ཕ་དམ་པ་སངས་རྒྱས་ཀྱི་དངོས་སློབ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ལས་ལ་སྟོད་ལྷོ་དིང་རི་ཁུལ་ནས་བྱོན་པའི་རྣལ་འབྱོར་མ་བཅུའི་ལོ་རྒྱུས་བྱ་བ་བཞུགས་སོ། །
དང་པོ། མ་གཅིག་ཞ་མ།
འདི་ཉིད་ཡབ་ཞ་མ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོ་གཉིས་ལ་རབ་བྱུང་དང་པོའི་ཆུ་སྟག་༡༠༦༢ལོར་ཡུལ་ཕ་དྲུག་ན་སྐུ་འཁྲུངས། སྐུ་ལུས་ལ་སྤྱིར་པདྨ་ཅན་གྱི་མཚན་རྣམས་དང༌། བྱེ་བྲག་ཏུ་ལྟེ་བ་ན་པདྨ་དམར་པོ་རྩ་བ་གསུམ་པ། ནུ་མ་གཉིས་ཀྱི་བར་ན་རིན་པོ་ཆེའི་ཕྲེང་བ་གསུམ་སྐོར་དུ་ཡོད་པས་ལྟེ་བར་སླེབས་པ། ཕྲག་སོ་གཉིས་ལ་གཡུང་དྲུང་རིས་རེ། རྣ་བ་གཉིས་ཀྱི་རྒྱབ་ན་དུང་པདྨ་ལྟར་འཁྱིལ་བ་རེ། ལྕེའི་འོག་ན་རལ་གྲི་ཨུཏྤལ་ལའི་མདོག་ཅན་ཏཱཾ་ཡིག་གིས་མཚན་པ། སྨིན་མཚམས་ན་ཉི་ཟླའི་རྒྱལ་མཚན་འཁོར་ལོ་ཏོག་དང་བཅས་པ་ཡོད་པ་ཞིག་བྱུང༌།
མ་གཅིག་དགུང་ལོ་བཅུ་བཞིར་ཕེབས་སྐབས་ཡུལ་དེའི་སྐྱེས་པ་ཨ་བ་ལྷ་རྒྱལ་བྱ་བ་ཞིག་ལ་བག་མར་བཏང་བས་ཁྱིམ་མར་བཞེད། ཁྱོ་ལ། ཁྱོད་རང་ཡང་ཆོས་གྱིས། ང་ཡང་ཆོས་བྱེད་གསུངས་པས་ཁྱོ་ཡིས་ཉན་དུ་མ་བཏུབ་གཤིས་སྨྱོ་རྫུ་མཛད་དེ་དེ་ནས་བྲལ། དགུང་ལོ་བཅུ་བདུན་ནས་ཉི་ཤུ་རྩགཉིས་ཀྱི་བར་དུ་བླ་མ་རྨའི་ཕྱག་རྒྱ་མ་མཛད། རྨས་རྒྱུད་དང་སྒྲུབ་ཐབས་མང་པོ་ཡང་ཁོང་ལ་བསླབས། བླ་མའི་ཞལ་ནས་ལོ་བཞིར་མཚམས་ཆོད་ཅིག་གསུངས་པ་བཞིན་བྱས་པས་བདུད་ཀྱི་བར་ཆད་ཐམས་ཅད་ཟིལ་གྱིས་ནོན། ཁྱད་པར་དུ་རྫོང་གོང་འོག་ལ་ཟླ་བ་བཞི་བཞི་བཞུགས་པའི་ཚེ་ཉི་ཟླ་འོག་ན་ནོན་པ། ལུས་གང་འདོད་དུ་སྤྲུལ་བསྒྱུར་ཤེས་པ། སེམས་ཅན་ཐམས་ཅད་ཀྱི་སྐད་གོ་བ། རླུང་གར་འདོད་དུ་འདྲོངས་པ་སྟེ། དངོས་གྲུབ་བཞི་ཐོབ། མ་གཅིག་དགུང་ལོ་ཉེར་བརྒྱད་ལ་ཕེབས་སྐབས་བླ་མ་རྨ་དགོངས་པ་རྫོགས་པས་རྨའི་སྤུར་སྦྱོང་བ་སོགས་དགོངས་པ་རྫོགས་པའི་བྱ་བ་རྒྱ་ཆེར་མཛད། དགུང་ལོ་སོ་གཅིག་ནས་ལོ་གསུམ་གྱི་རིང་བར་ཆད་དུ་གསལ་བ་བདུན་བྱུང་སྟེ་ཐབས་ཅི་བྱས་ཀྱང་མ་ཕན་པས་རྗེ་འཁོན་ཕུ་བས་ཞབས་ཏོག་བྱས་ཏེ་དིང་རིར་དམ་པའི་དྲུང་དུ་ཕེབས། དམ་པའི་བཀའ་བཞིན་མཛད་པས་བར་ཆད་རྣམས་བསལ་ཏེ་སྐུ་ཁམས་ཀྱང་ཤིན་ཏུ་བཟང་བར་གྱུར་པས་དམ་པ་དེ་བཀའ་དྲིན་ཆེ་བར་དགོངས། དུས་ཕྱིས་སེ་མཁར་ཆུང་དང་མཇལ་ཏེ་གདམས་པ་ཞུས་པས་དབང་ཆུང་ཞིག་མ་གཏོགས་གདམས་པ་རྫོགས་པར་གནང༌། དེ་ནས་མ་གཅིག་ཉིད་གྲུབ་པ་བརྙེས་ཏེ་ཡུལ་ཉི་ཤུ་རྩ་བཞི་དང་མོན་བོད་ཀྱི་གནས་གཉན་ཟེར་བ་མང་པོར་བཞུགས་ཏེ་ཐུགས་དམ་མཛད་པ་དང༌། གཞན་ལ་དག་པའི་སྣང་བ་མང་པོ་བསྟན་པ་སོགས་ཤིན་ཏུ་མང་བར་མཛད། བླ་མ་ཡང་གོང་སྨོས་པ་རྣམས་དང༌། པཎྜི་ཏ་བཻ་རོ་ཙ་ན། དཔལ་ཆེན་རྒ་ལོ་དང༌། པུ་ཧྲེངས་ལོ་ཙཱ་བ་དང༌། ཡེ་རབ་པ་རྣམས་ལ་ཡང་གཏུགས། མ་གཅིག་འདི་ལ་ཕག་མོ་གྲུ་པས་ཀྱང་གཏུགས། དེ་ལྟར་འགྲོ་དོན་རྒྱ་ཆེར་མཛད་ནས་མཐར་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་པ་རབ་བྱུང་གསུམ་པའི་ས་སྦྲུལ་༡༡༤༩ལོར་སྐུ་འདས། སྤུར་སྦྱངས་ཀྱང་གདུང་ཅུང་ཟད་ཀྱང་མ་བྱུང༌། མདོར་ན་མ་གཅིག་འདི་ནི་གསང་སྔགས་ཆགས་ལམ་ལ་བརྟེན་པ་རྣམས་ཀྱི་མིག་གཅིག་ཏུ་གྱུར་པ་ཡིན་ནོ།།
གཉིས་པ། སངས་རྒྱས།
ཡུལ་ཤྲཱི་རིའི་ཆུ་བཟང་། ཕ་མ་ལ་མདོ་སྡེ་ཡོད་པའི་གཅེས་ཕྲུག་མ་ཡིན་ཀྱང་དད་པས་དམ་པའི་སྤྱན་སྔར་བུ་མོ་བརྒྱད་དགུ་དང་འགྲོགས་ནས་འོངས་ཏེ་ཡུལ་དུ་ཕྱིན་པར་ལོ་དགུ་བསྒོམས་པས་རྟོགས་པ་ཤར། དམ་པས་མོ་འགྲོངས་པ་མཁྱེན་ནས། དམ་པའི་ཞལ་ནས། ཀུན་དགའ་དེ་རིང་ཁྱོད་ཀྱི་ཐོ་སྐོར་དུ་སངས་རྒྱས་དང་ཕྲད་པའི་མི་ཞིག་འཆི་སྟེ། དེ་ཁྱོད་ཀྱིས་ངོ་ཤེས་སེ་གསུང༌། དམ་པ་རང་ཉིད་མ་ལགས་སོ་ཞུས་པས། ང་མིན་ང་དང་འདྲ་བ་ག་འདུག་གསུང༌། ཨེན་ཙམ་ན་ཇོ་མོ་སངས་རྒྱས་གྲོངས་ནས་སྤུར་སྦྱངས་པས་འཇའ་འོད་ཀྱིས་ཁེངས་སོ། །
