ལམ་སྟོན་སྙིང་གི་མུན་སེལ།

ལམ་སྟོན་སྙིང་གི་མུན་སེལ།

ལམ་སྟོན་སྙིང་གི་མུན་སེལ།

 

ས་གནས་བྱང་སེམས་འབུམ་གྱིས་ཆ་ཙམ་མཚོན་མིན་པའི།།

རཱ་ལོའི་རྣམ་འགྱུར་ཞི་བའི་མདངས་སུ་རབ་ཤར་བ།།

རིགས་དྲུག་ཀུན་ལ་མ་ལྟར་བརྩེ་བའི་གཉེན་གཅིག་བུ།།

སློབ་དཔོན་ཞི་བདེའི་འདྲེན་མཆོག་བདུན་ཟུང་པ་ཁྱོད་རྒྱལ།།

ཞེས་མཆོད་བརྗོད་ཤོ་ལོ་ཀ་གཅིག་གིས་སྔོན་བསུས་ཏེ་གང་གླེང་བར་བྱ་བ་ནི་དམའ་རིམ་འཛིན་གྲྭ་དང་པོ་ནས་ལྔ་པ་བར་དུ་བོད་ཀྱི་སྐད་ཡིག་ཇི་ལྟར་སློབ་ཚུལ་རང་གིས་མྱོང་ཐོས་ཅི་བྱུང་རགས་རིམ་ཙམ་ཞིག་དགོད་རྒྱུ་ཡིན་ལགས། འཛིན་གྲྭ་དང་པོ་ནས་ལྔ་པ་བར་སྤྱི་ཡོངས་ལ་འབྲི་ཀློག་གཙོར་བཟུང་དགོས་ཤིང༌། འདིའི་ནང་ནས་ཀློག་སྟངས་ཤིན་ཏུ་གལ་ཆེའོ། །འཛིན་རིམ་བཞི་པ་དང་ལྔ་པ་གཉིས་ཀྱི་ཀློག་དེབ་ནང་རྗེས་འཇུག་ལ་བལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་ཡོད་པས་དེ་དག་སྒྲ་དོན་གཉིས་ཀྱིས་འཇུག་ཚུལ་བཤད་དགོས་མོད། འོན་ཏང་སྒྲ་ཡི་འཇུག་ཚུལ་ལམ་ཕྲད་སྦྱོར་སྟངས་གཙོ་བཟུང་དགོས་པར་སྣང༌། འབྲི་ཀློག་གཉིས་ཀྱི་ནང་ནས་བཀླག་རྒྱུ་གལ་ཆེ་སྟེ་ཐོན་མི་བཀའ་དྲིན་ཅན་དེ་ཉིད་ནས་སུམ་ཅུ་པའི་རྩ་བར།

བསླབ་ལ་བརྩོན་པའི་གང་ཟག་གིས།།

དང་པོ་ང་རོ་རྣམས་ལ་སྦྱང༌།།

སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།།

ཀློག་གི་ཆེད་དུ་བསླབ་པ་ཡིན།།

ཞེས་དང༌། སློབ་དཔོན་ཙནྜྲ་གོ་མིས་ཡི་གེའི་མདོར། གནས་དང་བྱེད་པ། རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ། །ཞེས་དང༌། སྨྲ་སྒོ་ནས། ངག་གི་འདུ་བྱེད་གང་དེ་ཡི། །ཚོགས་པ་བདག་གིས་བཤད་པར་བྱ། །ཞེས་དང༌། རྗེ་བཙུན་བསོད་ནམས་རྩེ་མོའི་བྱིས་པ་བདེ་འཇུག་དང༌། ས་པཎ་གྱི་སྒྲ་འཇུག་དང༌། དཔང་ལོ་ཙཱ་བ་བློ་གྲོས་བསྟན་པས་མཛད་པའི་ཚོགས་གསུམ་གསལ་བ། ཞ་རྣམ་བྲ་གསུམ་དང་སི་

ཏུ་སོགས་སྔ་དེང་གི་མཁས་རྣམས་ཀྱིས་ཡི་གེ་རྣམས་རང་རང་གི་གནས་དང་བྱེད་རྩོལ་མ་འཛོལ་བར་དབྱུང་ཞིང་བཀླག་པར་གཙིགས་ཆེན་མཛད་ཅིང༌། གཞན་ཡང་རྡུལ་ཕྲན་དང་འཕྲུལ་རིག་སོགས་རིག་གསར་ཤེས་ཡོན་ཡང་རྩེར་སོན་པའི་ནུབ་གླིང་པ་ཚོས་ཀྱང་སློབ་མ་རྣམས་ལ་དེ་དང་དེ་དག་གི་ཡི་གེ་སློབ་སྐབས་དབྱངས་གསལ་སོགས་གང་ཡོད་ཀྱི་ང་རོ་དབྱུང་ཚུལ་ལ་དོ་ནན་གཟབ་འཐེམས་བྱེད་ཀྱི་འདུག ཅེས་མཁས་དབང་རཀ་ར་རིན་པོ་ཆེ་སོགས་ཀྱི་ཞལ་ནས་ཐོས་སོ། །

དེས་ན་སློབ་དཔོན་རང་ཉིད་ཡི་གེའི་སྐྱེ་གནས་སོགས་ལ་གདེང་ཐོབ་པ་ཞིག་ཡིན་པ་སྨོས་ཅི་དགོས། གཞན་དུ་ན་ཐོག་མར་ཉིད་ཀྱིས་ཡི་གེའི་སྐྱེ་གནས་སོགས་རགས་ཙམ་ཁོང་དུ་ཆུབ་པར་བྱས་ཏེ་སློབ་མ་རྣམས་ལ་སྐྱེ་གནས་སོགས་རང་རང་གང་དང་གང་ནས་དབྱངས་གསལ་སོགས་གང་ཐོན་དེ་བཞིན་བསླབ་པར་བྱའོ།།

དེ་ནས་ས་སྐྱ་བ་རྗེ་བཙུན་བསོད་ནམས་རྩེ་མོས།

གང་དང་གང་ལ་གང་བཏགས་པ།།

གོ་རིམ་བཞིན་དུ་གནས་ནས་དབྱུང༌།།

དེ་ལ་ར་མགོ་ལྕེ་རྩེར་འདར།།

ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད།།

ས་མགོ་སོ་ཡི་བར་ནས་དབྱུང༌། །

དཔེར་ན་གྲ་ལ་ག་ར་འམ།།

ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། །

སྒྲ་ལ་སྒ་ར་ཇི་བཞིན་དུ། །

གལ་ཏེ་མ་ཕྱིན་གྱུར་པ་ནི། །

དེ་ནས་འཕུལ་བ་བསླབ་པར་བྱ།།

ཡི་གེ་འཕྲལ་ཞིང་བརྗོད་པར་བྱ། །

གས་འཕུལ་ཐོག་མ་རྐན་ནས་དབྱུང༌།།

དས་འཕུལ་ལྕེ་རྩེ་ཀློད་པ་ལ། །

འཕུལ་ཞིང་བརྩེགས་པའི་ཡི་གེ་ལ། །

བ་མས་འཕུལ་བ་ཐོག་མ་ནི། །

གོ་རིམ་བཞིན་དབྱུང་མ་ཕྱིན་ན།།

མཆུ་བཙུམ་པ་ལས་ཁྱད་པར་སྣ། །

འདི་ཡང་ཕྲལ་ཞིང་བཀླག་པ་སྟེ།།

འས་འཕུལ་གྲེ་བའི་ཕུག་ནས་དབྱུང༌། །

མཁྲ་ལ་ཁ་ར་ཇི་བཞིན་ནོ།།

ཞེས་གསུངས་པ་ལྟར་སྦྱོར་ཀློག་གི་སྐབས་སུའང་འཕུལ་དང་མགོ་འདོགས་ཀྱི་ཡི་གེ་རྣམས་སོ་སོའི་རང་སྒྲ་ཐོན་ཙམ་གྱི་མྱུར་སྟབས་སུ་བཀླག་ཅིང༌། ཡང་འཇུག་ད་ས་མ་གཏོགས་པའི་མཐའ་རྟེན་ཅན་རྣམས་རང་རང་གི་མིང་གཞི་སོ་སོའི་གནས་དང་མཐུན་པའི་རྗེས་སུ་འབྱུང་བ་དང༌། ས་ཡིག་གི་ཡང་འཇུག་ཅན་ནི་ཕ་རོལ་ཏུ་ཚིག་གྲོགས་མེད་ན་ས་སྒྲ་མི་གསལ་ཡང་དེ་འབྱུང་བ་ཉེ་བ་ལྟར་བཀླག ཚིག་གྲོགས་ཡོད་ན་ས་སྒྲའང་ཐོན་པར་དབྱུང་དགོས་པ་གསུངས་སོ།།

དེས་ན་ཡི་གེ་རྣམས་ཀྱི་སྒྲ་ཟུར་ཕྱིན་པ་ཀློག་པ་གནད་ཆེ་སྟེ། མདོར་བསྡུས་ན་ཡི་གེའི་དག་ཆ་དང་ཕྲད་རྣམ་དབྱེའི་སྦྱོར་བ། སྔོན་རྗེས་མིང་གསུམ་གྱི་རྟགས་ཀྱི་དབྱེ་བ་དང༌། སྦྱོར་བ་རྣམས་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་འབྱུང་བ་དེ་ལྟར་མཁན་པོ་ཐོན་མི་ཉིད་ནས་ལེགས་པར་བརྟགས་ཏེ་སུམ་རྟགས་དག་གསུམ་གྱི་རྣམ་གཞག་མཛད་པ་ལས་གཞན་དུ་ཀློག་པ་དང་བརྗོད་པའི་སྐབས་འཕུལ་རྟེན་སོགས། ཟུར་གསལ་བ་མེད་ན་དག་ཆ་ལའང་ག་ལ་ཐོབ། དེ་བཞིན་སུམ་རྟགས་གཉིས་ལའང་མཚུངས་སོ། །

གོང་སྨོས་ལྟར་ཡི་གེ་རྣམས་ཀྱི་སྐྱེ་གནས་བྱེད་རྩོལ་དང་མཐུན་པའི་སྒྲ་ཟུར་ཕྱིན་པ་ནི་ཅུང་ཐོན་དཀའ་ཞིང་ཡུལ་དུས་ཀྱི་རྐྱེན་པས་སློབ་མ་རྣམས་ལའང་ཇི་བཞིན་སློབ་ཏུ་མི་བཏུབ་ཀྱང༌། སློབ་དཔོན་ཉིད་ཀྱིས་སྒྲ་དག་གསལ་བར་བཏོན་ཏེ། དེ་བཞིན་སློབ་མ་རྣམས་ཀྱིས་རྗེས་ཟློས་བྱེད་དུ་འཇུག་རྒྱུ་གལ་གནད་ཤིན་ཏུ་ཆེ་བས་སྙོམ་ལས་སླ་ཆོས་སུ་མ་སོང་བར་རྟུན་པ་བསྐྱེད་དེ་འབད་པ་འཚལ་ལོ།།

 

  ས་རཱ་རིགས་སློབ་ཀྱི་དགེ་མིང་ཙམ་འཛིན་པ་པ་སངས་པས་བྲིས་པ་དགེའོ།།

བརྒྱུད་སྐུལ།

མཆན་སྤེལ།