པཎྜི་ཏ་སྨྲྀ་ཏི་ཛྙཱ་ན།

པཎྜི་ཏ་སྨྲྀ་ཏི་ཛྙཱ་ན།
པཎྜི་ཏ་སྨྲྀ་ཏི་ཛྙཱ་ན།
དེའང་འཕགས་ཡུལ་གྱི་པཎྜི་ཏ་ཇོ་བོ་སྨྲྀ་ཏི་ཛྙཱ་ནའམ། འཇིག་རྟེན་པའི་ཤོད་སྲོལ་ལ་སྲད་ཀྱི་གུ་རུ་ཆོས་དབང་། ཡོངས་གྲགས་སུ་དྲན་པ་ཡེ་ཤེས་ནི། ཕྱི་ལོའི་དུས་རབས་བཅུ་པར། རྒྱ་གར་འཕགས་པའི་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་མི་ཁྱིམ་ས་ཡ་གཅིག་དང་འབུམ་ཕྲག་གསུམ་ལ་མངའ་དབང་འབྱོར་བའི་ཆོས་ཀྱི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྲས་སུ་སྐུ་ཡི་པདྨོ་བཞད། སྐུ་ན་ཆུང་དུས་ནས་བློ་རིག་བཀྲ་ལ་རང་བཞིན་ལྷན་སྐྱེས་ཀྱི་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་ཡོངས་སུ་གཏམས་ཤིང་དམ་པའི་ངང་ཚུལ་དང་ལྡན་པའི་ཐེག་ཆེན་གྱི་སྐྱེས་བུ་རིགས་སད་པ་ཞིག་ཡིན།
ཁོང་སྐུ་ན་གཞོན་དུས་སུ། སློབ་དཔོན་ནོར་བཟང་གྲགས་པ་ལ་སོགས་པ་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་པཎྜི་ཏ་མང་པོ་ཞིག་བསྟེན་ནས། ཕྱི་ནང་གི་ཤེས་བྱ་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་པོར་བྱས་པས། གདུགས་ཐོགས་སློབ་མ་ལྔ་བརྒྱས་ཡོངས་སུ་བསྐོར་བའི་མ་ཧཱ་པཎྜི་ཏ་ཆེན་པོ་ཞིག་ཡིན། དེའི་རྗེས་སུ་མུ་སྟེགས་པའི་མཁས་པ་ཆེན་པོ་ཞིག་གིས་ནང་པའི་བསྟན་པ་ལ་བརྒོལ་བར་ཡོང་ནས་རྩོད་པས། ནང་པ་སངས་རྒྱས་པའི་པཎ་གྲུབ་རྣམས་ཀྱིས་བརྒོལ་བ་ཕྱིར་བསྐྲོད་པའི་སྤོབས་པ་མི་མངའ་བ་ལ་བརྟེན་ནས་ཇོ་བོ་སྨྲྀ་ཏི་ཛྙཱ་ནས་ལུང་རིགས་རྣམ་དག་གི་སྒོ་ནས་མུ་སྟེགས་པ་དེ་ཕམ་པར་མཛད་དེ་ནང་པའི་བསྟན་པར་བཅུག །
ཕྱིས་སུ་བོད་ཀྱི་ཆོས་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་སུ་བོད་སིལ་བུར་ཐོར་ནས་སྔ་འགྱུར་གྱི་བཀའ་ནི་ཆད། རྙིང་མའི་ཉན་བཤད་ནུབ། སྙན་བརྒྱུད་མདའ་ལྟར་བསྲངས། མཁས་པ་རྣམས་ནི་ཡོངས་སུ་རྫོགས་པ་རི་ཁྲོད་ལ་འགྲིམས་ནས་སངས་རྒྱས་ཀྱི་བསྟན་པ་བོད་དུ་སྤེལ་མཁན་མེད་པའི་དུས་སུ། བལ་པོ་པདྨ་རྨེ་རུ་རྩེ་ཞེས་བྱ་བ་ཆོས་བཤད་བག་ཙམ་མཁྱེན་པ་ཞིག་ལ་རྒྱལ་པོས་སེམས་བསྐྱེད་ཞུས་པས། བྱང་ཆུབ་སེམས་ཀྱི་སྙིང་རྗེ་བཅོས་མིན་ཐུགས་ལ་འཁྲུངས་པས་དེ་ལ་མངའ་བདག་ལྷ་བླ་མས་ཆོས་གནང་བར་ཞུ་ཞུས་པས། བལ་པོ་པདྨ་རྨེ་རུ་རྩེས་ཆོས་རྒྱལ་ལ་ཞུས་པར། ངས་ནི་ཆོས་མཁས་པར་བཤད་མི་ཤེས། རྒྱ་གར་འཕགས་པའི་ཡུལ་ན་མཁས་པ་པཎྜི་ཏ་ཡོད་པས་ང་ཡིས་སྤྱན་འདྲེན་ནམ་ཞེས་བརྗོད་པས། དེ་ལ་རྒྱལ་པོས་ཞུ་རྟེན་གྱི་གསེར་མང་པོ་བསྐུར་ནས་གདན་འདྲེན་དུ་བཏང་བའི་མཁས་པ་པཎྜི་ཏ་གཉིས་པོ་ནི། ཨ་ཙ་ར་ཕྲ་ལ་རིང་མོ་བྱ་བ་དང་། ཇོ་བོ་སྨྲྀ་ཏི་ཛྙཱ་ན་གཉིས་ཡིན་པས་དེས་ཁོང་རྣམ་པ་གཉིས་སྤྱན་དྲངས་ནས་ཚུར་ཡོང་བས། བལ་ཡུལ་དུ་སླེབས་སྐབས་ལོ་ཙཱ་བ་བལ་པོ་པདྨ་རྨེ་རུ་རྩེས་ལ་ཕུག་ཟོས་པའི་རྐྱེན་གྱིས་ཕོ་ལོག་གླང་ཐབས་ཀྱིས་ན་ནས་གྲོངས་པས། པཎྜི་ཏ་གཉིས་པོ་ནི་བོད་སྐད་མ་མཁྱེན་པས་ཚུར་བོད་དུ་བྱོན་པའི་ལམ་བར་ལ་དཔལ་མོ་དཔལ་ཐང་དུ་ཇག་པས་བཟུང་ནས་ཉིན་ཤས་བྲན་གཡོག་བྱེད་དུ་བཅུག་པ་དང་། དེ་ནས་ཁོང་རྣམ་གཉིས་བྲོས་འགྲོ་བར་དོགས་ནས་ཇག་པ་ཚོས་གྲོས་མོལ་བྱས་ཏེ་འདི་གཉིས་བཙོངས་ནས་ང་ཚོས་རིན་པ་ཟ་འོ་ཞེས་པཎྜི་ཏ་གཉིས་པོ་བཙོངས་རྒྱུར་ཐག་བཅད་དེ། པཎྜི་ཏ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ནི་ཁབ་གུང་ཐང་གི་ཁྱེང་རྗེ་ཤག་བཙན་བྱ་བ་ལ་བཙོངས་པས་ལུག་རྫི་ཡང་གནང་དགོས་བྱུང་ཡོད། འོན་ཀྱང་ཆོས་རྒྱལ་ལྷ་བླ་མས་ཁོང་པཎྜི་ཏ་རྣམ་པ་གཉིས་བོད་ལ་ཕེབས་ཡོད་པ་རྩ་བ་ཉིད་ནས་ཤེས་ཀྱི་མེད། དེ་རྗེས་པཎྜི་ཏ་ཇོ་བོ་སྨྲྀ་ཏི་ཛྙཱ་ནས་རང་གི་མ་ཉི་ཚེ་བའི་དམྱལ་བར་ཡོད་པ་དེ་འདྲེན་པའི་ཆེད་དུ་གཙང་རྟ་ནག་རྒྱང་མཁར་ལ་ཕེབས་རྒྱུའི་འདུན་པ་འཆར། དེའང་མ་ཡུམ་གྱི་ལོ་རྒྱུས་བཤད་སྲོལ་ལྟར་དུ་བརྗོད་ན། ཇོ་བོ་སྨྲྀ་ཏི་ཛྙཱ་ནས་རང་གི་མ་ཡུམ་མི་ཡུལ་དུ་བཞུགས་དུས་སུ་སྔ་དགོང་དང་དུས་ཚོད་བར་གསེང་ནམ་ཡོད་པའི་སྐབས་ལ་སོགས་པར་ཁ་འདོན་དགེ་སྦྱོར་གྱི་ལས་ལ་འབད་དགོས་ཞེས་ཡང་ནས་ཡང་དུ་གསུངས་ཀྱང་མ་ཡུམ་གྱིས་སྣང་མེད་དུ་བཏང་བར་བརྟེན། ཉིན་ཞིག་ཇོ་བོ་སྨྲྀ་ཏིས་མ་ཡུམ་ལ་ལས་འགན་གྱི་ཆེད་དུ་སྒོའི་རྒྱབ་ཀྱི་ཐོག་གི་ཕྱམ་ལ་དྲིལ་བུ་ཞིག་མར་ཐུར་དུ་དཔྱང་ནས་སྒོ་ཕྱེ་བ་དང་སྒོ་རྒྱག་པའི་དུས་སུ་དྲིལ་བུ་དེས་སྐད་ག་དུས་བསྒྲགས་ཀྱང་ངེས་པར་དུ་མ་ཎི་ཡིག་དྲུག་ཚར་རེ་འདོན་དགོས་ཞེས་བཀའ་ནན་མོར་ཕབ་པར་བརྟེན་དྲིལ་བུའི་སྒྲ་གྲགས་སྐབས་མ་ཡུམ་དེའི་ཞལ་ནས་ངའི་བུས་ང་ལ་ཁྲལ་བཀལ་བའི་མ་ཎི་དེ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ལན་རེ་བརྗོད་ཀྱི་ཡོད།