གསུམ་པ། གསེར་བཙུན་མ།
གསེར་བཙུན་མ་ནི།ཡུལ་ཞ་མ་ཕ་དྲུག །བདག་དམ་པའི་སྤྱན་སྔར་འགྲོ་བྱས་ནས་ཕ་ལ་གྲོས་དྲིས་པས། མ་འགྲོ་རྣལ་འབྱོར་པ་དང་བཙུན་མ་ཆོས་ལུགས་མི་མཐུན་ཟེར་ཡང་ཕྱིན་ནས་གདམས་པ་ཞུས་པས་མིང་ལ་ངོ་སྤྲད་ནས་གདམས་པ་ཤར། ཤིན་ཏུ་སྒྲུབ་པ་ལ་བརྩོན། ངག་ཏུའང་རྐུན་མ་འོད་ཞི་ཚེ་ཟེར། ལོ་བརྒྱ་ཐམ་པ་ཐུབ་སྟེ་གྲོངས་པའི་རྗེས་སུ་ནམ་མཁར་འཇས་ཁེངས། རྡོ་རྗེ་སེམས་དཔའི་སྐུ་དང་རིང་བསྲེལ་མང་དུ་བྱོན་ནོ། །
བཞི་པ། ཇོ་མོ་ཞྭ་ཆུང་མ།
ཇོ་མོ་ཞྭ་ཆུང་མ་ནི། ཡུལ་དིང་རི་ཤར་ཕྱོགས་སྨན་ཆུ་རྒྱབ་པ་མོ་ཞིག་ཡིན། མིང་པོ་ཞྭ་མ་སྟོན་པས་སྣ་དྲངས་པའི་སྤུན་བདུན་ཡོད། མོ་རང་སྐྱེས་གཟུགས་ལེགས་པས། ལོ་ཙཱ་བ་སྨ་བན་ཆོས་འབར་གྱི་ཞབས་ཏོག་བྱས་ཏེ། པཎྜིཏ་ག་ཡ་དྷ་ར་ལ། ལམ་འབྲས་ཀྱི་དབང་ཡོངས་རྫོགས་ཞུས་ནས་བསྒོམས། ཕ་དམ་པ་དང་མཇལ། ཡང་ཉིན་གཅིག་ལྷ་རྗེ་ཞྭ་ཆུང་མ་བྱུང་ནས་རྟོགས་པའི་གེགས་སེལ་ཞུས་པས། བུ་རམ་ལ་གསན་པ་ལྟར་མཛད་ནས་བུ་རམ་འདི་ན་རེ། ཁྱོད་ཀྱི་གེགས་དེ་བླ་མ་ལ་དབང་ཡོན་མ་ཕུལ་བས་ཉེས་ཟེར་གྱིན་འདུག་གསུངས། དབང་ཡོན་བདག་རང་ཕུལ་བ་ལགས་ཞུས་པས། ཕག་ནས་ཁྱོད་ཀྱི་མིང་བོས་རྟ་གཅིག་བླངས་འདུག་གསུངས་ནས་གེགས་སེལ་བའི་ཐབས་བསྟན་པས་གེགས་ལས་གྲོལ། ཡང་ཞྭ་ཆུང་མ་ལ་ཁྱོད་ཀྱིས་རྒྱལ་པོ་ཨིནྟྲ་བྷོ་དྷིའི་བཙུན་མོ་བྱས། ངས་བླ་མཆོད་བྱས་པ་དྲན་ནམ་གསུངས་པས། མི་དྲན་ཟེར། ཐལ་མོ་གཅིག་བརྒྱབ་པས་མོ་བརྒྱལ་ཏེ་སོང་། བརྒྱལ་སངས་ཙ་ན་སྔོན་གྱི་སྐྱེ་གནས་དྲན་བྱུང་། སྔར་མི་དྲན་པ་དབང་ཡོན་མ་ཕུལ་བས་ལན་གསུངས། རྣམ་འབྱོར་མ་ཞྭ་ཆུང་མ་འདི་སྔོན་གྱི་རྒྱ་མོ་བཟའ་ཀོང་ཇོའི་སྐྱེ་བ་ཡིན་སྐད། དེ་ནས་དམ་པས་སྒོམ་སྐྱོན་སེལ་ནས་གྲུབ་པ་ཐོབ། དམ་པ་གྲོངས་ནས་སྤུར་ཙ་ན་མོ་ཤིང་ཐུན་མར་བརྫུས་ནས། ཤིང་ཕོན་ཅིག་དང་གསེར་སྲང་གཅིག་སྤུར་ཁང་དུ་བསྐྱུར་ནས། ཕར་ལམ་ལ་ཕུག་རོན་ཞིག་ཏུ་བྱས་ནས་འཕུར་ནས་སོང་སྐད་དོ། །
