༄༅། །སྐུ་མཁར་ཆེན་པོ་ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ་བཞུགས་སོ།།

༄༅། །སྐུ་མཁར་ཆེན་པོ་ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ་བཞུགས་སོ།།

༄༅། །སྐུ་མཁར་ཆེན་པོ་ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ་བཞུགས་སོ།།

 

ཡེ་ཤེས་དམ་པའི་དཀྱིལ་འཁོར་རབ་ཏུ་ཡངས། །

ཡོན་ཏན་བསམ་ཡས་རི་བོང་གིས་མཚོན་ཞིང་། །

དམ་ཆོས་འོད་དཀར་འགྲོ་བའི་སྙིང་མུན་སེལ། །

ཐུབ་དབང་སྨྲ་བའི་ཟླ་བ་རྟག་ཏུ་རྒྱལ། །

དེ་ལ་ཕོ་བྲང་ཆེན་པོ་འདི་ཉིད་ཀྱི་ལོ་རྒྱུས་ཟུར་ཙམ་ཞིག་སྙན་དུ་གསོལ་ན། མི་རྗེ་ཇི་ལྟར་ཕེབས་ཚུལ། བསྟན་པ་དམ་ཆོས་དར་ཚུལ། སྐུ་རྟེན་ཇི་ལྟར་བཞེངས་ཚུལ་གསུམ་གྱི་སྒོ་ནས་ཞུ་དགོས་འདུག

 

དང་པོ། བོད་ཀྱི་མི་རྗེ་ཇི་ལྟར་ཕེབས་ཚུལ་སྐོར།

སྤྱིར་བོད་ཁམས་འདི་ཉིད་མིའུ་རིགས་བཞིས་ཡོངས་སུ་གང་བར་གྱུར་ཀྱང་། གནོད་སྦྱིན་ནག་པོ། བདུད་དང་སྲིན་པོ། མི་མ་ཡིན། འདྲེ་རྒོད་ཀླུ་བཙན། མ་སངས་སྤུན་དགུ། ཟ་ར་སྐྱེས་དྲུག རྒྱལ་ཕྲན་བཅུ་གཉིས་ཏེ། གདུག་པ་སྡེ་བརྒྱད་ཀྱིས་དབང་བྱས་ཤིང་མ་རུངས་པར་གྱུར་པ་ལས། བོད་ས་ཁམས་སྤྱི་མཐུན་གྱི་བསོད་ནམས་ཀྱི་མཐུས། ཐོག་མའི་རྗེ་བོ་གཉའ་ཁྲི་བཙན་པོ་ཕེབས་པ་ཡིན་ལ། དེའི་ཕེབས་ཚུལ་ལ་ཡང་། གསང་བ་ཆོས་ལུགས། གྲགས་པ་བོན་ལུགས། ཡང་གསང་མུ་སྟེགས་ཀྱི་ལུགས་དང་གསུམ་དུ་ཡོད་པ་ལས། དང་པོ་གསང་བ་ཆོས་ལུགས་ལྟར་ན། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ་དང་། རྒྱལ་པོའི་བཀའ་ཆེམས་སུ། སྤྱིར་ཤཱཀྱའི་རིགས་ལ། ཤཱཀྱ་ཆེན་པོ། ཤཱཀྱ་ལི་ཙྪ་ཝི། ཤཱཀྱ་རི་བྲག་པ་གསུམ་ལས། ཐ་མ་རྒྱལ་པོ་སྐྱབས་སེང་ཞེས་པའི་བུ་ཐ་ཆུང་གཅིག་དཔུང་གི་ཚོགས་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་གངས་ཅན་གྱི་ཁྲོད་དུ་བྲོས་པ་ལས། བོད་ཀྱི་རྗེར་གྱུར་པར་བཤད་ཅིང་། བུ་སྟོན་ཆོས་འབྱུང་དུ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ལྔ་ཚིགས་སམ། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་སམ། ཡང་ན་བད་པའི་རྒྱལ་པོ་འཆར་བྱེད་ཀྱི་བུ། མིག་མས་འགེབས་པ། སོར་མོ་དྲ་བས་འབྲེལ་བ། མཚན་དང་ལྡན་པ་གཅིག་བྱུང་བ་ལས་བོད་རྗེར་གྱུར་པ་གསུངས་པ་ཡིན་ནོ།།