དེ་ནས་མི་རིང་བར། མ་ཡུམ་དེ་ཚེ་ལས་འདས་ནས་དམྱལ་བའི་གནས་སུ་ལྷུང་བས་ཉིན་ཞིག་དམྱལ་སྲུང་རྣམས་ཀྱིས་ཟངས་ཀྱི་ཁྲོ་ཆེན་པོ་དེར་མི་རྣམས་བཙོས་ནས་ཤིང་གིས་དཀྲུག་དཀྲུག་གཏོང་སྐབས་ཤིང་དེ་ཟངས་ཁྲོ་དེ་ལ་ཐུག་ནས་སྒྲ་གྲགས་པ་པཎྜི་ཏའི་མ་ཡུམ་གྱིས་ཐོས་པས་དེ་ཕྲལ་སྔོན་གྱི་བག་ཆགས་དེས་མ་ཡུམ་གྱི་ཞལ་ནས་ངའི་བུས་ང་ལ་ཁྲལ་བཀའ་བའི་མ་ཎི་དེ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་མ་ཎི་ལན་གཅིག་བཏོན་པས། དེ་ཕྲལ་མ་ཎིའི་སྒྲ་དེ་དམྱལ་སྲུང་རྣམས་ཀྱིས་ཐོས་པས་འདིར་སངས་རྒྱས་ཀྱི་སྤྲུལ་བ་ཞིག་འདུག་ཅེས་དམྱལ་བའི་སྒོ་མོ་དེ་ཕྱེ་བས་མ་ཡུམ་དེ་དང་དེར་ཡོད་ཀྱི་དམྱལ་བར་ལྷུང་བའི་སེམས་ཅན་རྣམས་ལན་གཅིག་དམྱལ་བའི་གནས་ནས་སྡུག་བསྔལ་མྱོང་མི་དགོས་པར་ཕྱིར་ཐར་བ་ཡིན་ཅེས་འདི་ལྟར་ཤོད་སྲོལ་ཡོད། དེ་ནས་མ་ཡུམ་དེ་ཉིད་ཡང་ཉི་ཚེ་བའི་དམྱལ་བར་སྐྱེས་པ་རྟ་ནག་རྒྱང་མཁར་བཅུ་དཔོན་ཚང་གི་སྒྱིད་པུའི་འོག་ཏུ་སྡིག་པ་རྭ་ཙ་ཞིག་གི་ལུས་བླངས་པ་དེ་ཉིད་ཇོ་བོ་སྨྲྀ་ཏིས་མངོན་མཁྱེན་གྱིས་གཟིགས་ནས་རྟ་ནག་རྒྱང་མཁར་གྱི་སྒྱིད་པུའི་འོག་ཏུ་ཡོད་པ་དེ་འདྲེན་པའི་ཆེད་དུ་གཙང་རྟ་ནག་རྒྱང་མཁར་བཅུ་དཔོན་གྱི་ཁྱིམ་དུ་གཡོག་པོར་ཕེབས་པས།དཔོན་ཚང་དེར་གཡོག་པོ་ལ་བཞུགས་པའི་རིང་ལ་དཀའ་ངལ་ཧ་ཅང་མང་པོ་མྱང་ཞིང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཁྱིམ་ལས་ཀྱང་མང་པོ་ཞིག་གནང་དགོས་པ་དང་། དེ་བཞིན་ཉིན་མོ་ལུག་རྫིར་ཕེབས་དགོས་པ་ལ་སོགས་མདོར་ན་རྟ་ནག་རྒྱང་མཁར་བཅུ་དཔོན་ཚང་དུ་གཡོག་པོར་བཞུགས་རིང་ཁོང་ལ་དགོད་བྲོ་བ་གསུམ་དང་། ངུ་བྲོ་བ་གསུམ་གྱི་གཏམ་རྒྱུས་ཀྱང་བཤད་རྒྱུ་ཡོད།
དེའང་དགོད་བྲོ་བ་གསུམ་ནི། ཁོང་དགུན་ཁ་ལུག་རྫིར་ཕེབས་སྐབས་གནམ་གཤིས་ཧ་ཅང་ནས་གྲང་མོ་ཡིན་པར་བརྟེན་ཉིན་ཞིག་ཁོང་གིས་ཞིང་ཁའི་ཚིག་འོག་ཏུ་མེ་བཏང་ཞིང་བཞུགས་སྐབས་གློ་བུར་དུ་རི་བོང་ཞིག་ཀྱང་ཡོང་ནས་ཁོང་དང་མཉམ་དུ་མེ་སྲོ་བསྡད་པར་ཏོག་ཙམ་ཞིག་ནས་རི་བོང་དེ་གཉིད་ཁུག་ནས་མེའི་སར་འགྱེལ་བས་མགོ་བོ་དེ་མེའི་ཕྱོགས་སུ་ཤོར་ཏེ་གདོང་གི་ཁ་སྤུ་སོགས་ཚིག་པས་ཕྱོགས་ཕྱོགས་སུ་རྒྱུགས་པ་གཟིགས་པས་དགོད་བྲོ་བ་དང་། ཡང་ཉིན་ཞིག་མཚོ་སྨད་མཚོའི་ཉེ་འགྲམ་དུ་ལུག་རྫིར་ཕེབས་པས་མཚོ་དེར་གནས་པའི་ཀླུ་ཞིག་གིས་བུད་མེད་མཛེས་མ་ཡིད་དུ་འོང་བ་ཞིག་ཏུ་