས་བསྙེན་སྒྲུབ་ལ་གཞོལ་བར་མཛད། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ནས་རིན་འབྱུང་བརྒྱ་རྩའི་དབང་ལུང་ཡོངས་རྫོགས་དང་། ༧གོང་ས་སྐུ་འཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཞལ་མངའ་ནས་ལམ་རིམ་འཇམ་དཔལ་ཞལ་ལུང་དང་། དུས་འཁོར་དབང་ཆེན། རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་བཅུ་གསུམ་གྱི་དབང་ཆེན་ཟབ་མོ་ཞུས། སྤྱི་ལོ་ ༡༩༥༩ ལོར་འབྲུག་ཡུལ་བརྒྱུད་རྒྱ་གར་ཕེབས། དེ་མུར་ཨ་པོ་ཏན་དང་། སུའུ་ལེན་བརྒྱུད་པེ་ཅིང་དུ་རྒྱལ་སྟོན་དུས་ཆེན་ཞིག་ལ་ཕེབས་འབྱོར་གྱིས་རིམ་བཞིན་ཆབ་སྲིད་དང་། འཚོ་བའི་བཀོད་སྒྲིག་གནང་ནས་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ལྗོངས་མི་དམངས་འཐུས་ཚོགས་ཀྲུའུ་རེན་སྐུ་གཞོན་བཅས་ཀྱི་ཕྱག་ལས་གནང་བཞིན་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་ཇུས་ཀྱི་ཉི་འོད་ཤར་ཕྲལ་རྡོ་རྗེ་ཕག་མོ་མཆོག་ནས་མགོན་པོ་གང་གི་དགོན་གནས་ཉམས་གསོ་གནང་རྒྱུའི་ཐུགས་འདུན་ལྟར་རང་སྐྱོང་ལྗོངས་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། ཀྲུང་དབྱང་བཅས་ལ་སྙན་སེང་རིམ་བརྒྱུད་ཀྱིས་དུས་སྨིན་ཆེ་ཐོབ་བྱུང་བས་སྤྱི་ལོ་ ༡༩༨༥ ལོ་ནས་ཉམས་གསོ་གནང་སྟེ་སྔར་ཡོད་གྲྭ་པ་རྣམས་དགོན་བཞུགས་ཀྱིས་སློབ་གཉེར་ཀུན་སྤྱོད་དམ་འཛིན་ཐོག་དགོན་གནས་མི་ཉམས་གོང་འཕེལ་ཉམས་པ་སོར་ཆུད་བྱེད་ཐབས་བཀའ་སློབ་མཛད། རབ་བྱུང་ ༡༧ ཤིང་མོ་ལུག་ ༢༠༡༥ ལོའི་བོད་ཟླ་ ༦ པའི་ཚེས་ ༣ ཉིན་དགོན་མ་ལག་གཞིས་བྱེས་ཀུན་གྱིས་སེར་སྦྲེང་དང་། བོ་དོང་རང་ལུགས་འཛིན་པའི་དགེ་བདུན་དང་བཙུན་མ་གཉིས་བརྒྱ་ལྷག་གི་བསུ་མ་དང་བཅས་ཡང་དར་བསྟན་པའི་མངའ་བདག་སྐྱབས་མགོན་རྡོ་རྗེ་ཕག་མོ་སྐུ་འཕྲེང་བཅུ་གཉིས་པ་༸རྗེ་བཙུན་ངག་དབང་བཤད་གྲུབ་བདེ་ཆེན་ཆོས་ཀྱི་སྒྲོན་མེ་མཆོག་གང་ཉིད་གྱི་གདན་ས་དཔལ་མཁའ་འགྲོ་འདུ་བའི་བསྟི་གནས་བསམ་སྒྲུབ་ཆོས་སྡིངས་དགོན་དུ་ཞབས་སོར་འཁོད་པ་དང་ཆབས་ཅིག་ས་སྐྱའི་ལྷ་ཁང་མཁན་ཆེན་ཁྲི་རབས་བཞི་བདུན་པ་༸བྱམས་པ་མཐུ་སྟོབས་སེང་གེ་མཆོག་ཀྱང་ཞབས་སོར་བསྐྱངས་ཏེ་བོད་ཟླ་དྲུག་པའི་ཚེས་ ༤ ལ་༸གར་དབང་སྐུ་ཕྲེང་བཅུ་གཉིས་པ་ཐུབ་བསྟན་ངེས་དོན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོ་མཆོག་གྱི་ཡང་སྲིད་རིན་པོ་ཆེ་ཌཱཀྐིའི་བསྟི་གནས་སུ་ཕེབས་གནང་ཡོད་པ་དང་ཉིན་དེ་རང་དུ་འདི་ག་བསམ་སྡིངས་དགོན་དུ་གོང་རིམས་དང་བསམ་སྡིངས་དགོན་དང་དགའ་ལྡན་དགོན་འདུས་སྤྱི་ནས་བསྐུལ་མ་མཛད་པ་བཞིན་དཔལ་ལྡན་ས་སྐྱ་དགོན་གྱི་ལྷ་ཁང་མཁན་ཆེན་ཁྲི་རབས་བཞི་བདུན་པ་༸བྱམས་པ་མཐུ་སྟོབས་སེང་གེ་མཆོག་ནས་རབ་བྱུང་མཁན་པོ་དང་། ལས་སློབ། ངག་དབང་ཀླུ་གྲུབ་དང་ཐུབ་བསྟན་བློ་གྲོས་དར་རྒྱས་གསུམ་གི་ལྷོ་བྲག་མངོན་ཐུབ་གྱི་བུ་ཀུན་བཟང་དབང་རྒྱལ་མཆོག་བདག་ཅག་གིས་སྟོན་པ་བཀའ་དྲིན་ཅན་གྱི་བཀའ་བདེན་པ་བཞིའི་ཆོས་འཁོར་སྐོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་དེར་འཇམ་མགོན་ས་པཎ་ནས་བརྒྱུད་པའི་སྡོམ་རྒྱུན་ཕུལ་གནང་བར་མཛད། རབ་བྱུང་མཚན་ལ་༸ལུང་རྟོགས་རིན་ཆེན་ཆོས་ཀྱི་འབྱུང་གནས་དཔལ་བཟང་པོ་ཞེས་གསོལ། ལྷག་པར་ཕྱི་ལོ་ ༢༠༡༥ ལོར་ཡར་འབྲོག་བསམ་སྡིངས་དགོན་པས་གཙོ་གཉེར་གནང་བའི་དཔལ་བོ་དོང་པའི་ཐུན་མིན་ཕྱག་བཞེས་ཐུགས་དམ་གཏོར་རྒྱུན་རྒྱ་མཚོའི་དབང་ལུང་མན་ངག་ཟབ་མོ་རྗེ་བཙུན་མ་རྡོ་རྗེ་ཕག་མོ་རིན་པོ་ཆེ་མཆོག་ནས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་བཀའ་བདེན་པ་བཞིའི་ཆོས་འཁོར་སྐོར་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས་བོ་ལུགས་ཀྱི་བླ་མཆོད་དང་འབྲེལ་ཟབ་ཆོས་ཆོས་འཁོར་དགུ་ལས་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོའི་ལྗགས་ལུང་དང་ཐུགས་དམ་གཏོར་རྒྱུན་རྒྱ་མཚོའི་དབང་ལུང་ཁག་ལས་ཡི་དམ་ཀྱེ་རྡོ་རྗོ་དང་། འཇིགས་བྱེད། གསང་འདུས་མི་བསྐྱོད་རྡོ་རྗེ། བདེ་མཆོག་འཁོར་ལོ་སྡོམ་པ་བཅས་ཀྱི་བཀའ་དབང་དང་། དབྱངས་ཅན་དཀར་མོའི་རྗེས་གནང་། ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་དབྱངས་ཅན་དམར་མོ་གསང་སྒྲུབ་ལྷ་ལྔའི་རྗེས་གནང་། དབྱངས་ཅན་དཀར་མོའི་རྗེས་གནང་། ཐུགས་དམ་གཏོར་རྒྱུན་རྒྱ་མཚོ་ལས་དཔལ་ལྡན་ལྷ་མོའི་རྗེས་གནང་དང་བླ་མ་གསང་སྒྲུབ་ཀྱི་ལྗགས་ལུང་བཅས་བོ་ལུགས་ཀྱི་དགོན་ཁག་གི་དགེ་བཙུན་བརྒྱ་ཕྲག་ལ་བསྩལ། བོ་དོང་པའི་ཡོངས་རྫོགས་བསྟན་པའི་མངའ་བདག་སྐྱབས་མགོན་རྡོ་རྗེ་ཕག་མོ་སྐུ་ཕྲེང་བཅུ་གཉིས་པ་རྗེ་བཙུན་ངག་དབང་བཤད་སྒྲུབ་བདེ་ཆེན་ཆོས་ཀྱི་སྒྲོན་མེ་མཆོག་གང་ཉིད་ཀྱི་གདན་སར་བཞུགས་ནས་དེ་དང་འབྲེལ་འདུས་ཆེན་ཆོས་ཀྱི་སྒྲོན་མེ་བཤད་སྒྲུབ་དར་རྒྱས་སློབ་གླིང་བཞེས་བཤད་གྲྭ་སོགས་གསར་འཛུགས་མཛད་ནས་ད་བར་བསྟན་འགྲོའི་དོན་ཆེན་བསྐྱངས་ནས་བཞུགས་མུས་ལགས་སོ། །

 

༡.ལོ་རྒྱུས་མཁོ་སྤྲོད་གནང་མཁན།
༢. བསམ་སྡིངས་དགོན་གྱི་དཔེ་རྙིང་ཞིབ་འཇུག་པ་གྲྭ་ཚེ་ རིང་དར་རྒྱས་ལགས།
༣.དྲྭ་ཐོག་སྤེལ་མཁན་
༤. འཇིགས་ཆོས།

བརྒྱུད་སྐུལ།

མཆན་སྤེལ།