གཉིས་པ་གྲགས་པ་བོན་ལུགས་ལྟར་ན། གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས། དམུ་ཐག་དམུ་སྐས་ལ་བྱོན་པས་ལྷ་རིགས་ཡིན་པར་འདོད། དེ་ཡང་ཡར་ཀླུང་ལྷ་རི་རོལ་པོའི་རྩེ་ནས། ལྷ་སྐས་ལས། བཙན་ཐང་སྒོ་བཞིར་བབས་པ་དང་། གནམ་ནས་བཙན་པོ་འདྲ་འདུག་པས། རང་ཅག་རྣམས་ཀྱི་རྗེ་བོར་ཞུ་འོས་ཟེར་ནས། གཉའ་བར་ཁྲི་ལ་བཏེག་སྟེ་རྒྱལ་པོར་བཀུར་བས། རྗེ་གཉའ་ཁྲི་བཙན་པོར་ཐོགས་ཤིང་། བོད་ཀྱི་རྒྱལ་པོ་ལ་སྔ་བ་དེ་ཡིན་ནོ་ཟེར་ལ།

གསུམ་པ་ཡང་གསང་མུ་སྟེགས་ཀྱི་ལུགས་ལ། སྤོ་བོའི་ཡུལ་ན་བྱ་མོ་བཙུན་བྱ་བའི་མངལ་ནས་ཐེའུ་བྲང་སྤུན་དགུ་སྐྱེས་པའི་ཆུང་མཐའ་ཨུ་བེ་ར་བྱ་བ། བཞིན་གྱི་དཀྱིལ་འཁོར་ལེགས་པ། ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་མཐུ་ཆེ་བས། ཡུལ་མི་ཀུན་གྱིས་སྤྲུགས་ཏེ། བོད་དུ་བྱོན་པའི་ཚེ། བོད་རྣམས་རྗེ་བོ་འཚོལ་བ་དང་བྱང་ལམ་གཡའ་ལེ་གོང་དུ་འཕྲད་ནས། ཁྱོད་སུ་ཡིན། གང་ནས་འོངས་དྲིས་པས། ང་སྤོ་བོའི་ཡུལ་ནས་འོངས། ད་བོད་ལ་འགྲོ་བྱས་པས། འོ་ན་ཁྱོད་ལ་ནུས་པ་ཅི་ཡོད་ཟེར། དེ་ན་རེ། ང་ནུས་མཐུ་ཆེ་བས་ཡུལ་མི་ཀུན་གྱིས་སྤྱུགས་པ་ཡིན་ཟེར། འོ་ན་ཁྱོད་ཀྱིས་བོད་ཀྱི་རྗེ་ཨེ་ནུས་བྱས་པས། ཁྱོད་རང་རྣམས་ཀྱིས་གཉའ་བར་ཁྲི་ལ་བཏེག་ཅིག་དང་། མཐུ་སྟོབས་རྫུ་འཕྲུལ་གྱིས་གདོན་མི་ཟ་ཟེར་བ་དེར་འབངས་རྣམས་ཀྱིས་ཇི་ལྟར་གསུངས་པ་བཞིན་གཉའ་བར་བཏེག་ནས་རྗེ་ཁུར་བས་མཚན་ཡང་གཉའ་ཁྲི་བཙན་པོར་ཐོགས་སོ་ཟེར་ལ།

