སེར་བྱེས་མཁན་ཟུར་རྗེ་བཙུན་བློ་བཟང་དོན་ཡོད་མཆོག་གི་མཛད་རྣམ་རགས་བསྡུས།

སེར་བྱེས་མཁན་ཟུར་རྗེ་བཙུན་བློ་བཟང་དོན་ཡོད་མཆོག་གི་མཛད་རྣམ་རགས་བསྡུས།

༄༅། །སེར་བྱེས་མཁན་རབས་དོན་གཉིས་པ་རྗེ་བཙུན་བློ་བཟང་དོན་ཡོད་མཆོག་གི་མཛད་རྣམ་རགས་བསྡུས། མདོ་སྔགས་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་ངེས་པ་དོན་གྱི་རྣལ་འབྱོར་པ་དགེ་བའི་བཤེས་གཉེན་ཆེན་མོ་སེར་བྱེས་མཁན་ཟུར་བློ་བཟང་དོན་ཡོད་མཆོག་ནི། བོད་ལྗོངས་གཙང་གཞིས་རྩེ་ས་གནས་ལྷ་རྩེ་རྫོང་ལྷ་རྩེ་ཞོལ་དུ་ཡུམ་སླེའུ་གཞིས་ཀའི་མི་རྒྱུད་ཡིན་པ་སྒྲོལ་མ་ཚེ་རིང་གི་སྲས་སུ་ཤིང་གླང་སྤྱི་ལོ་ ༡༩༢༥ ལོར་སྐུ་འཁྲུངས།

དགུང་ལོ་དགུའི་སྐབས་ལྷ་རྩེ་ཆོས་སྡེར་ཆོས་ཞུགས་མཛད་ཅིང་། མཁན་ཆེན་བློ་བཟང་རྣམ་རྒྱལ་གྱིས་བླ་བྲང་དུ་བདག་ཉར་གནང་། ཁོང་གིས་རབ་བྱུང་དང་དགེ་ཚུལ་བཅས་ཀྱི་མཁན་པོ་ཡང་གནང་། དགུང་ལོ་བཅུ་གཉིས་ཀྱི་བར་ཏེ་ལོ་བཞིའི་རིང་ཡི་གེ་འབྲི་ཀློག་སོགས་དང་དགོན་པའི་ཆོས་སྤྱོད་གྱི་རིམ་པ་བློ་འཛིན་རྒྱུགས་སྤྲོད་དང་། མཚན་ཉིད་པའི་ཁོངས་སུ་ཞུགས་ནས་༸གོང་ས་ལྔ་པ་ཆེན་པོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་ཆ་ཚང་དང་། དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་གཟིངས། མཛོད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་བཅས་བློ་འཛིན་དང་རྒྱུགས་འབུལ་ཞུས།

དགུང་ལོ་བཅུ་གསུམ་ནས་ལོ་ངོ་དྲུག་ཙམ་གྱི་རིང་ལ་དགོན་པའི་དགེ་བཤེས་བགྲེས་པ་རྣམས་དང་། ༸པཎ་ཆེན་ཆོས་ཀྱི་ཉི་མའི་མཚན་ཞབས་པ་དགའ་བྱང་དགེ་བཤེས་དམ་ཆོས་བསྟན་འཕེལ་གྱི་མདུན་ནས་བསྡུས་གྲྭ་སོགས་ལ་སྦྱངས། བསྡུས་གྲྭའི་རིགས་ལམ་ནི། ཁོང་གིས་བཀའ་དྲིན་ཡིན། ཕྱི་ལོ་ ༡༩༤༣ ལོ་སྟེ་དགུང་ལོ་བཅུ་དགུའི་སྐབས་དབུས་སུ་བྱོན་ནས་གདན་ས་ཆེན་པོ་སེར་བྱེས་གྲྭ་ཚང་གི་གཙང་པ་ཁང་ཚན་དུ་ཆོས་ཞུགས་གནང་སྟེ། དགའ་ལྡན་ཁྲི་ཆེན་གོ་བཞི་པ་ལྷུན་གྲུབ་བརྩོན་འགྲུས་དང་། མཁན་རིན་པོ་ཆེ་ལྷུན་གྲུབ་ཐབས་མཁས། དགེ་བཤེས་ངག་དབང་དགེ་འདུན། དགེ་བཤེས་ངག་དབང་རིག་གསལ་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་དང་། གཞུང་གསར་འཛིན་གྲྭའི་སྐབས་སྦྱོར་ལམ་སྔ་རྒོལ་གྱི་རིགས་ཆུང་ཚོགས་བཞེངས་གནང་།