ལྔ་པ། ཇོ་མོ་སྒུར་མོ།
ཇོ་མོ་སྒུར་མོ་ཁོང་མོ་ནི། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་ལ་སྟོད་ཤྲཱིའི་ཆུ་བཟང་དུ་སྐུ་འཁྲུངས། དགུང་ལོ་གཞོན་ནུའི་དུས་ནས་ཆོས་ལ་དད་པ་ཤིན་ཏུ་ཆེ། དེ་ནས་ཕ་དམ་པ་ཡབ་སྲས་ཀྱི་སྙན་གྲགས་ཐོས་ཏེ་དིང་རིར་ཕེབས་ནས་ཕ་དམ་པ་དང་མཇལ་ཞིང་ཞི་བྱེད་ཀྱི་གདམས་པ་རྣམས་ཞུས། བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་ཡང་སྤྱི་ལོ་༡༠༦༢ནས། ༡༡༢༤བར་བསྟེན་ནས་གདམས་པའི་མན་ངག་མང་དུ་ཞུས་ཏེ་གླང་འཁོར་དུ་ལོ་བཅུའི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་ནས་སྐུ་གཤེགས། སྤུར་སྦྱངས་སྐབས་རིང་བསྲེལ་མང་དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་བཅུ་གཅིག་པ་ཡིན་ནོ། །
དྲུག་པ། ཇོ་མོ་རྡོ་རྗེ་རྒྱན།
ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་དིང་རི་གདོང་པར་སྐུ་འཁྲུངས། ཁོང་མོ་དགུང་ལོ་གཞོན་ནུའི་དུས་ནས་དམ་པའི་ཆོས་ལ་དད་མོས་ཆེ་བ་དང་སྐྱེ་གཟུགས་ཤིན་ཏུ་ལེགས་པའི་མཛེས་མ་ཞིག་ཡིན། དེ་ནས་ཕ་དམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་དགའ་ཡབ་སྲས་གཉིས་ཀྱི་སྙན་གྲགས་ཐོས་ཏེ་གླང་འཁོར་དུ་ཕེབས་ཤིང་སྤྱི་ལོ་༡༠༦༢་ནས། ༡༡༢༤བར་ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ཞུས་ནས་ལོ་བཅོ་ལྔའི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པ་ཤར། དེ་ནས་འཁྲུལ་ཞིག་ཏུ་ཕེབས་ཏེ་སྒྲུབ་པ་ལ་བརྩོན་པའི་ངང་ནས་སྐུ་གཤེགས། སྤུར་སྦྱངས་གྲབས་བྱས་པས་འོད་ཀྱི་ཕུང་པོ་ཞིག་གིས་སྣ་དྲངས་ཏེ་བྱང་རིའི་རྩེ་མོ་ལ་སོང་བ་ཐམས་ཅད་ཀྱིས་མཐོང་བ་དང་། མཁའ་འགྲོ་མའི་ལུང་བསྟན་ཡིན་པར་ཀུན་གྱིས་གླེང་ཞིང་། ནང་པའི་ཐོ་རངས་བྱང་རི་ལ་གདུང་བསྐྱལ་བས་གདུང་སྣ་འཇའ་འོད་ཀྱིས་དྲངས། ཉིན་ཞག་བདུན་གྱི་རིང་དུ་འཇའ་འོད་ཀྱི་ཕུང་པོ་མ་ཡལ་བ་ཡུལ་མི་ཐམས་ཅད་ཀྱིས་མཐོང་བས་ངོ་མཚར་སྐྱེས་སོ། །ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་བཅོ་ལྔ་པ་ཡིན་ནོ། །
བདུན་པ། ཉ་མ་ཁྱིམ་པ་མོ།
ཁོང་མོ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་བོང་ཤོད་ཀྱི་ཉ་མ་རྡོར་སྐུ་འཁྲུངས། ཁོང་མོ་དགུང་ལོ་ཆུང་ངུའི་དུས་ནས་རྣམ་རིག་གསལ་ཞིང་སྐྱེ་འབྲས་བཟང་བ་ཞིག་ཡིན། ལང་ཚོ་དར་ལ་བབས་པའི་སྐབས་སུ་ཁྱིམ་ཐབ་བཟུང་སྟེ་བུ་ནོར་ལོངས་སྤྱོད་འཛོམས་ཤིང་། དད་བརྩོན་ཤེས་རབ་ལྡན་པ། སྙིང་རྗེ་གཏོང་ཕོད་ཆེ་བ་ཞིག་ཡིན། དེ་ནས་འདོད་ཡོན་ལོངས་སྤྱོད་དང་། བུ་ཚ་རིགས་རྒྱུད་གང་ལ་མ་ཆགས་པར་དིང་རི་གླང་འཁོར་དུ་ཕེབས་ཏེ་ཕ་དམ་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཀུན་དགའ་སྤྱི་ལོ་༡༠༦༢་ནས། ༡༡༢༤བར་ཡབ་སྲས་གཉིས་ཀྱི་ཞབས་ཀྱི་པདྨོ་ལ་བསྟེན་ནས་ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ཞུས་ཤིང་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་ནས་གྲུབ་པ་ཐོབ། དགོངས་པ་ཆོས་དབྱིངས་སུ་གཤེགས་སྐབས་ལུང་པ་ཐམས་ཅད་འཇའ་འོད་ཀྱིས་ཁེངས་པ་དང་། སྤུར་སྦྱངས་པས་རིང་བསྲེལ་མང་དུ་བྱོན། ཁོང་མོ་ནི་མ་ཇོ་ཉི་ཤུ་རྩ་བཞིའི་ནང་གི་ཉེར་བཞི་པ་ཡིན་ནོ། །
བརྒྱད་པ། ཇོ་མོ་སླན་ཆུང་མ།