དེ་ལྟར་ཡང་། གསང་བ་ཆོས་ལུགས་ལྟར་ན་རྒྱ་ནས་ཆས། གྲགས་པ་བོན་ལུགས་ལྟར་ན་ལྷ་ནས་ཆས། ཡང་གསང་མུ་སྟེགས་ལྟར་ན་ཐེའུ་བྲང་དུ་འདོད་མོད། དེ་གསུམ་གང་ལྟར་འཐེན་ཡང་དོན་གཉའ་ཁྲི་བཙན་པོ་གཅིག་ལ། རྒྱལ་པོ་དེའི་ཕྱག་རྗེས་སམ་ལས་ཐབས་སུ། སྐུ་མཁར་ཡུམ་བུ་བླ་སྒང་འདི་ཉིད་བརྩིགས་ཤིང་། མཚོ་མི་གཤེན་གྱི་དམུ་རྒྱལ་གྱིས་བོན་བསྒྱུར། སུམ་པའི་བོན་པོ་ཨ་ཡོངས་རྒྱལ་བ་བརྟུལ་ལོ། རྒྱུན་དེ་ནས། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། མཁར་ལ་སྔ་བ་ཡུམ་བུ་བླ་སྒང་། ཡུལ་ལ་སྔ་བ་ཡར་ཀླུངས་སོག་ཁ། གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ་ཞེས་གྲགས་ཤིང་། དེ་ནས་རྒྱལ་བརྒྱུད་རིམ་པ་བཞིན་དུ། གནམ་ལ་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལྡེ་བརྒྱད། ས་ལ་ལེགས་དྲུག་སྟེ། མདོར་ན་རྗེ་གཉའ་ཁྲི་བཙན་པོ་ནས་ལྡེ་སྤྲིན་བཙན་ཡན་ལ་རྒྱལ་རབས་ཉི་ཤུ་རྩ་ལྔ་འདས་ནས། དེ་ཉིད་ཀྱི་སྲས་ཏོ་རེ་ལོང་བཙན་ནས་ཐོ་ཐོ་རི་གཉན་བཙན་བར་ཏེ་བཙན་ལྔར་གྲགས་སོ།།

 

གཉིས་པ། བསྟན་པ་དམ་ཆོས་ཇི་ལྟར་དར་ཚུལ་སྐོར།

 

དེ་ཡང་ལྷ་ཐོ་ཐོ་རི་གཉན་བཙན་འདི་ཉིད་དགུང་ལོ་དྲུག་ཅུ་བཞེས་པ་ན། ནམ་མཁའ་ནས་གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག སྤང་སྐོང་ཕྱག་བརྒྱ་པ། མདོ་ཟ་མ་ཏོག་བཀོད་པ། སྙིང་པོ་ཡི་གེ་དྲུག་པ། ཙིནྟ་མ་ཎིའི་གཟུངས། འདུ་ཤེས་བཅུ་བསྟན་པའི་མདོ། མུ་དྲའི་ཕྱག་རྒྱ་རྣམས་ཕོ་བྲང་གི་ཡང་ཐོག་ཏུ་བབས། ནམ་མཁའ་ནས་ད་སྟེ་མི་རབས་ལྔ་ན་འདིའི་དོན་ཤེས་པ་འོང་ཞེས་པའི་སྒྲ་སྒྲགས་དོན་མ་ངེས་ཀྱང་མཚན་གཉན་པོ་གསང་བར་གསོལ་ཏེ་མཆོད་པ་བྱས་པས། རྒྱལ་པོ་དགུང་ལོ་བརྒྱ་ཉི་ཤུ་ཐུབ། ཡུལ་ཁམས་བདེ་ཞིང་སྐྱིད་པའི་དགེ་མཚན་གྱིས་ཁྱབ་སྟེ། དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ནོ། །རྒྱལ་པོ་འདི་ནི་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པར་གྲགས་སོ།།