སྤྲུལ་ནས་རི་དྭགས་གཉན་གྱི་རྭ་ཅོ་ཞིག་གི་ནང་དུ་འོ་མ་བླུགས་ནས་ཁྱེར་ཡོང་བ་དེ་ས་ལ་བཞག་པས་རྭ་ཅོ་དེ་འདྲིལ་ཏེ་འོ་མ་ཐམས་ཅད་ས་ལ་བོར་བས་དེ་ཕྲལ་ཀླུ་དེའང་ངོ་ཚ་ནས་མགྱོགས་མྱུར་ངང་མཚོ་ནང་དུ་མཆོངས་པས་དགོད་བྲོ་བ། ཡང་ཉིན་ཞིག་ཁོང་ལུག་རྫི་གནང་སྐབས་སྔོན་འཕགས་ཡུལ་དུ་བཞུགས་པའི་དུས་སུ་གཞུང་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་བྱས་པ་དེ་རྣམས་བརྗེད་ཡོད་མེད་བརྟག་པས་ཐོས་བསམ་སྒོམ་པའི་ཡོན་ཏན་རྣམས་གཅིག་ཀྱང་མ་བརྗེད་པར་ཐུགས་ལ་བཀྲ་ལམ་མེར་གསལ་བས་དགོད་བྲོ་བ་དང་གསུམ་མོ། །
ངུ་བྲོ་བ་གསུམ་ནི། ཉིན་ཞིག་གི་ཞོགས་པ་བཅུ་དཔོན་གྱི་ནང་ལས་མས་འོ་མ་བཞོ་སའི་ས་དེ་ལ་མཚན་མོ་དེར་ཆར་པ་འབབ་ནས་ཆུས་ཁེངས་ཏེ་རྫབ་ཉོབ་ཆགས་ཡོད་པར་བརྟེན་པཎྜི་ཏ་ལ་བུ་མོ་དེས་མར་སྒུར་སྒུར་བྱས་ནས་ངའི་རྐུབ་སྟེགས་བྱེད་དགོས་ཞེས་ལབ་ནས་ཁོང་གི་བརྒལ་སྟེང་དུ་བསྡད་པས། པཎྜི་ཏའི་ཐུགས་ལ་ང་སྔོན་མ་འཕགས་ཡུལ་དུ་པཎ་གྲུབ་མང་པོའི་ལྷན་དུ་འཆད་རྩོད་རྩོམ་གསུམ་དང་ཆོས་ཀྱི་བགྲོ་གླེང་ལ་རོལ་མྱོང་ཡང་ད་ཆ་བུད་མེད་དེའི་རྐུབ་སྟེགས་བྱེད་དགོས་བྱུང་བ་དེ་འདྲ་སྐྱོ་བ་ལ་ཨང་སྙམ་ནས་ངུ་བྲོ་བ་དང་། ཡང་པཎྜི་ཏ་ཉིན་མོ་ལུག་རྫིར་ཕེབས་ནས་དགོང་མོ་ཁྱིམ་དུ་སླེབས་པ་དང་བཅུ་དཔོན་ཚང་གི་ཡོས་འཐག་དགོས་པས་མཚན་མོ་དེར་ཡོས་འཐག་སྐབས་སྐུ་ལས་ཁག་ནས་ཁྱུག་ཙམ་གཉིད་ལ་ཡུར་ནས་དབུ་རང་ཐག་གི་རྡོའི་སྟེང་དུ་ཐུག་པས་ལས་རོགས་མ་དེས་ཡོས་བོར་མ་སོང་ངམ་ཞེས་དྲིས་པས་པཎྜི་ཏའི་ཐུགས་ལ་ང་རང་གི་མགོ་ལས་ཡོས་དེ་རྩ་ཆེ་བ་འདི་འདྲ་སྐྱོ་བ་ལ་ཨང་སྙམ་ནས་ངུ་བྲོ་བ། ཡང་ཉིན་ཞིག་ལུག་རྫིར་ཕེབས་སྐབས་བྱ་ཁྲུང་ཁྲུང་ཞིག་བྱ་གླག་གིས་བསད་ནས་ཁྲུང་ཁྲུང་དེའི་རོ་དེ་ཁོང་གི་སྐུ་མདུན་དུ་ལྷུང་བས་ཁོང་གི་ཐུགས་ལ། ཁྲུང་ཁྲུང་ཁྱོད་ཀྱང་ས་མཐའི་བྱ། །ང་ཡང་ས་མཐའི་མི་ཞིག་ཡིན། །འུ་གཉིས་གཉིས་པོའི་ལས་དབང་ནི། །ཅི་འདྲའི་སྐྱོ་བ་ཞིག་རེད་ཨང་། །སྙམ་ནས་ངུ་བྲོ་བ་དང་གསུམ་མོ། །
