བོད་ཀྱི་ཡིག་སྒྱུར་རིག་པའི་སྤྱིར་བཏང་ཤེས་བྱ།

བོད་ཀྱི་ཡིག་སྒྱུར་རིག་པའི་སྤྱིར་བཏང་ཤེས་བྱ།
བོད་ཀྱི་ཡིག་སྒྱུར་རིག་པའི་སྤྱིར་བཏང་ཤེས་བྱ།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས།
རྒྱ་གར་གྱི་སྙན་ངག་ཆེན་པོ་གཉིས་ཀྱི་ཡ་གྱལ་《མ་ཧཱ་བྷ་ར་ཏ》 ཡི་ནང་དོན་བོད་སྒྱུར་ངོ་འཕྲོད་ཚུལ་དང་། དེ་དང་བོད་ཀྱི་ཤེས་རིག་དབར་གྱི་འབྲེལ་བ་འགའ་ངོས་འཕྲོད་གླེང་བ་སྔར་མེད་གཏམ་གསར་ཞེས་པའི་ཆེད་རྩོམ་གྱི་དཔྱད་བརྗོད།
བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་དགའ་བ་པ་སངས་ཀྱིས་འབྲི་གནང་མཛད་པའི་ཆེད་རྩོམ་རྒྱ་གར་གྱི་སྙན་ངག་ཆེན་པོ་གཉིས་ཀྱི་《མ་ཧཱ་བྷ་ར་ཏའི་》བོད་བསྒྱུར་ནང་དོན་ངོ་འཕྲོད་དང་བོད་ཀྱི་ཤེས་རིག་དབར་གྱི་འབྲེལ་བ་འགའ་ངོས་འཕྲོད་གླེང་བ་སྔར་མེད་གཏམ་གསར་ཞེས་འཁོད་པ་དེ་ཐེངས་ཁ་ཤས་བལྟས་པ་དང་སྦྲགས་འབྲེལ་ཡོད་དཔྱད་གཞི་གཞན་དག་ལ་ཡང་ཞིབ་བསྡུར་བྱས་པའི་དཔྱད་བརྗོད་ཁ་ཤས་གླེང་བར་ཆེད་རྩོམ་འདི་ནི་ཞིབ་འཇུག་གནང་མཁན་གཏན་ནས་མ་བྱུང་བའི་ནང་དོན་གསར་པ་ཞིག་ཡིན་པའི་ཐོག་དམིགས་བསལ་གྱི་ཁྱད་ཆོས་འགའ་ཞིག་ལྡན་པ་མཐོང་བྱུང་བ་སྟེ།

༡.རྒྱ་གར་གྱི་སྙན་ངག་གྲགས་ཅན་《མ་ཧཱ་བྷ་ར་ཏ་》ཞེས་སྔར་ཡོད་བོད་ཀྱི་སྙན་འགྲེལ་ཚང་མའི་ནང་མིང་ཙམ་འཁོད་པ་ལས་ནང་དོན་གཙོ་བོ་གང་ཡིན་ཆེད་རྩོམ་འདིའི་ཐོག་མའི་ངོ་སྤྲོད་དུ《མ་ཧཱ་བྷ་ར་ཏ》རྒྱ་གཞུང་ལ་ལེའུ་བཅོ་ དང་ལེའུ་དང་ཤོ་ལོ་ཀའི་གྲངས་ཇི་ཙམ་ཡོད་པའི་གསལ་བཤད་གནང་མེད་ཀྱང་བརྒྱུད་ཡོད་པ་དང་། ལེའུ་སོ་སོའི་བརྗོད་བྱ་གཙོ་བོ་གང་ཡིན་གྱི་གསལ་བཤད་གནང་ཡོད་པ་དེས་བློ་མིག་གསར་པ་ཞིག་ཕྱེ་སྟེ་གོམ་གང་མདུན་སྤོས་ཀྱིས་འབྲེལ་ཡོད་རྒྱ་བོད་ཀྱི་གཞུང་ཆེན་པོ་རྣམས་ལ་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་འདུག་སྙམ།
