དཔལ་ཁང་ལོ་ཙཱ་བའི་རྣམ་ཐར་སྙིང་བསྡུས།

དཔལ་ཁང་ལོ་ཙཱ་བའི་རྣམ་ཐར་སྙིང་བསྡུས།

དཔལ་ཁང་ལོ་ཙཱ་བ། དཔལ་སྒང་ལོ་ཙཱ་བ་ཞེས་ཀྱང་བྲིས་སྣང་། མཚན་གཞན་གཞན་དཔལ་ཁང་ཆོས་མཛད་དམ། མཚན་དངོས་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ་ཞེས་བྱ་བ་དག་ཡིག་ངག་སྒྲོན་མཛད་པ་པོ་དེ་ཡིན། རྒྱལ་བ་བསོད་ནམས་རྒྱ་མཚོ་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེ་རྣམ་གཉིས་དང་སྐུ་དུས་མཚུངས་པར་བྱོན། དུས་མཚུངས་སུ་བྱོན་སྐོར་༸རྒྱལ་དབང་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ་ཟུར་ཙམ་གསལ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དུང་དཀར་ཚིག་མཛོད་ཆེན་མོར། དཔལ་ཁང་ཆོས་མཛད་པའི་ཐད་དུ། འཁྲུངས་འདས་དང་མཛད་རྣམ་ཞིབ་པ་མ་རྙེད་གསུང་བཞིན་དུ།

ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཐད་དུ། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་དང་དཔལ་ཁང་ལོ་ཙཱ་བ་གཉིས་གཅིག་ཏུ་མཛད་ནས། དེའི་རྣམ་ཐར་རྒྱས་ཙམ་གསུངས་ཤིང་། རྣམ་ཐར་ཞིབ་པར་མི་བསྐྱོད་བཟང་པོས་མཛད་པའི་གྲུབ་མཆོག་ཀརྨ་འཕྲིན་ལས་ཀྱི་རྣམ་ཐར་ལེགས་མཛད་རྒྱ་མཚོའི་སྒྲ་དབྱངས་བྲིས་མ་ཞིག་ཡོད་པ་དེར་གཟིགས། ཞེས་གསུངས་འདུག་པ་གཉིས་འགལ་འདུ་ལྟ་བུར་སྣང་བས་གང་ཡིན་བརྟག་པར་བྱའོ། །དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་ ༣༣ ལས། ཀརྨ་འཕྲིན་ལས་གཉིས་པ་དཔལ་སྒང་ལོ་ཙཱ་བ་ཞེས་གསུངས་པར་གཞིགས་ན། དཔལ་ཁང་ལོ་ཙཱ་བ་འདི་ཀརྨ་འཕྲིན་ལས་པ་མིན་པར་ཀརྨ་འཕྲིན་ལས་པ་གཉིས་པ་ལྟ་བུར་གསུངས་པས་དཔྱད་པར་འཚལ་ལོ། །ཀརྨ་འཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་ནི། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་སྨད་ཆ་ ༡༡༦༢ ན་རྒྱས་ཙམ་གསལ་བས་དེར་གཟིགས་པར་ཞུ།

བརྒྱུད་སྐུལ།

མཆན་སྤེལ།