དེའི་རྗེས་སུ་ཞོགས་པ་ཞིག་ལ་གྲོང་ཚོ་འདིར་སྦྱིན་བདག་རྣམས་ཀྱིས་གདན་ཞུ་བྱས་པའི་ལོ་ཙཱ་བ་ཞིག་ཆོས་འཆད་པར་ཕེབས་ནས་དུང་དང་རྒྱ་གླིང་གིས་ཕེབས་བསུ་བྱས་ཏེ་ཁྲི་མཐོན་པོ་ཞིག་གི་སྟེང་ནས་ཆོས་འཆད་པ་པཎྜི་ཏས་གཟིགས་པས། གློ་བུར་དུ་ཁོང་གི་ཐུགས་ལ་སྐྱོ་སྣང་ཆེན་པོ་ཞིག་སྐྱེས་ཏེ་སྔ་མོ་རང་ཉིད་ནི་ལོ་པཎ་པཎ་གྲུབ་རྣམས་ཀྱི་དབུས་ན་མངོན་པར་མཐོ་བ་ཞིག་ཡིན་ཀྱང་ད་ཆ་ནི་ཡུལ་དུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་པས་རང་ཉིད་ལུག་རྫིར་འགྲོ་དགོས་པ་དེ། དེ་འདྲའི་ཐབས་སྐྱོ་པོ་ཞིག་རེད་དགོངས་ནས་ཐུགས་ལ་མི་འདོད་པའི་སེམས་ཕམ་དྲག་པོ་ཞིག་བྱུང་བར་བརྟེན་དེ་ཕྲལ་ཁོང་གིས་ལཉྩའི་ཡི་གེའི་ཐོག་ནས་སྙན་རྩོམ་ཞིག་བྲིས་པ་ནི། རི་བོང་འཛིན་པ་རྒྱུ་སྐར་འཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་འདི་དོར་ནས། །དྭངས་པའི་ཆུ་ནང་འདི་ན་ཟླ་བ་བཞིན། །གཟུགས་ལ་ཚད་མར་འཛིན་པ་བྱིས་པའི་བློ། །ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་གཅིག་བྲིས་ནས་རྟ་ནག་རྒྱང་མཁར་བཅུ་དཔོན་ཚང་གི་ལུག་རའི་སྒོའི་ཡ་ཐེམ་ལ་སྦྱར་བས། ཉིན་ཞིག་བཅུ་དཔོན་ཚང་ལ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་ཕེབས་ནས་ཡི་གེ་དེ་མཐོང་བས་བཅུ་དཔོན་ཚང་ལ་ཡི་གེ་འདི་སུས་བྲིས་པ་རེད་ཅེས་བཀའ་དྲི་གནང་བས། སྦྱིན་བདག་ནས་འདི་ནི་ངེད་ཚོའི་ཨ་ཕོ་ལུག་རྫིས་བྲིས་པ་རེད་ཅེས་ལན་བཏབ། ལོ་ཙཱ་བའི་ཐུགས་དགོངས་ལ་སྙན་རྩོམ་འདི་ནི་ངེད་ཀྱི་བླ་མ་པཎྜི་ཏ་ཆེན་པོ་ཇོ་བོ་སྨྲྀ་ཏི་ཛྙཱ་ནས་བྲིས་པའི་ལཉྩའི་ཡིག་གཟུགས་དང་གཅིག་མཚུངས་རེད་བསམ་ནས། སྦྱིན་བདག་དེ་ལ་ཡང་བསྐྱར་དྲིས་ནས་ཨ་ཕོ་ལུག་རྫི་ད་ལྟ་གར་སོང་དྲིས་པར་སྦྱིན་བདག་ནས་ལུག་འཚོ་བར་ཕྱིན་སོང་ད་ཡོང་གྲབ་ཡོད་རེད་ཅེས་ལན་བཏབ། དེ་ནས་ལོ་ཙཱ་བས་ཨ་ཕོ་ལུག་རྫི་དེ་བསྒུགས་ནས་བསྡད་ཀྱང་མ་སླེབས། སང་ཞོགས་སྔ་བར་གཤེགས་ཀྱང་མ་མཇལ་བར་ལན་དུ་མའི་མཐར་མཇལ་བས། ལུག་རྫི་དེ་ནི་ཏག་ཏག་རང་གི་དྲིན་ཆེན་བླ་མ་པཎྜི་ཏ་ཆེན་པོ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཡིན་པས། ལོ་ཙཱ་བ་ནི་ཧ་ལས་ཧོན་ཐོར་ཏེ་བཤུམས་ནས་བླ་མར་འདི་ལྟ་བུའི་འོ་རྒྱལ་བ་ལ་ཞུས་པས། པཎྜི་ཏའི་ཞལ་ནས་ངས་མའི་དོན་དུ་འདི་ལྟར་བྱས་པ་ཡིན་གསུངས། ལོ་ཙཱ་བས་མ་གར་ཞུས་པས། འདི་ནའོ་གསུང་ནས་སྒྱིད་པུར་མཛུབ་མོ་བཙུགས་ཏེ་ལོ་རྒྱུས་རྣམས་གསུངས་པས། དེར་ལོ་ཙཱ་བས་ཁོང་རང་གི་གསེར་གྱིས་སྒྱིད་པུ་དེ་ཉོ་དགོས་སྙམ་ནས་བཅུ་དཔོན་ཚང་ལ་གསེར་སྤྲད་པས། དེ་སྐབས་དཔྱལ་ལོ་ཙཱ་བ་རྒྱ་གར་ནས་འཁོར་ཏེ་ཀུན་གྱིས་དད་མོས་ཆེན་པོ་ཡོད་པས། བཅུ་དཔོན་ཚང་ནས་ཀྱང་གསེར་མ་ལེན་པར་པཎྜི་ཏ་ལ་བཟོད་གསོལ་དང་སྦྲགས་ལུག་རྫི་གནང་བར་གླ་ཆ་གང་དགོས་ཀྱང་ཕུལ་ཆོག་ཅེས་ཞུས་པས། ཇོ་བོ་སྨྲྀ་ཏིའི་ཞལ་ནས་ངས་ལུག་རྫི་བྱས་པར་གླ་ཆ་གང་ཡང་མི་དགོས་འོན་ཀྱང་ང་ལ་རེ་བ་ཆེན་པོ་གཅིག་ཡོད་པས་དེ་ཁྱོད་ཀྱིས་སྒྲུབས་རོགས་བྱེད་ཅེས་གསུངས་པས། བཅུ་དཔོན་ནས་དེ་ག་རེ་ཡིན་གསུངས་དང་བྱས་པས། པཎྜི་ཏས་ངའི་རེ་བ་དེ་ནི་ཁྱེད་ཚོའི་སྒྱིད་པུ་དེ་བཤིག་ཏུ་བཅུག་རོགས་ཞེས་ལན་བཏབ་པར། དེ་ལ་བཅུ་དཔོན་གྱིས་དེ་ནི་ཡོང་གི་མ་རེད་གང་ལགས་ཤེ་ན། ངེད་ཚོའི་སྒྱིད་པུ་དེ་ལ་བླ་མ་བཟང་གསུམ་མང་པོས་རབ་གནས་གནང་ཡོད་པས་དགོངས་ཚོམ་མེད་པར་ཞུ་བྱས་པས། པཎྜི་ཏས་སྔར་གྱི་བླ་མ་རྣམ་པས་རབ་གནས་གནང་བ་ལྟར་ངས་ཀྱང་སྒྱིད་པུ་དེ་དང་གཅིག་པ་བཟོས་ནས་རབ་གནས་ཀྱང་དེ་འདྲ་ཡོང་བར་བྱེད་ཆོག་མ་གཞི་ནས་སྒྱིད་པུ་འདི་གཏོར་དགོས་དོན་ནི་ངེད་ཀྱི་ཨ་མ་སྡིག་པ་རྭ་ཙར་སྐྱེ་བ་བླངས་ནས་ད་ལྟ་སྒྱིད་པུ་འདིའི་འོག་ཏུ་ཡོད་ཚུལ་གྱི་ལོ་རྒྱུས་རྣམས་གསུངས་པས། གཞི་ནས་སྦྱིན་བདག་གིས་མོས་མཐུན་བྱས་ཏེ་སྒྱིད་པུ་དེ་ཕྱེད་ཙམ་སྟོར་བའི་འོག་ན་སྡིག་པ་ཆེན་པོ་ཞིག་གི་ལུས་ལ་སྡིག་ཕྲུག་ཆུང་ཆུང་དགུས་ལུས་ཕྱེད་ཙམ་ཟོས་ནས་ཡོད་པ་དངོས་སུ་མཐོང་། དེ་ནས་པཎྜི་ཏས་ངན་སོང་དོང་དཀྲུག་གི་ཆོ་ག་ལ་སོགས་མཛད་པས་སྡིག་པ་དེ་དག་གི་ལུས་ལ་འཇའ་ཟུག་པ་སོགས་ཀྱི་རྟགས་ཚན་མང་པོ་བྱུང་བ་མི་ཀུན་གྱིས་མཐོང་། དེ་རྗེས་པཎྜི་ཏས་སྒྱིད་པུ་དེ་སླར་བཟོ་གནང་ནས་སྒྱིད་པུ་དེའི་ཟུར་རྣམས་ལ་སཱཙྪ་ཆེན་པོ་རེ་བཙུགས་ནས་དེ་ལ་སྟོར་སྐྱོན་མི་ཡོང་བར་བདག་གཅེས་ཡག་པོ་བྱེད་དགོས་པའི་ཞལ་ཏ་ཡང་གནང་། དེ་ཕྲལ་བཅུ་དཔོན་གྱི་ཟ་དཔོན་དེས་མ་འོངས་པར་བཅུ་དཔོན་གྱི་ཁྱིམ་བརྒྱུད་དེ་གང་འདྲ་ཡོང་མིན་གྱི་ལུང་བསྟན་ཀྱང་ཞུས་པར། ཇོ་བོ་སྨྲྀ་ཏིས་མི་རབས་འདི་ལ་སྐྱོན་ཆེར་མེད་ཀྱང་མི་རབས་རྗེས་མར་ཆ་མ་མཆིས་གསུངས།