ཇོ་མོ་སླན་ཆུང་མ་ནི། རུས་སླན་མོ་ཡིན། ཡུལ་ལ་སྟོད་སྟག་གདེངས་ངོས་པ་ཡིན། དམ་པ་ཡབ་སྲས་གཉིས་ལ་གདམས་པ་ཞུས་ནས་ཉམས་སུ་བླངས་པས་དངོས་གྲུབ་ཐོབ། དམ་པ་སྐུ་གྲོངས་ནས་ཀྱང་ལོ་གཉིས་གླང་འཁོར་དུ་བཞུགས། ལོ་བརྒྱད་ཅུ་རྩ་གཉིས་ལ་འདས་ནས་ཟན་མའི་སྒོ་རྩར་བསྲེགས། ཨུ་རྒྱན་ནས་མཁའ་འགྲོ་མ་མང་བོ་བྱོན་པ་མི་མང་བོས་མཐོང་། བླ་མ་ཕྱར་ཆེ་ཆུང་ལ་སོགས་པ་རྣམས་ཀྱང་དགྱེས་ནས་འཁྲབ། རིང་བསྲེལ་མང་བོ་བྱོན་ནོ། །
དགུ་པ། ཇོ་མོ་ཚོས་སྒྲོན་མ།
ཇོ་མོ་ཚོས་སྒྲོན་མ་ནི། ཡུལ་ལ་སྟོད་དགས་པ་མོ་ཡིན། བླ་མ་བྱང་ཆུབ་སེམས་དཔའི་ཇོ་མོ་བྱས་ཏེ། མོ་ཀུན་དགའ་དམ་པའི་སྤྱན་སྔར་ཡུན་རིང་བ་ལ་འཚིག་ཅིང་། གཅོ་བུ་ནས་འཐུ་ཞི་ཚེ་ལ་གྲུད་དོ། ། དེ་ལ་ཀུན་དགས་བཟོད་པའི་བླ་མར་ཁུར་ནས། མི་བསྐྱོན་པར་གུ་ལེ་མཛོད་གུ་ལེ་མཛོད་ཅིག ད་རེས་ཐུགས་ཚིམ་མམ་གསུངས་ཀྱང་ཇོ་མོ་ལ་དམ་ཚིག་གི་ཉེས་པ་ཕོག་ནས་ཁ་ཉམས་སུ་མྱོང་སྟེ། ཤི་ནས་རོ་བསྲེགས་ཀྱང་རྟགས་མེད་དེ། ཉི་ཤུ་རྩ་བཞིའི་ནང་ནས་ངན་ཤོས་སུ་གྱུར་ཏོ། །
བཅུ་པ། ཇོ་མོ་མ་ཆོས།
ཇོ་མོ་མ་ཆོས་ནི། ཡུལ་ལ་སྟོད་མང་མཁར་མ། མིང་བོ་བདུན་གྱི་སྲིང་གཅིག་མ། མདོ་མངས་ཀྱི་བདག་མོ་གཅེས་ཕྲུག་མ་ཡིན་པས་ཀུན་དགས་ཇོ་མོར་བཟུང་སྟེ་ཡབ་སྲས་གཉིས་ཀ་ལས་གདམས་པ་ཞུས་ཏེ་ཉམས་ལེན་དྲུག་ཏུ་བྱས་པས་གྲུབ་པ་ཐོབ་ཅིང་ཕྱིས་མར་བྱོན་ནས་ཉང་སྟོད་བྱང་རིར་འདས་ཏེ། བསྲེགས་པས་རྡོ་རྗེ་སེམས་དཔའི་སྐུ་དང་རིང་བསྲེལ་མང་བོ་བྱོན་ནོ།
༢༠༢༠/༡༠/༡༥ ཉིན། ཆོས་ཀྱི་སེང་གེ་དང་གང་བ་གཉིས་ཀྱིས་བརྩམས་པའི་༼ཕ་དམ་པ་སངས་རྒྱས་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་བཞུགས་སོ། །༽ ཞེས་པ་དང་། དགེ་བཤེས་བློ་བཟང་བསྟན་རྒྱལ་གྱིས་སྒྲིག་རྩོམ་བྱས་པའི་༼ལ་སྟོད་ལྷོར་འཁྲུངས་པའི་ལ་པཎ་མཁས་གྲུབ་རྣམས་ཀྱི་རྣམ་ཐར།༽ ཞེས་པ་གཉིས་ལས་ལ་སྟོད་ནོར་བུ་མིང་ཅན་པས་ཡི་གེར་ཕབ་ཅིང་བཏུས་པ་དགེའོ།། །།