སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་རྣམ་ཐར།

སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་རྣམ་ཐར།

སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་རྣམ་ཐར།

 

 

སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ནི།[1] སྟག་ལུང་ཡ་ཐང་རྡོ་རྗེ་གདན་གྱི་ཁྲི་འཛིན་གདན་རབས་བཅུ་བདུན་པ་ཡིན་ཞིང་། དམ་པ་འདི་ཉིད་རབ་བྱུང་བཅུ་པའི་ལྕགས་ལུག་ཕྱི་ལོ་ ༡༥༧༡ ལོར་འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཆར་གཏོགས་པ་ལྷུན་གྲུབ་རྫོང་དུ་ཡབ་ག་ཟིའི་རིགས་ལས་བྱུང་བ་མིའི་དབང་པོ་ཀུན་དགའ་རྒྱ་མཚོ་དང་། ཡུམ་སྨོན་ལམ་ཕུན་ཚོགས་བུ་ཁྲིད་ཞུ་བ་འབྲི་གུང་པ་

རིག་སྔགས་འཆང་བའི་རྡོ་རྗེའི་སློབ་དཔོན་ཆེན་པོ་ཚོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་སྲས་མོར་གྱུར་པ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་མཚན་བཀྲ་ཤིས་སྟོབས་རྒྱལ་དུ་གསོལ། བྱིས་པ་རོལ་རྩེད་ཀྱིས་དུས་འདའ་བ་ཉིད་ནས་བསྟན་པ་འཛིན་སྐྱོང་སྤེལ་བའི་རྣམ་འགྱུར་དང་སྟངས་ཀ་ཁོ་ན་མཛད་པ་ཞིག་ཡོད་པར་གྲགས་ལ། དགུང་ལོ་དྲུག་ཏུ་སོན་པ་མེ་བྱི་ཕྱི་ལོ་ ༡༥༧༦ ལོར་ཡབ་དང་ལྷན་དུ་ཆོས་གྲྭ་ཆེན་པོ་སྟག་ལུང་དུ་ཕེབས་ཤིང་སྐབས་དེའི་གདན་ས་པ་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཞབས་དང་ཐོག་མར་མཇལ།

ཕྱི་ལོ་ཧོར་ཟླ་གཉིས་པའི་ཡར་ཚེས་དགེ་བར་དཔལ་སྟག་ལུང་གི་གཙུག་ལག་ཁང་གི་གཟིམ་ཁང་བྱང་མར་དགེ་བསྙེན་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ངག་དབང་རྣམ་རྒྱལ་ཀུན་དགའ་བཟང་པོར་གསོལ། ཡོངས་འཛིན་སློབ་དཔོན་རྣམ་རྒྱལ་ཆོས་འཕེལ་ལས་ཀློག་སྦྱང་དང་འབྲེལ་བྲེལ་རྒྱུན་མཁོའི་ཕྱག་བཞེས་ཀྱི་འདོན་བྱ་རྣམས་ལ་སྦྱངས་བརྩོན་མཛད་པས་མི་རིང་བར་བྱང་ཆུབ་པར་གྱུར་ཅིང་། ཞོར་དུ་སྐུ་རྫིས་ཚོས་སྤྱོད་རབ་གསལ་དང་། ལེགས་བཤད་རིན་པོ་ཆེའི་གཏེར་སོགས་སྐྱོར་འཛིན་བྱེད་པ་གསན་པ་ཙམ་གྱིས་ཐུགས་སུ་ཆུད་པ་དང་། དགུང་ལོ་དགུར་སོན་སྐབས་སློབ་དཔོན་དམ་པ་རྣམ་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་དྲུང་ནས་སྟག་ལུང་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཟབ་ཆོས་དང་དབང་ལུང་རྣམས་གསན་བཞེས་ཐོག་འདུས་པ་རྒྱ་མཚོའི་དབུས་སུ་ཐམས་ཅད་མཁྱེན་པ་ངག་གི་དབང་པོའི་རྣམ་ཐར་གྱི་ལུང་དང་། ཟབ་ལམ་བླ་མའི་རྣལ་འབྱོར་གྱི་སྟེང་ནས་ཆོས་ཀྱི་བགྲོ་གླེང་རྒྱས་པར་མཛད་པ་བཅས་དགུང་ན་ཤིན་ཏུ་ཕྲ་བ་ཉིད་ནས་འདི་ལྟ་བུའི་མཁྱེན་རབ་མཆོག་ཏུ་ཡངས་ལ་ཕུལ་དུ་བྱུང་བའི་དཔེར་འོས་པ་ཞིག་ཡོད་པ་ལ་ཀུན་ངོ་མཚར་སྐྱེས་ཤིང་དད་གུས་ཆེན་པོས་ཞབས་ལ་བཏུད་པའི་ཡུལ་དུ་གྱུར་པས། རྗེ་ཞྭ་དམར་བ་དཀོན་མཆོག་ཡན་ལག་གིས་ཀྱང་།

སྐུ་ཡི་ཟླ་ཚེས་གསར་པ་དག །སྲིད་གསུམ་བང་ཕྱུག་རྩེར་འཕེལ་ཞིང་། །

དགེ་ལེགས་འོད་དཀར་གྱིས་ཁྱབ་པ། །བཀའ་བརྒྱུད་ནོར་བུ་གང་དེ་རྒྱལ། །

ཞེས་པའི་བཀའ་འཕྲིན་ཆེད་དུ་སྩལ་ཅིང་བསྔགས་པར་མཛད་དོ། །དེ་ནས་ལཉྩ་དང་ཝརྟུ་སོགས་ཡིག་རིགས་རྣམས་དང་། ལྷ་བྲིས་ཀྱི་རིག་བྱེད་རྣམས་ཀྱང་འབད་མེད་དུ་མཁྱེན་ཅིང་སྒྲ་དང་། སྙན་དངགས། སྐར་རྩིས་སོགས་རིག་གནས་ཆེ་ཕྲ་རྣམས་ལ་སྦྱངས་པ་མཛད་པས་ཕུལ་དུ་ཕྱིན། དགུང་ལོ་བཅོ་ལྔ་པ་ཤིང་མོ་བྱ་ཕྱི་ལོ་ ༡༥༨༥ ལོར་སྟག་ལུང་གི་གདན་སའི་ཁྲིར་བཞུགས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་བའི་ཐུགས་ཁུར་བཞེས་པ་དང་ཆབས་ཅིག་ཡོངས་འཛིན་རིན་པོ་ཆེས་དཔལ་ལྡན་ངག་དབང་ཆོས་ཀྱི་ཉི་མ་འཇིགས་མེད་བཟང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གསོལ། དེ་ནས་བཟུང་སྟེ་ལུགས་གཉིས་ཀྱི་མཛད་པས་སྟག་ལུང་གི་བསྟན་པ་འཛིན་སྐྱོང་དང་སྡེ་སྲིད་ཀྱི་སྐྱོང་བདར་སོགས་ཁྲི་པ་རིམ་བྱོན་གོང་མའི་ལུགས་ལྟར་བསྐྱངས་ཤིང་ཚགས་ཚུད་པར་མཛད་ཅིང་། ཧོར་སྟོད་སྨད་ལ་སོགས་པའི་ཡུལ་དུ་སྐུ་ངལ་དང་དུ་བཞེས་ཏེ་ངོ་ཕེབས་ཀྱིས་སྡེ་ཕན་ཚུན་གྱི་ལབ་རྩོད་འཁྲུག་ལོང་ལ་འདུན་འཇགས་ཀྱི་བཀའ་དྲིན་བླ་ན་མ་མཆིས་པས་བསྐྱངས་ཏེ་སྐྱེ་བོ་དྲག་ཞན་ཀུན་ཕན་ཚུན་སྡོང་ཞིང་འཁོན་པའི་རྒྱུ་ལས་བྱུང་བའི་ཉེར་འཚེའི་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་མཛད། ཡོངས་འཛིན་རིན་པོ་ཆེ་ལས་བཀའ་བརྒྱུད་སྤྱི་དང་། སྟག་ལུང་སྒྲུབ་བརྒྱུད་ཀྱི་དབང་ལུང་མན་ངག་ཕལ་ཆེར་གསན།

དགུང་ལོ་བཅུ་དགུ་པ་ས་གླང་ཕྱི་ལོ་ ༡༥༨༩ ལོར་སྟག་ལུང་ཡ་ཐང་རྡོ་རྗེ་གདན་གྱི་གཙུག་ལག་ཁང་གི་ཤོད་ཆེན་མོར་འཇིག་རྟེན་གསུམ་གྱི་མགོན་པོ་མངྒ་ཤྲཱིའི་དངུལ་སྐུ་རིན་པོ་ཆེ་ (སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་དངུལ་སྐུ།) བཀྲ་ཤིས་འཛམ་གླིང་རྒྱན་མཆོག་གི་སྤྱན་སྔར་ཐམས་ཅད་མཁྱེན་པ་ཀུན་དགའ་བཀྲ་ཤིས་ཞབས་ཀྱིས་མཁན་པོ་དང་། ཞབས་འབྲེང་མང་ཐོས་ཚུལ་ལྡན་གྱི་དགེ་འདུན་གྲངས་ཚང་ང་གི་དབུས་སུ། ལས་སློབ་གསང་སྟོན་དུས་བསྒོ་རྣམས་ཡོངས་འཛིན་རིན་པོ་ཆེ་ཁོ་ནས་གནང་སྟེ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་ཤིང་། བསྟན་པ་སྤྱིའི་ལ་རྒྱར་སྨན་པའི་ཕུལ་དུ་བྱུང་བའི་མཛད་པས་འགྲོ་དོན་བསྐྱངས་པས་སྙན་གྲགས་ས་སྟེང་ཁྱབ་པ་ཙམ་བྱུང་ལ། དབུས་གཙང་གི་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ལ་མ་གཏུགས་པ་མེད་པ་ཙམ་དུ་གྱུར། རྗེ་འདིས་སྟག་ལུག་གི་གདན་སའི་ཁྲིར་བཞུགས་རིང་སྟག་ལུང་གི་རྟེན་དང་བརྟེན་པར་བཅས་པ་ཞིག་གསོ་གསར་བཞེངས་དང༌། ཡུལ་ཚོགས་ཀྱི་བཅའ་བ་སོགས་གོང་མ་རིམ་བྱོན་གྱི་བཞེད་སྲོལ་རྒྱུན་འཁྱོངས་ཐོག་ཐུགས་ཚགས་ཚུད་པར་མཛད་པས། ཆོས་སྲིད་ལུགས་གཉིས་ཀྱི་མངའ་ཐང་མ་དྲོས་པའི་མཚོ་ལྟར་རྒྱས་པའི་ཚུལ་ལྟ་བུ་ནི་ན་རིམ་གོང་མ་རྣམས་ཀྱི་དུས་ལ་མ་བྱུང་བར་འདུག །དེ་ལྟ་བགྲང་བྱ་སུམ་ཅུ་སོ་གཅིག་གི་རིང་གདན་ས་བསྐྱངས་ཏེ་དགུང་ལོ་ཞེ་དྲུག་པ་མེ་འབྲུག་ ༡༦༡༦) ལོར་ཉིད་ཀྱི་སྐུའི་དབོན་པོ་ངག་དབང་བཀྲ་ཤིས་དཔལ་ལ་གདན་སའི་ཐུགས་འཁུར་གཏད་དེ་སྐུ་ཉིད་ཆོས་རྫོང་རྣམ་རྒྱལ་རབ་བརྟན་གྱི་ཐུགས་ཁུར་ཙམ་ལས་ཀུན་སྤངས་ཀྱི་བརྟུལ་ཞུགས་དང་བཅས་རྟག་ཏུ་མཉམ་པར་བཞག་པ་བསྙེལ་བ་མི་མངའ་བའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞུགས་པར་གདའ་འོ།།