ཕྱི་ལོ་ ༡༩༥༤ ལོར་བཀྲ་ཤིས་ལྷུན་པོར་རྩོད་རྒྱུགས་ཐེངས་དང་པོ་བཞེས་སྐབས། རྡོ་གཅལ་ཆེན་མོར་ཕར་ཕྱིན་སྐབས་བཞི་པའི་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐོར་ནས་རྟགས་གསལ་བགྲོ་གླེང་དང་། དཀྱིལ་ཁང་གྲྭ་ཚང་དུ་དབུ་མའི་སྐོར་ལ་དམ་བཅའ་ཉིན་འཁྱོངས་བཞག ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དགོངས་གཞི་བཞིན་ཕྱི་ལོ་ ༡༩༥༨ ལོར་བཀྲ་ཤིས་ལྷུན་པོར་ཉི་འོད་སློབ་གྲྭ་ཆེད་འཛུགས་བསྐྱངས་པར་བཅར་ཏེ་ལོ་གཅིག་དང་ཕྱེད་ཙམ་གྱི་རིང་། གཞུང་ཆེན་བཀའ་པོད་ལྔ་ལ་ཞིབ་འཇུག་སློབ་གཉེར་དང་། རྒྱལ་རབས་ཆོས་འབྱུང་། སྙན་སུམ་རིག་གནས་ཀྱི་སྐོར་ལའང་ཐུགས་གཉེར་གནང་།

ཕྱི་ལོ་ ༡༩༦༡ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་ཐར་འདོད་ནོར་བུའི་གླིང་དུ་ལོ་དྲུག་ཙམ་སློབ་གཉེར་གྱི་འཕྲོ་བསྐྱངས་ཤིང་། ཞོར་དུ་གྲྭ་ཚང་དཔར་ཁང་དུ་དཔེ་ཆར་ཞུས་དག་གནང་། ཕྱི་ལོ་ ༡༩༦༧ ལོར་ཝཱ་རཱ་ཎ་སཱིའི་མཐོ་སློབ་ཏུ་ལོ་གསུམ་བཞུགས་ཏེ་ཨ་ཙཱརྱའི་སློབ་ཐོན་ལག་འཁྱེར་བཞེས།

ཕྱི་ལོ་ ༡༩༧༡ ལོར་རང་གཞུང་ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་ལྟར། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་ལོ་བཅུ་ཙམ་རིང་ཆོས་ཐོག་འགྲིམས་པ་དང་། ཡི་དམ་ཁག་གི་ཆོ་ག །དཀྱིལ་འཁོར་འབྲི་ཐིག་སོགས་ལ་སྦྱང་བརྩོན་གནང་། གཞན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རིགས་ཀྱི་ཅོད་པན་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས། རྒྱུད་གྲྭའི་མཁན་རིན་པོ་ཆེ་སོགས་ལས་རྒྱུད་སྡེ་ཁག་གི་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་ཞུས།

ཕྱི་ལོ་ ༡༩༧༦ ལོར་ཊཱིཀྐའི་སྐྱོར་དཔོན་གནང་། ལོ་དེར་སྔགས་ཀྱི་དམ་བཅའ་དང་། ཕྱི་ལོ་ ༡༩༨༠ ལོར་ཁྲིད་ཁང་སྐྱོར་དཔོན་སོགས། མདོར་ན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བྱེད་སྒོ་རྣམས་འགལ་མེད་ཞུས། ལོ་དེར་ཨ་རི་ནས་སེར་བྱེས་དགེ་བཤེས་ལྷུན་གྲུབ་བཟོད་པ་མཆོག་གིས་འབོད་བསྐུལ་གནང་བ་ལྟར་ཕེབས་ཏེ་ཆོས་ཚོགས་ཁག་གི་ཕྱི་ནང་གི་དོན་གཉེར་ཅན་དག་ལ་ལམ་རིམ་ཆེ་ཆུང་དང་། བློ་སྦྱོང་ཁག རྒྱ་འགྲེལ། རིན་ཆེན་ཕྲེང་བ། སྤྱོད་འཇུག་སོགས་ཀྱི་ཆོས་སྦྱིན་གང་མང་གནང་། ཕྱི་ལོ་ ༡༩༨༤ ལོར་རང་ཡུལ་བོད་ལ་ཕེབས་ནས་མཁན་ཟུར་རིན་པོ་ཆེན་ལྷུན་གྲུབ་ཐབས་མཁས་ལགས་མཇལ་ཁ་ཞུ་བ་དང་འབྲེལ་མཁན་ཟུར་མཆོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བྱེས་འབྱོར་བའི་གནས་ཚུལ་སོགས་དང་། ཚུར་ལ་ཡང་མཁན་ཟུར་རིན་པོ་ཆེ་གང་ཉིད་ལ་བདེ་སྡུག་སོགས་ཀྱི་གནས་ཚུལ་གང་ཅི་ནས་བཀའ་མོལ་ལྷུག་པོ་བྱུང་ཞེས་ཡང་ཡང་གསུང་གི་ཡོད། དེ་ནས་དབུས་གཙང་གི་གདན་ས་ཆེན་པོ་རྣམས་དང་ལྷོ་གནས་སོགས་གནས་ཆེན་ཁག་ལ་གནས་གཟིགས་དང་ལྷ་རྩེར་ཡོད་པའི་སྐུ་མཆེད་རྣམས་དང་ངོ་ཤེས་སོགས་ཐུག་འཕྲད་བྱུང་ནས་ཐུགས་སྤྲོ་བ་དང་གཞིས་དགོན་ལྷ་ཆོས་དགའ་ལྡན་འོག་མིན་གླིང་སོགས་ཡུལ་གྱི་དགོན་པ་རྣམས་གོག་རོར་གནས་ཡོད་པས་ཐུགས་སྐྱོ་བ་དང་བཅས་བོད་དུ་ཟླ་གཅིག་ལྷག་ཙམ་ཞུགས་ནས་ཕྱིས་ཨ་རིར་ཕེབས།