དེ་ནས་མི་རབས་རྗེས་མར་དཔོན་ཚང་དེའི་མནའ་མས་ཞོགས་པ་སྔ་མོ་ནས་ལངས་ཏེ་སྒྱིད་པུ་དེར་མེ་བཏང་ཏེ་རྫ་ཡི་ཁོག་ལྡིར་དེ་དག་སྤོ་ལེན་བྱེད་སྐབས་ཐབ་ཆས་ཚང་མ་རྫ་ལས་བཟོས་པ་ཤ་སྟག་དང་། ཞོགས་པ་སྔ་མོ་ཡིན་པར་བརྟེན་སྒྱིད་པུ་དེའང་ནག་ཁུང་ཡིན་པས་རྫ་ཁོག་མང་པོ་ཞིག་སྒྱིད་པུ་དེའི་ཟུར་ལ་བཙུགས་པའི་སཱཙྪ་ཆེན་པོ་དེ་དག་ལ་ཐུག་ནས་རྫ་ཁོག་མང་པོ་ཞིག་ཆག་པ་ལ་བཅུ་དཔོན་ནས་མནའ་མར་བཀའ་སྐྱོན་ཕབས་པས། ཉིན་ཞིག་གི་ཞོགས་པ་མནའ་མ་དེ་ཡང་བསྐྱར་རྫ་ཡི་ཁོག་མ་སྤོ་ལེན་བྱེད་དུས་རྫ་ཁོག་ཞིག་སཱཙྪ་ལ་ཐུག་ནས་རྫ་ཁོག་དེ་ཆག་པས་མནའ་མ་དེ་ཁོང་ཁྲོ་དྲག་པོ་ལངས་ནས་ཞོགས་པ་ཆུ་ལེན་པར་འགྲོ་དུས་སཱཙྪ་དེ་དག་བཀོག་ནས་པང་གདན་ནང་དུ་ཁྱེར་ཏེ་རྟ་ནག་སྟོང་ཆུ་ལ་འཕེན་པས་སཱཙྪ་དེ་དག་དེ་མ་ཐག་བྱ་སྲེག་པ་ལ་གྱུར་ནས་བྱང་གི་རི་ལ་ཕུར་ཕྱིན་པས་མནའ་མ་དེ་ཧ་ཅང་ནས་ཀྱང་བྲེད་དེ་ཕྲལ་མར་ཁྱིམ་དུ་ལོག་ནས་བཅུ་དཔོན་གྱི་ཟ་དཔོན་ལ་གནས་ཚུལ་དེ་རྣམས་བཤད་པས་ཟ་དཔོན་ནས་ད་དེ་ཡག་པོ་མ་རེད། མི་བརྒྱུད་ལ་གོད་ཆག་ཡོང་བའི་ཐན་ལྟས་རེད་ཅེས་ཟེར་ནས་ཞབས་རིམ་ལ་སོགས་མང་པོ་ཞིག་སྒྲུབ་ཀྱང་ཟློག་མ་ཐུབ་པར་དེ་ནས་བཟུང་བཅུ་དཔོན་ཚང་ལ་གོད་ཆག་རིམ་བཞིན་བྱུང་སྟེ་རིག་གནས་གསར་བརྗེའི་གོང་ཙམ་དུ་བཅུ་དཔོན་གྱི་ཁྱིམ་ཚང་དེའི་མི་བརྒྱུད་རྣམས་སྟོང་པར་གྲགས་སོ། །
དེ་སྐབས་པཎྜི་ཏས་ལུག་རྫི་གནང་སྐབས་ཉིན་ཞིག་ལུག་རྣམས་རྟ་ནག་ཇོ་མོ་ལྷ་རིའི་ཤར་འདབས་སུ་བཏང་ནས་ཁོང་རང་ཉིད་རྟ་ནག་ཐུབ་བསྟན་དགོན་པའི་གར་འཆམ་ལ་གཟིགས་པར་ཕེབས་ཏེ་གར་འཆམ་གཟིགས་ཀྱིན་རྡོ་ཡི་ལྡེའུ་དཀར་ནག་གཉིས་ཕར་སྤོ་ཚུར་སྤོའི་ངང་ནས་བཞུགས་པ་བཅུ་དཔོན་གྱིས་མཐོང་བས་དགོང་མོ་ལུག་བཅུག་སྐབས་དཔོན་ཚང་གིས་ཡིད་མ་ཆེས་པར་ལུག་ལ་གྲངས་ཀ་ཐེངས་མང་རྒྱབ་པ་དང་། སང་ཞོགས་དེ་ལའང་གྲངས་ཀ་ཚར་མང་པོ་རྒྱབ་ཀྱང་ལུག་ཆད་ལྷག་མེད་པར་ཚང་བ་ཡིན། གར་འཆམ་གྱི་ཉིན་དེར་མི་ཁ་ཤས་ཀྱི་མཐོང་སྣང་ལ་ལུག་ཁྱུ་དེའི་སྔོན་རྗེས་གཉིས་སུ་སྤྱང་ཀི་དཀར་ནག་གཉིས་འགྲོ་བཞིན་ཡོད་པ་མཐོང་བ་སོགས་ལུག་གི་རྗེས་སུ་ལུག་རྫིར་པཎྜི་ཏ་དངོས་སུ་ཕེབས་མི་དགོས་པའི་གྲུབ་རྟགས་དང་། དེ་བཞིན་ཡང་ཉིན་དེར་ཟ་རྒྱུའི་རྫ་རའམ་རྩམ་པའི་སྤག་གི་ཕུད་རྣམས་ལ་མཆོད་རྟེན་དབྱིབས་ཅན་གྱི་ཐིབ་ཀྱུ་རེ་བཟོས་ནས་རྩྭ་འཇག་མའི་སྟེང་དུ་བསྐོན་ཏེ་སྐལ་ལྡན་ལས་འཕྲོ་ཅན་ལ་རྙེད་པར་ཤོག་ཅེས་ཐུགས་སྨོན་གནང་བཞག་པ་དེ་དག་དུས་ཕྱིས་སུ་སྐལ་ལྡན་གྱི་དད་ལྡན་འགའ་རེ་ལ་དངོས་སུ་རྙེད་པའི་ལོ་རྒྱུས་ཀྱང་ཡོད་དོ། །