༣.《མ་ཧཱ་བྷ་ར་ཏའི་》རྒྱ་གཞུང་བོད་སྐད་དུ་བསྒྱུར་བ་ཡོད་པའི་གསལ་བཤད་གནང་བ་དེའི་ནང་《ས་སྐྱ་ལེགས་བཤད་》རྩ་འགྲེལ་དང་མཁས་དབང་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་མཛད་པའི་《སྐྱ་སེང་བུ་ལྔའི་བྱུང་བ་བརྗོད་པ་》 གཉིས་བསྡུར་ནས་གསུངས་པ་དེར་གཞི་རྩའི་ཆ་ནས་《མ་ཧཱ་བྷ་ར་ཏའི་》རྒྱ་གཞུང་གི་ནང་དོན་ཆ་ཚང་བ་བོད་སྐད་དུ་བསྒྱུར་ཡོད་ཚུལ་གསུང་རྒྱུ་ཡིན་འདུག་པ་ཡོངས་སུ་ཡང་དག་པའི་ལྟ་ཚུལ་ཞིག་རེད།
ཕྱོགས་གཞན་ནས་《མ་ཧཱ་བྷ་ར་ ཏ་》རྒྱ་གཞུང་ཆ་ཚང་བའི་ཚིག་དོན་ཡོངས་རྫོགས་བོད་སྐད་དུ་བསྒྱུར་ཡོད་པའི་གོ་བ་ལེན་མཁན་ཡང་ཡོང་སྲིད་པ་དེ་ཡི་ཐད་ནས་བཤད་ན་ཅུང་ཟད་ཐལ་སྐྱོན་མི་ཡོང་ངམ་སྙམ་སྟེ། གང་ཡིན་ཟེར་ན། སྔར་བཙན་པོ་ཁྲི་སྲོང་ལྡེ་བཙན། གྱི་སྐབས་མཁན་སློབ་ཆོས་གསུམ་བཀའ་གྲོས་ཐོག་མཁན་པོ་བོ་དྷི་སྭ་ཏཱའི་ལྟ་སྤྱོད་ དང་མི་མཐུན་པའི་ཆོས་དཔེ་ནམ་ཡང་བསྒྱུར་མི་ཆོག་པར་བཀས་བཅད་མཛད་པ་མ་ཟད། དེ་རིགས་ཀྱི་མི་དང་ཆོས་དཔེ་བོད་དུ་ཁྱེར་བ་དང་ཡོང་མཁན་བྱུང་ན་གཏན་ནས་བཏང་མི་ཆོག་ཅེས་བོད་སྐྱོང་བསྟན་མ་བཅུ་གཉིས་ལ་བཀའ་ བསྒོས་དམ་བཞག་ནན་པོ་མཛད་ཡོད་པར་བརྟེན། བོད་ཀྱི་ལོ་ཙཱ་བ་རིམ་བྱོན་རྣམས་ཀྱིས་རྒྱ་གར་གྱི་མུ་སྟེགས་པའི་ཆོས་དཔེ་དང་རིག་བྱེད་ཀྱི་གཞུང་བོད་སྐད་དུ་བསྒྱུར་རྒྱུ་ལྟ་བཞག་ དཔེ་རྒྱུན་ཙམ་བོད་དུ་བསྣམས་ཕེབས་རྒྱུར་ ལའང་འཇིགས་སྣང་ཆེན་པོ་གནང་དགོས་པ་བྱུང་ཡོད་པ་ནི་རྗེ་བཙུན་རས་ཆུང་པ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་འགའ་ཞིག་གིས་རྒྱ་གར་ནས་མུ་སྟེགས་རིག་བྱེད་ཀྱི་གཞུང་དང་ཆོས་དཔེ་ཉུང་ཤིས་རྒྱ་གར་ནས་བོད་དུ་བསྣམས་ཕེབས་པ་བོད་ཀྱི་ས་མཚམས་སུ་ཕེབས་སྐབས་གར་སོང་ཆ་མེད་དུ་གྱུར་ཡོད་པ་སོ་སོའི་རྣམ་ཐར་ནང་གསལ་བར་བརྟེན་《མ་ཧཱ་བྷ་ར་ཏ་》དང་《རཱ་མ་ཡ་ཎ་)ལྟ་ བུའི་རིག་བྱེད་ཀྱི་གཏམ་རྒྱུད་མགོ་མཇུག་ཆ་ཚང་དོན་འགྱུར་ཙམ་མ་གཏོགས་རྗོད་བྱེད་ ཚིག་ཆ་ཚང་བ་བོད་སྐད་དུ་བསྒྱུར་བ་ཞིག་ ཡོང་མི་སྲིད་པ་དང༌། བོད་ཀྱི་ལོ་རྒྱུས་ཆ་རྐྱེན་དང་དངོས་ཡོད་གནས་བབས་མང་པོ་ཞིག་གི་ཐད་ནས་དེ་འདྲ་བསྒྱུར་དགོས་པ་གང་ཡང་མེད་སྙམ།