དེའི་སྲས་ཁྲི་གཉན་གཟུངས་བཙན། དེའི་སྲས་འབྲོང་གཉན་ལྡེའུ། དེའི་སྲས་སྟག་རི་གཉན་གཟིགས། དེའི་སྲས་གནམ་རི་སྲོང་བཙན། དེ་དང་ཡུམ་ཚེ་སྤོང་བཟའ་དྲི་ཟ་ཐོད་དཀར་གྱི་སྲས་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྟེ། འདི་ནི་མེ་མོ་གླང་གི་ལོ་ལ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས་ཏེ། ལོ་བཅུ་གསུམ་ལ་རྒྱལ་སར་མངའ་གསོལ། མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་བསྡུས། དེ་དག་གིས་སྐྱེས་འབུལ། འཕྲིན་ཡིན་ཀློག དེའི་ཚེ་བོད་ན་ཡི་གེ་མེད་པ་ལ། ཐོན་མི་ཨ་ནུའི་བུ་སམ་བྷོ་ཊ་འཁོར་བཅུ་དྲུག་དང་བཅས་པ་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་། དེས་ཀྱང་པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་ཡི་གེའི་སྒྲ་བསླབས་ཏེ། བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ་དང་ཨཱ་ལི་བཞིར་བསྡུས་ཏེ་ཁ་ཆེའི་ཡི་གེ་ལ་དཔེ་མཛད་ལྷ་སའི་སྐུ་མཁར་མ་རུར་བཅོས་ཏེ་ཡི་གེའི་བསྟན་བཅོས་བརྒྱད་མཛད་ནས། རྒྱལ་པོས་ཀྱང་ལོ་བཞིར་སྐུ་མཚམས་མཛད་དེ་བསླབས་ཤིང་། མདོ་ཟ་མ་ཏོག་བཀོད་པ། སྤང་ཀོང་ཕྱག་བརྒྱ་པ། དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར། བོད་འབངས་རྣམས་དགེ་བ་བཅུའི་ཁྲིམས་ལ་བཀོད་པས་མཚན་ཡང་སྲོང་བཙན་སྒམ་པོར་གྲགས་ཤིང་། ཆབ་སྲིད་ལོ་དྲུག་ཅུ་རྩ་དགུར་བསྐྱངས།

མགར་སྟོང་བཙན་ཡུལ་སྲུང་གིས་བློན་པོ་བྱས་ཏེ། བལ་ཡུལ་ནས་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་ཁྲོ་གཉེར་ཅན་མའི་སྤྲུལ་པ་བལ་མོ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་པའི་རྫོངས་ལ། སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། རང༌བྱུང་ཙན་དན་སྒྲོལ་མ་གསུམ་སྤྱན་དྲངས་ནས། ལྷ་ས་འཁྲུལ་སྣང་གི་གཙུག་ལག་ཁང་བཞེངས། རྒྱའི་རྒྱལ་པོ་སེང་གེ་བཙན་པོའི་སྲས་མོ་སྒྲོལ་མའི་སྤྲུལ་པ་རྒྱ་མོ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པའི་རྫོངས་ལ། སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནི་སྤྱན་དྲངས་ནས། རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་བཞེངས། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་ལ་སོགས་ཏེ་རྟེན་ཐམས་ཅད་བཞེངས། ལྷ་ས་བཞེངས་པའི་སྔོན་དུ། བོད་ཀྱི་ས་ཆ་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ་བ་མནན་པའི་ཆེད་དུ། གཡོ་རུ་ཁྲ་འབྲུག་ལ་སོགས་པ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་དུ་བཞེངས། རྒྱ་དཀར་ནག་ཁ་ཆེ། བལ་པོའི་སློབ་དཔོན་མང་དུ་སྤྱན་དྲངས། དམ་པའི་ཆོས་མང་དུ་བསྒྱུར་ཞིང་མང་དུ་སྲོལ་བཏོད། དབུ་ལ་ཨ་མི་དེ་བ་དངོས་སུ་མཐོང་བ་དར་དམར་ལ་ཐོད་ཀྱིས་དཀྲིས་ཤིང༌། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཏེ་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་ས་མོ་བྱའི་ལོ་ལ་རྒྱལ་པོ་བཙུན་མོ་གཉིས་དང་བཅས་རང་བྱོན་ཐུགས་རྗེ་ཆེན་པོའི་ཐུགས་དཀར་ཐིམ།