དེ་ནས་ཀྱང་བོད་འདིར་དབུས་གཙང་སོག་གསུམ་གྱི་འཁྲུག་རྩོད་ཀྱི་དུད་སྤྲིན་ལང་ལོང་དུ་འཕྱུར་ལ་ཉེ་བ་ན་རྗེ་འདི་ཐུགས་སྙིང་རྗེའི་གཞན་དབང་གིས་མ་བཟོད་པར་བོད་འབངས་ཀྱི་བདེ་དོན་ལ་དགོངས་ཏེ་ངོ་ཕེབས་དང་སྐུ་ཚབ་མངགས་གཏོང་སོགས་དུ་མ་མཛད་དེ་འདུན་འཇགས་ཀྱི་འབད་བརྩོན་མཛད་ཀྱང་མི་བསྲུན་བརླང་སྤྱོད་ཀྱི་སྐྱེ་བོའི་ཡིད་ཀྱི་ཁ་ལོ་མ་འཆུན་པར་འཁྲུག་རྩོད་ཀྱི་རྦ་ཀློང་དྲག་ཏུ་འཕྱུར་བས་སྐུ་ངལ་འབྲས་མེད་དུ་སོང་ཡང་། ནམ་ཞིག་གཙང་དཔུང་གིས་སོག་དམག་བཟློག་སྟེ་སེ་འབྲས་ཀྱི་དགེ་འདུན་ཕལ་ཆེར་བཞུགས་བཟོད་མ་བདེ་བར་མདོ་སྨད་དུ་བྲོས་བྱོལ་དུ་ཕེབས་རྩིས་ལམ་བར་སྟག་ལུང་དུ་འབྱོར་བར་གསོལ་སྐལ་ཐབ་རྟེན་དང་མང་ཇ་གདན་གནོན་དང་བཅས་པས་བསྙེན་ཅིང་། གཙང་པ་རྒྱལ་པོར་ཞུ་ངོ་མཛད་དེ་ཉེས་པ་མེད་པར་རང་གནས་སུ་ཕྱིར་ཕེབས་ཆོག་པའི་བཀའ་དྲིན་གྱིས་བསྐྱངས་པ་སོགས། མདོར་ན་དམ་པ་འདི་ཉིད་ནི་གྲུབ་མཐའི་ཕྱོགས་ལྷུང་གིས་མ་བསླད་པར་ཐུབ་པའི་བསྟན་པ་སྤྱིའི་ལ་རྒྱ་ཁོ་ནར་སྨན་པའི་དགོངས་པས་ཕྱུག་ཅིང་། བསྙེན་བཀུར་མང་འགྱེད་སོགས་ཀྱི་རྙེད་པ་ཁོ་ན་དོན་དུ་གཉེར་ཏེ་ཆོས་འཚོང་བའི་ཚུལ་འཆོས་ཀྱི་ལོག་འཚོའི་དྲི་མས་མ་གོས་པའི་མཁས་གྲུབ་གཉིས་ལྡན་གྱི་ཆོས་པ་རྣམ་དག་ཅིག་ཡིན་པར་འདུག།

མཁས་གྲུབ་ཆེན་པོ་འདིས་མཛད་པའི་བརྩམས་ཆོས་ནི། རྒྱལ་བ་སྟག་ལུང་པ་ཆེན་པོའི་རྣམ་ཐར་རྒྱས་པ་དང་། རྣམ་ཐར་འཕགས་ལམ་སྣང་བ། ཉིད་ཀྱི་རྣམ་ཐར་སྐལ་བཟང་ཡིད་ཀྱི་ཤིང་རྟ་དང་། དགུང་ལོ་སོ་དགུ་པ་ས་བྱ་ཕྱི་ལོ་ ༡༦༠༩ ལོར་མཛད་པའི་ཆོས་འབྱུང་ངོ་མཚར་རྒྱ་མཚོ་འདི་སོགས་བརྗོད་བྱའི་དོན་ཟབ་ཅིང་རྒྱ་ཆེ་བ། རྗོད་བྱེད་ཀྱི་ཚིག་སྙན་ཞིང་བརྗིད་པ་ཉམས་དང་ལྡན་པ་པོད་དུ་མ་དང་། གཞན་སྤྲིང་ཡིག་དང་། ཆབ་ཤོག །སྨོན་ལམ་ལ་སོགས་པ་ནི་བགྲང་གིས་མི་ལང་བ་ཡོད་པར་སྣང་ངོ༌།།

དེ་ལྟར་མཁས་བཙུན་བཟང་གསུམ་གྱི་མཛད་པ་ལ་བརྟེན་ནས་བོད་ཁམས་སྤྱི་དང་། ཁྱད་པར་སྟག་ལུང་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་ཕྱག་རྗེས་བླ་ན་མ་མཆིས་པའི་བཀའ་དྲིན་གྱིས་བསྐྱངས་མཐར་དགུང་གྲངས་ང་དྲུག་ཏུ་ཕེབས་པ་མེ་སྟག་ཕྱི་ལོ་ ༡༦༢༦ ཟླ་བ་བཞི་པའི་ཚེས་དྲུག་ཉིན་ཞབས་དྲུང་དུ་འཁོད་པ་རྣམས་ལ་བསྟན་པ་འཛིན་སྐྱོང་གི་བྱ་བ་ལས་པའི་བརྩམས་པའི་མ་འོངས་པའི་བྱ་འོས་མཐའ་དག་ལེགས་པར་གདམས་ཏེ་སྟག་ལུང་ཉིད་དུ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་བཅས་ལོ་རྒྱུས་མདོར་བསྡུས་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།