༣. དེ་སྔོན་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོའི་ནང་བོད་ཀྱི་མི་བརྒྱུད་དང་རྒྱལ་པོ་གཉའ་ཁྲི་བཙན་པོའི་རྒྱལ་བརྒྱུད་རྒྱ་གར་གྱི་རྒྱལ་པོ་རུ་པ་ཏིའི་རྒྱུད་ནས་བྱུང་བའི་བཤད་ཚུལ་གྱི་ཁུངས་གཏུགས་ས་དེ་སློབ་དཔོན་ཤེས་རབ་གོ་ཆས་ མཛད་པའི་《ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་》ལ་གཞི་འཛིན་ས་བྱེད་པ་ཡོང་ལ་ གྲགས་ཙམ་ལས་སློབ་དཔོན་དེས་དེ་ལྟར་གསུངས་པའི་གཞི་འཛིན་ས་གང་ཡིན་ད་ཕན་སུས་ཀྱང་དོགས་པའི་གཞི་རང་དུ་ལུས་ཡོད།
ད་རེས་རྩོམ་འདིའི་ནང་སློབ་དཔོན་ཤེས་རབ་གོ་ཆས་དེ་ལྟར་གསུངས་པའི་ཁུངས་ཏུགས་ས་ནི་《མ་ ཧཱ་བྷ་ར་ཏ་》ལེའུ་བཅུ་བདུན་པ་རྒྱང་བསྐྱོད་ཀྱི་ལེའུའི་ནང་བཤད་ཚུལ་དེ་ལྟར་ འཁོད་ཡོད་པ་གསལ་བཤད་ཐོག་མར་གནང་ཡོད་པ་དེས་《མ་ཧཱ་བྷ་ར་ཏའི་》 གཏམ་རྒྱུད་རྩོམ་པ་པོས་གོ་སྐབས་དེ་དང་བསྟུན་ནས་བཤད་ཚུལ་དེ་འདྲ་ཞིག་གི་གླེང་ཕྱོགས་བཟོས་པ་དེས་ཆོས་ལུགས་དང་ཆབ་སྲིད་ཐོག་ནས་ཤུགས་རྐྱེན་གང་འདྲ་བྱུང་ཡོད་མེད་ད་དུང་སྔར་ལས་ལྷག་པར་བསམ་གཞིགས་དང་ཞིབ་འཇུག་བྱ་རྒྱུར་དོགས་གཞི་དང་གནད་དོན་གསར་པ་བཏོན་གནང་ཡོད།
དེར་བརྟེན། དགེ་རྒན་བློ་མཐུན་དགའ་བ་པ་སངས་ལགས་ཀྱིས་རྩོམ་བྲིས་གནང་བའི་ཆེད་རྩོམ་འདིར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་མ་ཟད། བོད་རིག་པའི་ཞིབ་འཇུག་གི་ཐད་ལ་སྟོང་ཆར་ལུས་པའི་གནད་དོན་ཆེན་པོ་ཞིག་གི་ཁ་གསབ་གསལ་བཤད་ཀྱི་ཁྱད་ཆོས་ཚང་བ་བཅས་ཁོང་ལ་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་རྩོམ་ཡིག་འདི་བཞིན་འབྲེལ་ཡོད་དུས་དེབ་ཐོག་གང་མགྱོགས་འགྲེམས་སྤེལ་ཡོང་བའི་རེ་འདུན་ཡང་ཞུ། ༡༩༩༥. ༣.༣༦ ཉིན་ལ།

བརྒྱུད་སྐུལ།

མཆན་སྤེལ།