དེ་དང་བལ་མོ་བཟའ་ཁྲི་བཙུན་གྱི་སྲས་གུང་སྲོང་གུང་བཙན། དེའི་སྲས་མང་སྲོང་མང་བཙན། དེའི་སྲས་འདུས་སྲོང་མང་རྗེ་ཀླུ་རྣམ་འཕྲུལ། དེའི་སྲས་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ། ཆོས་འགའ་དང༌སྨན་དཔྱད་བསྒྱུར། དེའི་སྲས་འཇང་ཚ་ལྷ་དབོན་ལ་རྒྱའི་རྒྱལ་པོ་ཝི་ཛུང་གི་སྲས་མོ་ཀིམ་ཤིང་ཀོང་ཇོ་བླངས་པ། འཇང་ཚ་ལྷ་དབོན་བློན་པོས་བཀྲོངས་ནས་ཡབ་དང་འདུས་པ་ལས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལྕགས་ཕོ་རྟ་ལ་འཁྲུངས། ལོ་བཅུ་གསུམ་ནས་བཟུང་སྟེ་རྒྱལ་སྲིད་ལོ་ཞེ་གསུམ་མཛད་དེ། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་དང་། ཞི་བ་འཚོ། བི་མ་ལ་མི་ཏྲ་སོགས་དང་། རྒྱ་ནག་ཧྭ་ཤང་མ་ཧཱ་ཡ་ན་སོགས་སྤྱན་དྲངས། བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ། བེ་རོ་ཙ་ན་སོགས་སྤྱན་དྲངས། ཆོས་དཔག་ཏུ་མེད་པ་བསྒྱུར། བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཁང་ནས་ཨོ་ཏཏྣ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བོད་འབངས་བདེ་ལ་བཀོད་དེ་དམ་ཆོས་དར་ཞིང་རྒྱས་པར་མཛད། རྒྱལ་པོ་འདི་ནི་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་ཏེ་ཕྱག་ལ་ཨུཏྤལའི་རི་མོ་ཡོད། དགུང་ལོ་ལྔ་བཅུ་རྩ་དྲུག་ཤིང་མོ་གླང་གི་ལོ་ལ་གཤེགས།

དེའི་སྲས་མུ་ནེ་བཙན་པོ། མུ་ཁྲི་བཙན་པོ། མུ་ཏིག་བཙན་པོ། ཁྲི་ལྡེ་སྲོང་བཙན་བཞི་ལས། ཕྱི་མ་འདི་ཤིང་མོ་འབྲུག་ལ་འཁྲུངས། དགུང་ལོ་ཉི་ཤུ་རྩ་གསུམ་ནས་བཟུང་རྒྱལ་སྲིད་ལོ་སུམ་ཅུ་སོ་གཉིས་བསྐྱངས། པཎྜི་ཏ་ཀ་མ་ལ་ཤཱི་ལ། ཛྷཱ་ན་ཡེ་ཤེས། བལ་པོ་ཧཱུཾ་ཀ་ར། ལོ་ཙཱ་བ་འཁོན་ཀླུ་དབང་བསྲུང་བ། རྨ་རིན་ཆེན་ཆོས་འབར་སོགས་ཀྱིས་ཆོས་མང་པོ་བསྒྱུར། དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་སོགས་བཞེངས། བོད་འབངས་བདེ་ལ་བཀོད། དགུང་ལོ་ལྔ་བཅུ་རྩ་བཞི་པ་མེ་མོ་བྱ་ལ་འདས། དེ་ལ་སྲས་གཙང་མ། དར་མ། རལ་པ་ཅན། ལྷུན་རྗེ། ལྷུན་གྲུབ་ལྔ་ལས། བན་ཆེན་པོ་སོགས་བློན་པོ་རྣམས་ཀྱིས་རལ་པ་ཅན་རྒྱལ་སར་བསྐོས། རྒྱལ་པོ་འདི་མེ་ཕོ་ཁྱི་ལ་འཁྲུངས། ལོ་བཅུ་གཉིས་ལ་སྲིད་བཟུང་། མཁན་པོ་ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི་སོགས་མང་པོ་སྤྱན་དྲངས་ཏེ་སྔར་མ་བསྒྱུར་བའི་ཆོས་མང་དུ་བསྒྱུར། བསྒྱུར་ཟིན་པ་རྣམས་ལ་ཞུས་དག་བྱས། རབ་བྱུང་རེ་རེ་ལའང་འབངས་མི་ཁྱིམ་བདུན་བདུན་ཕུལ། འུ་ཤང་རྡོ་དཔལ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་སོགས་བཞེངས།

འདི་ཡན་ཆོད་དུ་བོད་རྗེ་རྣམས་ཀྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་འདོད། བོད་འབངས་རྣམས་ནི་བདེ་ཞིང་སྐྱིད། སྔར་ཡབ་མེས་ཀྱི་རིང་ལ་མ་འདུས་པའི་འཛམ་གླིང་གསུམ་བྲ་དབང་དུ་འདུས། ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་ཏེ། སྡིག་བློན་སྦས་སྟག་སྣ་ཅན་གྱིས་བན་ཆེན་པོ་བཀུམས། ལྷ་སྲས་གཙང་མ་གྲོ་མོར་སྤྲུགས། རྒྱལ་པོ་དགུང་ལོ་སོ་དྲུག་པ་ལྕགས་མོ་བྱ་ལ་བཀྲོངས། འདི་ཡན་ཆད་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ། ཤིན་ཏུ་སྐྱིད་པའི་གདུང་རབས་ཕྱེད་དང་ལྔ་ཟེར་ཞིང་། དེ་ནས་བཙན་པོ་གླང་དར་མ་རྒྱལ་སར་བསྐོས་ཏེ་རེ་ཞིག་རྒྱལ་པོ་ཚུལ་བཞིན་བྱས་ཀྱང་། སྡིག་བློན་རྣམས་ཀྱིས་བློ་བསྒྱུར་ནས། སྔར་ནུ་བོ་ལ་རྒྱལ་སྲིད་བསྐོས་པའི་སྙིང་ནད་ལ། བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྣུབས། དེའི་རྒྱུས་རྒྱལ་པོ་ཉིད་ཀྱང་ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་ཡིས་བསད་དེ་མདོ་ཁམས་སུ་བྲོས། དེའི་ཚེ་བཙུན་མོ་ཆེ་བས་བུ་ཆུང་འདྲ་བཙལ་ཏེ། མོ་རང་གི་བུར་བྱས་པ་ཡུམ་གྱིས་བཀའ་བརྟན་དུ་བཅུག་པ་ཡུམ་བརྟན་བྱུང་། བཙུན་མོ་ཆུང་བ་ལ་སྲས་གཅིག་བྱུང་བ་ཆེན་མས་ཕྲོགས་དོགས་ནས་མཚན་མོ་མར་མེའི་འོད་ཀྱིས་བསྲུངས་པས་འོད་བསྲུངས་བྱུང་བ་ཡིན་ནོ།།

 

གསུམ་པ། རྟེན་མཆོག་ཇི་ལྟར་བཞེངས་ཚུལ་སྐོར།

 

ཕོ་བྲང་ཆེན་པོ་འདི་ཉིད་ཀྱི་དཀར་ཆག་གདུང་བྲིས་སུ་འདུག་པ་ལ་འདི་ལྟར་སྣང་སྟེ།

སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །

བོད་དུ་དམ་ཆོས་ཐོག་མར་དར་བའི་གནས། །

ཆོས་རྒྱལ་ཕོ་བྲང་ཡུམ་བུ་བླང་སྒང་འདིར། །

ཡབ་མེས་རྒྱལ་རབས་བཞུགས་པའི་གཙུག་ལག་ཁང་། །

ས་ཕོ་སྟག་ལ་ཤཱཀྱའི་བརྒྱུད་འཛིན་པ། །

ཇོ་བོ་ཤཱཀྱ་མགོན་པོ་གུས་པས་བཞེངས། །

ཐོ་གོན་ཐེ་མུར་རྒྱལ་པོའི་ཁྲིམས་སྐྱོང་ཞིང༌། །

བླ་མ་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་དཔལ། །

བཟང་པོའི་བསྟན་སྐྱོང་ཡ་རྩེའི་རྒྱལ་ཁམས་ན། །

ཁྲིམས་བཙན་བཀྲ་ཤིས་དཔལ་གྱི་བསོད་ནམས་སྡེ། །

བཞུགས་དུས་བཞེངས་ཤིང་འདི་ཡི་ལྷ་བཟོ་བ། །

སྤྲུལ་སྐུ་ཀུན་མཁྱེན་བསོད་ནམས་བཟང་པོས་མཛད། །

ཅེས་ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གིས་ཕྱག་གི་གནས་མཆོད་པའི་རྟེན། བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་ཕོ་བྲང་ཆེན་པོ་ཡུམ་བུ་བླང་སྒང་འདི་ཉིད་ནི། རྗེ་གཉའ་ཁྲི་བཙན་པོ་ཉིད་ཀྱི་ལས་ཐབས་ཡིན་ཀྱང༌། གཙུག་ལག་ཁང་སྐུ་རྟེན་དང་བཅས་པ་འདི་ཉིད་ནི། ཕྱི་དར་གྱི་དུས་ཁོ་ནར་ཇོ་བོ་ཤཱཀྱ་མགོན་པོས་སྦྱིན་བདག ཏི་ཏི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་ཞལ་བཀོད་རབ་ཏུ་གནང་བ། སྤྲུལ་སྐུ་ཀུན་མཁྱེན་བསོད་ནམས་བཟང་པོས་ལྷ་བཟོ་མཛད་དེ། ཀུན་ལས་ངོ་མཚར་བར་གྲུབ་པ་འདི་ཡིན་ནོ།།

དེ་ལྟ་བུའི་ཕོ་བྲང་ཆེན་པོ་འདི་ཡང་སེང་གེ་དཀར་མོ་གནམ་ལ་འཕྱོང་བ་འདྲ་བ་ལ། ཕྱོགས་བཞི་དབུས་དང་ལྔའི་མི་འགྱུར་བའི་གཟེར་ཆེན་པོ་རྣམས་ནི། དེ་ལ་ཤར་མི་འགྱུར་བའི་གཟེར་སོ་ཕག་ཁྲོ་ཆུས་བསྡམས་པའི་བང་སོའི་ནང་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་བྱ་ངང་པའི་སྒོ་ང་ཙམ་གཅིག་དང་། གསེར་ཕྱེ་བྲེ་བདུན། གཞན་ཡང་ནོར་སྤྱད་རིན་པོ་ཆེ་སྣ་ཚོགས་བཞུགས། ལྷོ་མི་འགྱུར་བའི་གཟེར་ལྷ་ཆེན་པོ་ཡར་ལྷ་ཤམ་བྷོའི་ཆུ་ཀླུང་ཇི་སྙེད་པ་ཐམས་ཅད་ཀྱི་སྣ་མོ་ཕོ་བྲང་འདིར་ཞལ་ཕྱོགས་ནས་འབབ་པ་དང༌། ནུབ་མི་འགྱུར་བའི་གཟེར་གཉན་ཆེན་པོ་དོང་མོར་དགུ་འདྲེན་དུས་ཀྱང་ཞོགས་པ་རིང་བཞིན་འཁྱགས་མིག་ལྔ་རེ་སྤོས་ཀྱི་ཡོན་ཆབ་ཀྱི་ཚུལ་དུ་ཡོང་བ་དང༌། བྱང་མི་འགྱུར་བའི་གཟེར་སེ་བའི་ཕུང་པོ་ལ་དགུན་གྲང་དུས་མེ་ཏོག་མང་དུ་འཆར་ཞིང་། དེའི་ཚེ་ལོ་ཕྱུགས་ཤིན་ཏུ་ལེགས་པའི་དགེ་མཚན་དུ་ལུང་བསྟན་ཆོག་ཅིང་། དབུས་མི་འགྱུར་བའི་གཟེར་སྐུ་མཁར་གཙོ་བོའི་དར་ལྕེ་རྣམས་དུས་བཟང་གི་ཚེ་ནང་ལ་ཕྱོགས་ནས་གཡོ་བ་ཡིན་ལ། དེ་ལྟར་ལོ་རྒྱུས་ཀྱི་ཁུངས་རྣམས་ཅུང་ཟད་མ་རྙེད་པས། འདིར་ལུས་ཀྱི་དད་ལྡན་རྣམས་སྤྲོ་བ་འཕེལ་ཞིང༌། ངེས་པའི་ཤེས་པ་འདྲེན་པར་བྱས་ནས།

