སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་ཀྱི་རྣམ་ཐར་སྙིང་བསྡུས།
སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་ནི། རབ་བྱུང་གཉིས་པའི་མེ་ཕག་ཕྱི་ལོ་ ༡༡༠༧ ལོར་ཡབ་སྟེང་པ་ཏོག་འབར་དང་། ཡུམ་མདའ་མོ་བུ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་ཡི་གེའི་སྦྱོར་ཀློག་ལེགས་པར་མཁྱེན། དགུང་ལོ་བཅུ་དགུ་པར་བསྙེན་པར་རྫོགས་རྗེས་གསེར་ཞོ་བཅུ་གཉིས་བསྣམས་ཏེ་རྒྱ་གར་གྱི་གྲོང་ཁྱེར་མ་ག་དྷར་ཕེབས། ཙ་མི་སངས་རྒྱས་གྲགས་དང་མཇལ་ནས་ལོ་ངོ་བཅུའི་རིང་ལོ་ཙཱ་བསླབས་ནས་བཞུགས། དེ་ནས་རང་ཡུལ་དུ་ཕེབས་ཏེ་ཡབ་ཀྱིས་དབུ་བཙུགས་པའི་འབུམ་ཉི་ཤུ་དུམ་ཅིག་གི་བཞེངས་འཕྲོ་ཡང་ཚར་བར་མཛད།
གསེར་སྲང་ལྔ་བཅུ་ཙམ་བསྣམས་ཏེ་སླར་རྒྱ་གར་དུ་ཕེབས་ཏེ་པཎྜི་ཏ་ཆེན་པོ་སི་ག་ཏ་བིརྱ་དང་། ཙནྡྲ་ཀཱིརྟི། ཤཱི་ལ་ཙནྡྲ། བི་མ་ལ་རཀྵི་ཏ་སོགས་པཎ་ཆེན་བཅུ་གསུམ་བསྟེན་ནས་མདོ་སྔགས་ཀྱི་གསན་བསམ་རྒྱ་ཆེར་མཛད། རྒྱ་དཔེ་ཡང་མང་དུ་བསགས་ཏེ་སྒྲུབ་ཐབས་བསྡུས་པོ་ཆེན་པོ་དང་། འདུལ་བ་རང་གི་རྣམ་བཤད། ཉི་ཁྲི་གཞུང་འགྲེལ་སོགས་འགྱུར་བཅོས་མང་དུ་མཛད་དེ་རྒྱ་གར་ལ་ལོ་ངོ་ལྔ་ཙམ་བཞུགས། དགུང་ལོ་བརྒྱད་ཅུ་རྩ་བཞིར་ཕེབས་པ་རབ་བྱུང་གསུམ་པའི་ལྕགས་ཁྱི་ཕྱི་ལོ་ ༡༡༩༠ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཆག་ལོ་དགྲ་བཅོམ་པ་དང་། བསྒྱུར་རྩོམ་གཙོ་གྲས་ནི་བསྟན་འགྱུར་ལས། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེ་འགྲེལ་པ་ཟབ་མོ་དོན་གྱི་འགྲེལ་པ་དང་ཟབ་མོ་དོན་གྱི་འགྲེལ་པ་ཞེས་བྱ་བ་པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ལོ་ཙཱ་འདི་ཉིད་ནི་ཀུན་མཁྱེན་ཏཱ་ར་ནཱ་ཐས[1]། སྟེང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་དགུང་ལོ་བཅོ་ལྔ་ལ་པ་སྣམ་དགའ་སྡོང་དུ་རྒྱ་འདུལ་འཛིན་ལ་རབ་ཏུ་བྱུང༌། བཅུ་དགུ་ལ་དགའ་སྡོང་དུ་རྒྱས་མཁན་པོ་མཛད་ནས་བསྙེན་རྫོགས་སྒྲུབ་སྐབས་སུ་དགའ་སྡོང་གི་བྱམས་པས་ཁྱོད་རྒྱ་གར་ལ་སོང་དང་བསྟན་པ་དང་འགྲོ་བ་ལ་ཕན་ཆེའོ་ཞེས་གསུང་བྱོན་པ་ལྟར་རྒྱ་གར་དུ་ཕེབས། སྤྱིར་ཆོས་ཚུལ་མཐའ་དག་ལ་བྱང་ཆུབ་པར་ཐུགས་སུ་ཚུད་པར་མཛད་ཅིང༌། ཁྱད་པར་རྒྱ་གར་ཤར་ནུབ་གུང་གསུམ་ལ་ཆུ་བོ་ལྟར་མྱུལ་བར་མཛད། བསྟན་པའི་འཁུར་ཆེན་ཕྲག་པར་བཞེས་པའི་དཀའ་བ་བརྒྱ་ཕྲག་དང་དུ་བླངས་དེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་ལེན་པར་མཛད་ནས་བོད་ཡུལ་དུ་སྤེལ་བས། ད་ལྟ་བཀའ་འགྱུར་གྱི་ལུང་བཞུགས་པ་དེ་སྟེང་ལོའི་བཀའ་དྲིན་ནོ། །ཞེས་བྱུང་ངོ་།།
[1] མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༣༨