ཕྱི་ལོ་ ༡༩༩༨ ལོར་སླར་ཡང་རང་ཡུལ་བོད་དུ་ཕེབས་ནས་དབུས་གཙང་གི་གནས་ཆེན་རྣམས་མཇལ་ནས་སླར་ཡང་ལྷ་རྩེར་ཕེབས། སྐུ་ཆེད་རྣམས་དང་དེ་སྔོན་གྱི་ངོ་ཤེས་སོགས་ཐུག་འཕྲད་གནང་། ལྷ་རྩེ་དགའ་ལྡན་འོག་མིན་གླིང་དུ་དོན་གཉེར་ཅན་རྣམས་ལ་བླ་མ་མཆོད་པའི་བཀའ་ཁྲིད་དང་། ལམ་རིམ་ཆེ་ཆུང་། བློ་སྦྱོང་སོགས་ཆོས་སྐལ་མཐའ་ཡས་པ་གནང་།

ཕྱི་ལོ་ ༡༩༩༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོར་ཕྱག་རྟགས་ཕེབས་དོན་ལྟར་ལོ་དེར་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་ལོ་ལྔ་དང་ཕྱེད་ཀྱི་རིང་མཁན་པོའི་ཕྱག་ལས་ཞུས་རིང་ལ་གཙོ་བོ་༸གོང་ས་མཆོག་གིས་བཀའ་བཞིན་ཚོགས་ཆོས་སློབ་གཉེར་ཡར་རྒྱས་ཡོང་ཐབས་སོགས་ལ་དམིགས་ཏེ་དབུ་ཕར་འཛིན་གྲྭའི་སློབ་ཡུན་སྤར་བ་དང་། དཔལ་ཡི་དམ་རྟ་མགྲིན་ཡང་གསང་གི་སྐུ་ཐང་མདུན་དུ་སེར་བྱེས་གྲྭ་ཚང་གི་སྒྲིག་ཁོངས་ཀྱི་བླ་གྲྭ་འདུས་མང་ཡོངས་ལ་རྩོད་གཞི་ཅན་གྱི་དྲེགས་པ་དོལ་རྒྱལ་ནམ་ཡང་བསྟེན་གསོལ་མི་བྱེད་པའི་མནའ་སྐྱེལ་དམ་འཇོག་གནང་དུ་བཅུག་པ་དང་། དེ་བཞིན་ཆོས་གྲྭ་ཐོག་གཡབ་ཅན་གསར་བཞེངས་དང་། མཚམས་ཁང་། མགྲོན་ཁང་གསར་རྒྱག ཐེ་ཝན་སོགས་སུ་གྲྭ་ཚང་གི་ཆོས་ཚོགས་གསར་འཛུགས་སོགས་ཆོས་སྲིད་གཉིས་ཆ་ནས་དྲིན་གྱིས་བསྐྱངས་ཤིང་། ཕྱི་ལོ་ ༢༠༠༥ ལོར་མཁན་ཟུར་དུ་བཞུགས་ནས་དོན་དུ་གཉེར་བ་རྣམས་ལ་དྲང་ངེས་སོགས་བཀའ་པོད་ལྔའི་བཀའ་ཁྲིད་མཛད་བཞིན་བཞུགས། མཐར་བསྟན་འགྲོའི་བསོད་ནམས་དམན་པའི་གོད་ཆག་བཟློག་མེད་ལྟ་བུའི་མཁན་ཟུར་རིན་པོ་ཆེ་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུ་གྱ་ལྔ་སྟེ་ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༡༡ ཚེས་ ༣ གྱི་ཐོ་རེངས་ཆུ་ཚོད་གསུམ་པ་ཡོལ་ཙམ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད་པ་བཅས་ཀྱི་མཛད་རྣམ་མདོར་བསྡུས་སུ།

ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡༡ ཚེས་ ༣ ཉིན་སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་ཧྲིལ་པོ་བཅུ་གཅིག་འཁོར་བའི་རྗེས་དྲན་དུ་ལྷ་རྒོད་གངས་རི་དངོས་མིང་ཡེ་ཤེས་རྒྱལ་མཚན་ནས།

དཔྱད་དེབ་ནི། ༡) ལྷ་རྩེ་ཆོས་རྫོང་གི་བྱུང་རབས།
༢) སེར་བྱེས་རིག་མཛོད།
༣) མཁན་ཟུར་མཆོག་གི་ཞལ་ནས་གང་ཐོས་པ་རྣམས་ཁ་སྣོན་དུ་བྲིས་ཡོད་པ་བཅས། དགེའོ།།

བརྒྱུད་སྐུལ།

མཆན་སྤེལ།