རྟེན་མཆོག་ཁྱད་པར་ཅན་རྣམས་ཀྱི་འབྱུང་བ་སྤྲོས་ཙམ་ཞུ་བའི་དབང་དུ་བྱས་ན། རྟེན་གྱི་གཙོ་བོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་དགུང་ལོ་བརྒྱད་པའི་སྐུ་ཚད་གཙོ་བོར་སྟོན་པའི་སྐུ་འདྲ་རིན་པོ་ཆེ་ནོར་བུ་བསམ་འཕེལ་དུ་གྲགས་པ་དེ་ཡིན་པར་འདུག་ལ། གཡས་ན་ལྡེམ་གྱི་ཚུལ་དུ་བཞུགས་པ་འདི་ནི་ཉན་ཐོས་ཆེན་པོ་རྣམས་ཀྱི་ནང་ནས་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་ཡིན་པར་འདུག གཡོན་ན་བཞུགས་པ་འདི་ནི། རྫུ་འཕྲུལ་ཅན་གྱི་མཆོག་མོང་གོལ་གྱི་བུ་ཡིན་པར་འདུག གཡས་གྲལ་གྱི་དང་པོར་བཞུགས་པ་འདི་ནི། ཐོག་མའི་རྗེ་བོ་གཉའ་ཁྲི་བཙན་པོ་ཡིན་པར་འདུག དེའི་འོག་ན་བཞུགས་པ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན་པར་འདུག དེའི་འོག་ན་བཞུགས་པ་འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡིན་པར་འདུག གཡོན་གྲལ་གྱི་དང་པོར་བཞུགས་པ་འདི་ནི་ལྷ་ཐོ་ཐོ་རི་གཉན་བཙན་ཡིན་པར་འདུག དེའི་འོག་ན་བཞུགས་པ་འདི་ནི་མངའ་བདག་ཁྲི་རལ་པ་ཅན་ཡིན་པར་འདུག དེའི་འོག་ན་བཞུགས་པ་འདི་ནི་མངའ་བདག་ཆེན་པོ་འོད་བསྲུངས་ཡིན་པར་འདུག གཡས་ཀྱི་མཇུག་ན་ལྡེམ་གྱི་ཚུལ་དུ་བཞུགས་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཆོས་བློན་ཆེན་པོ་ཐོན་མི་སམ་བྷོ་ཊ་ཡིན་པར་འདུག གཡོན་གྱི་མཇུག་ན་བཞུགས་པ་འདི་ནི་བློན་པོ་རིག་པ་ཅན་མགར་ཡིན་པར་འདུག

གྱང་རིས་ཕན་ཚུན་འདི་རྣམས་ནི། མང་པོས་བསྐུར་བའི་རྒྱལ་པོ་ནས་བཟུང༌། རྒྱ་བོད་ཀྱི་ཆོས་རྒྱལ་བསྟན་པ་རིན་པོ་ཆེ་ལ་ཕྱག་རྗེས་ཆེ་ཞིང་། འགྲོ་བའི་རྩ་གཉེན་དུ་གྱུར་པའི་རྒྱལ་པོ་རིམ་པར་ཕེབས་པ་རྣམས་ཀྱི་སྐུའི་སྣང་བརྙན་ཡིན་པར་འདུག་པས། དེ་དག་ལ་སྨོན་ལམ་གོ་མ་ལོག་ཅིང་ཟབ་ལ་རྒྱ་གང་ཆེ་ལ་ཐུགས་གཏོད་པར་ཞུ་ལགས།

ཅེས་པ་འདི་ནི་ལྕང་གླིང་པ་རོལ་པའི་རྡོ་རྗེའི་དབོན་རབ་འབྱམས་ཤེས་བྱ་མཐའ་དག་གི་གཏེར་འཛིན་པ་པྲ་ཏི་རྟ་རས་རིག་པ་འཛིན་པའི་བསྟི་གནས་མཁའ་སྤྱོད་ཐར་པ་གླིང་དུ་མཛད་པའོ།།  །།

བརྒྱུད་སྐུལ།

མཆན་སྤེལ།