འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་མི་རིགས་ཀྱི་རྗེས་དྲན་དགོས་པའི་རྒྱུ་མཚན་བརྒྱད།

འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་མི་རིགས་ཀྱི་རྗེས་དྲན་དགོས་པའི་རྒྱུ་མཚན་བརྒྱད།
འགྲོ་མགོན་ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན་བོད་མི་རིགས་ཀྱི་རྗེས་དྲན་དགོས་པའི་རྒྱུ་མཚན་བརྒྱད།
༡༽ ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་འདི་ཉིད་ཀྱིས། བོད་མི་རིགས་སོག་པའི་བཙན་འོག་ནས་བོད་རང་དབང་སླར་གསོ་གནང་སྟེ་བོད་ཀྱི་ཆོས་སྲིད་གཉིས་བདག་གིར་བཞེད་ནས་བོད་མི་རིགས་ཆོས་ལུགས་དང་བཅས་པ་ཀུན་སྙོམས་བྱམས་བརྩེས་བསྐྱངས་པ་ནི། བོད་མི་རིགས་ཀྱིས་བཀྲིན་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་དང་པོ་ཡིན།
༢༽ ཆོས་ཀྱི་རྒྱལ་པོ་འདིས་བོད་མི་རིགས་ཡོངས་ཀྱི་མགྲིན་ཚབ་གནང་བ་ནི། བོད་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ལྷག་པར་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་ནག་རྒྱལ་པོ་ཁྲི་ལས་ཕབ་ཚུལ་གྱིས་བོད་མི་རིགས་ཀྱི་སྟོབས་ཤུགས་སོག་པོའི་རྒྱལ་པོར་ངོ་སྤྲོད་གནང་བ་དང་། བོད་མི་རིགས་འདིར་མི་མཁས་པ་ས་སྐྱ་པཎྜི་ཏ། ཞེས་དང་། མི་དཔའ་བོ་རྗེ་བཙུན་མི་ལ་རས་པ། ལྟ་བུ་ཡོད་ཅེས་བོད་མི་རིགས་སྤྱིའི་མགྲིན་ཚབ་རྣལ་མ་ཞིག་མཛད་པས་ཀྱང་། བོད་སྤྱི་ཡིས་བཀའ་དྲིན་རྗེས་དྲན་དགོས་པའི་རྒྱུ་མཚན་གཉིས་པ་ཡིན།
༣༽ ཆོས་ཀྱི་རྒྱལ་པོ་འདི་ཉིད་བོད་ཀྱི་ཆོས་རྒྱལ་མཛད་དེ། བོད་བརྒྱུད་ནང་བསྟན་ཡོངས་ལ་གཅིག་འགྱུར་གིས་ཡང་དག་ཏུ་གཟིགས་ཏེ། སོག་རྒྱལ་གྱིས་ཆོས་ལུགས་ཀུན་ས་སྐྱ་པར་བསྒྱུར་དགོས་ཚུལ་ལའང་མ་གསན་ཅིང་། ཕྱོགས་རིས་དང་ཤེད་ངོམས་ཡེ་ནས་མ་མཛད་པར་གྲུབ་མཐའ་ཀུན་རང་སོར་སྲུང་སྐྱོབས་མཛད་པ་ནི། བོད་མི་རིགས་སྤྱི་དང་བོད་བརྒྱུད་ནང་བསྟན་རི་མེད་རྣམས་ནས་རྗེས་ནས་བཀའ་དྲིན་རྗེས་དྲན་དུ་བྱ་དགོས་པའི་རྒྱུ་མཚན་གསུམ་པ་ཡིན།
༤༽ ཆོས་རྒྱལ་པོ་འཕགས་པ་རིན་པོ་ཆེས་སྤྱི་ལོ་ 1277 ཆིམས་འཇམ་དཔལ་དབྱངས་དང་། བཅོམ་ལྡན་རིག་རལ་སོགས་ཀྱི་རིས་མེད་མཁས་གྲུབ་སྟོང་ཕྲག་དང་དགེ་འདུན་ཁྲི་ཕྲག་བདུན་ལྷག་གདན་འཛོམས་པའི་སྒོ་ནས་ཆུ་མིག་ཆོས་སྐོར་ཆེན་མོ་བསྐྱངས་གནང་སྟེ། མཛད་པ་ནི་བོད་བརྒྱུད་ནང་བསྟན་པའི་རྗེས་འབྲངས་བླ་དཔོན་རྣམས་ལ་སྲོལ་བཟང་གི་མིག་དཔེར་བཟང་པོ་བཏོད་པར་མཛད་པ་ནི་བོད་མི་རིགས་སྤྱི་དང་བྱེ་བྲག་ནང་བསྟན་རྗེས་འབྲངས་པས་བཀྲིན་རྗེས་དྲན་བྱ་དགོས་པའི་རྒྱུ་མཚན་བཞི་པ་ཡིན།
༥༽ ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་འདི་ཉིད་ཀྱིས་བོད་ཀྱི་རྩོམ་རིག་འཕེལ་ཐོག་སྐུལ་དེད་དང་རྒྱུ་སྦྱོར་གནང་ནས། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། སྤྲིན་གྱི་ཕོ་ཉ། སྙན་ངག་མེ་ལོང་མ་སོགས་བོད་ལ་བོད་བསྒྱུར་གནང་བས་བོད་ཀྱི་རྩོམ་རིག་རིག་གནས་ཐོག་བཀྲིན་ཆེན་པོ་བསྐྱངས་བ་ནི། བོད་མི་རིགས་ཀྱི་བཀྲིན་རྗེས་དྲན་བྱ་དགོས་པའི་རྒྱུ་མཚན་ལྔ་པ་ཡིན།
༦༽ ཆོས་རྒྱལ་འཕགས་པ་རིན་པོ་ཆེ་འདི་ཉིད་ཀྱིས། སྤྱི་ལོ་ 1258 སེ་ཆེན་གྱི་ཕོ་བྲང་ཁེ་ཕེན་ཧྥུའུ་ནང་དུ། རྒྱ་ནག་གི་ཟིན་ཤིང་གི་སྟོན་པ་དང་རྩོད་པ་མཛད་ནས་ཟིན་ཤིང་གི་སྟོན་པ་བཅུ་བདུན་རིག་པས་ཕམ་པར་མཛད་ནས་རབ་ཏུ་བྱུང་སྟེ་ཡང་དག་པའི་ལྟ་བ་འཛིན་དུ་བཅུག་པས། བོད་མི་རིགས་ཀྱི་ནང་བསྟན་རིག་པའི་ཆེ་བ་དགུང་མཐོར་འདེགས་པར་མཛད་པ་ནི། བོད་མི་རིགས་ཀྱིས་བཀྲིན་རྗེས་དྲན་བྱ་དགོས་པའི་རྒྱུ་མཚན་དྲུག་པ་ཡིན།
༧༽ ཧོར་རྒྱལ་པོས་མཚན་གནས་ཕུལ་བ་ནི། གནམ་གྱི་འོག ས་ཡི་སྟེང་། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་མི། མཛད་པ་བླ་ན་མཐོ་བ། ཐམས་ཅད་ཐུགས་སུ་ཆུད་པའི་བློ་གྲོས་ལ་མངའ་བརྙེས་པ། རྒྱལ་ཁ་ས་སྲུང་མི། ཆོས་ཀྱི་རྒྱལ་པོ་ཆེན་པོ་དཔག་བསམ་ལྗོན་པ། རིན་ཆེན་ཆོས་རྒྱལ་། རྒྱ་གར་ལྷའི་སྲས་པོ། ད་དབེན་ཏི་ཤྲི་ཞེས་ཆེ་བསྟོད་བཞེས་པ་ནི་སྐབས་དེར་བོད་མི་རིགས་ན་དེ་ལྟའི་སྐྱེས་བུ་དམ་པ་ཞིག་ཡོད་པར་མཛད་པ་ནི། བོད་མི་རིགས་ཀྱིས་གཟི་བརྗིད་ཕྱིར་མངོན་པར་མཛད་པས། བོད་མི་རིགས་ཀྱི་བཀྲིན་རྗེས་དྲན་བྱ་དགོས་པའི་རྒྱུ་མཚན་བདུན་པ་ཡིན།
༨༽ ལྷག་པར་དུ་ང་ཚོས་རྒྱ་མི་རིགས་ལ་ངོམས་པ་དང་། དྲན་སྐུལ་གྱིས་རྒྱ་མི་རིགས་ཁྲི་འབུམ་སྲོག་ལས་བསྐྱབས་པར་མཛད་དེ། གནམ་མཁའི་ཁམས་ནི་ཁྲག་གི་མདོག་ལྟར་དམར། །རྐང་ལེབ་རོ་ཡིས་མཐའ་ཡི་རྒྱ་མཚོ་ཁེངས། །དེ་འདྲ་བཅད་པའི་དགེ་བ་གང་ཡིན་དེས། །ཞེས་པའི་ལོ་རྒྱུས་ད་ལྟའི་བོད་མི་རིགས་རྣམས་ནས་དེའི་མཛད་རྗེས་རྗེས་དྲན་བྱས་ཏེ། རྒྱ་མི་རིགས་ལ་སྐབས་དེར་བོད་མི་རིགས་ཀྱིས་རྒྱ་ནག་མི་མང་སོག་པོའི་བཙན་ཤེད་ལས་བསྐྱབས་པའི་སྐོར་འབྲེལ་བརྗོད་བྱེད་ཐུབ་ན། ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་བོད་མི་རིགས་ལ་ངོམས་སུ་ཆོག་པའི་མཛད་རྗེས་འཇོག་གནང་བ་དང་། རྒྱ་ནག་མི་རིགས་དང་བཅས་པས་ཀྱང་བཀའ་དྲིན་རྗེས་དྲན་བྱ་དགོས་པའི་རྒྱུ་མཚན་བརྒྱད་པ་ཡིན།
ཞེས་ལོ་ཤས་སྔོན་ལ་ངོ་དེབ་སོགས་སུ་བཀོད་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཛད་རྗེས་རྗེས་དྲན་ནི་བོད་མི་རིགས་ཀྱིས་བཀའ་དྲིན་དྲན་དགོས་པར་སྐུལ་བའི་རྗེས་དྲན་ཟིན་ཐོ་དེ་ཉིད། སླར་ཡང་ ༢༠༢༠ ལོའི་ཆོས་ཀྱི་རྒྱལ་པོ་གང་གི་འདས་མཆོད་ཉིན་བོད་ཟླ་ ༡༡ ཚེས་ ༢༢ ཉིན། ཡར་ཆབ་ཕོ་ཉར་འབོད་པས་དྲན་གསོར་བཀོད་པའོ།།
Image may contain: 2 people, people sitting

 

བརྒྱུད་སྐུལ།

མཆན་སྤེལ།