དེ་རྗེས་པཎྜི་ཏ་དབུས་སུ་ཕེབས་ཏེ་གླན་ཚུལ་ཁྲིམས་སྙིང་པོ་ལ་སོགས་པར་རིན་པོ་ཆེ་སྤུངས་པ་གསུངས་པས། ཚུལ་ཁྲིམས་སྙིང་པོས་པཎྜི་ཏ་ཁོང་གྲུབ་པ་ཐོབ་པར་ཤེས་ནས་བཞུགས་པར་ཞུས་ཀྱང་མ་གནང་བར་པཎྜི་ཏ་དཔྱལ་ལོ་ཙཱ་བས་ཁམས་སུ་གདན་དྲངས་ནས་ཁམས་ཕྱོགས་སུ་ཕེབས་ལམ་དུ་སྒ་འཛོམས་ཉག་ཏུ་མཆོད་རྟེན་དཔལ་གྱི་ལྷུན་པོ་རྟེན་དང་བརྟེན་པར་བཅས་གསར་བཞེངས་ལེགས་པར་གནང་སྟེ་རབ་གནས་ཀྱང་པཎྜི་ཏ་སྐུ་དངོས་ཀྱིས་མཛད། དེ་ནས་རིམ་བཞིན་འདན་ཁྲ་བོ་ལ་བརྒྱབས་ནས་འདན་ཡུལ་གསེར་འོག་གྲོང་ཚོར་ཕེབས། ཡང་པཎྜི་ཏ་ཁྱིམ་ཚང་ཞིག་གི་ར་རྫི་ཡུན་རིང་གནང་ནས་ཉིན་ཞིག་ཁྱིམ་ཚང་དེའི་སྦྱིན་བདག་ལ་ཐབ་ཀ་གོར་ལྕེ་དེ་ང་ལ་སྦྱིན་རོགས་དེའི་འོག་ཏུ་ངའི་མ་སྐྱེ་བ་བླངས་པའི་སྦལ་པ་ཞིག་སྡུག་བསྔལ་ཚད་མེད་མྱོང་འདུག་གསུངས་པས་ཐབ་ཀ་དེ་པཎྜི་ཏ་ལ་ཕུལ་བས། པཎྜི་ཏས་ཐབ་ཀ་དེ་བཤིག་པས་དེའི་འོག་ན་སྦལ་པ་ཤི་མིན་གསོན་མིན་ཞིག་ཡོད་པ་དེའི་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་རོ། །དེ་སྐབས་པཎྜི་ཏ་ར་རྫིར་ཕེབས་དུས་གསེར་འོག་གི་རི་ཆེན་པོ་དེ་ཉིལ་འགྲོ་བར་མཁྱེན་པས་ཁོང་གིས་འུར་རྡོ་དེས་རི་དེ་བཏགས་ནས་དགོང་མོ་ར་རྣམས་ཁྱིམ་ལ་མར་དེད་ནས་སྦྱིན་བདག་དང་གྲོང་མི་རྣམས་ལ་ང་རང་ཚོ་མགྱོགས་པོར་ལུང་པ་གཞན་དུ་སྤོས་ན་མ་གཏོགས་གསེར་འོག་གི་རི་དེ་ཉིལ་གྲབ་འདུག་ད་ལྟ་ངས་འུར་རྡོས་བཏགས་བཞག་ཡོད་ཡིན་ནའང་ཉིན་བདུན་ལས་བཏགས་ཐུབ་ཀྱི་མ་རེད་ཅེས་གསུངས་པས། ཡུལ་མི་མང་ཆེ་བ་ཡིད་མ་ཆེས་པར་བསྡད་ཁ་ཤས་ཡིད་ཆེས་ནས་ལུང་པ་གཞན་དུ་སྤོས་པའི་མི་བརྒྱུད་དེ་དག་ད་ལྟ་གསེར་འོག་གི་ཡུལ་མི་རྣམས་ཡིན་པར་བཤད། དེ་ནས་ཉིན་བདུན་གྱི་རྗེས་སུ་གསེར་འོག་གི་རི་དེ་ཉིལ་ནས་གྲོང་ཚོ་དེ་དག་ཐམས་ཅད་ས་འོག་ཏུ་བསྣན་པར་མ་ཟད་འབྲི་ཆུའང་ཞག་བདུན་ཕྲག་གཅིག་ཙམ་བཀག་པ་རྒན་རབས་རྣམས་ཀྱིས་ངག་རྒྱུན་དུ་ཤོད་ཀྱི་འདུག །
ཡང་ཉིན་ཞིག་པཎྜི་ཏས་རྡོ་ནག་པོ་ལུག་གི་བགྲོད་པ་ཙམ་ཞིག་འུར་རྡོའི་སྟེང་དུ་བཞག་ནས། རྡོ་དེ་ངའི་འགྲོ་དོན་འབྱུང་སའི་གནས་ཤིག་ཏུ་བོབ་ཅིག་གསུངས་ནས་འུར་རྡོ་དེ་བརྒྱབ་པས་རྡོ་དེ་ད་ལྟ་དྲན་ཐང་ཟེར་བའི་ས་ཆ་དེར་ལྷུང་བས་ཁོང་གིས་ས་ཆ་དེར་དགོན་པ་བཞེངས་ནས། དེའི་མིང་ལའང་དྲན་ཐང་དགོན་པ་དང་ཐང་དེ་ལའང་དྲན་ཐང་ཞེས་པའི་མིང་དེ་ལྟར་དུ་ཆགས། དེ་ནས་ཁོང་སྐུ་ཚེ་སྨད་ལ་དགོན་པ་དེར་བཞུགས་ཏེ་ཆོས་མངོན་པ་གོང་འོག་དང་རྒྱ་གཞུང་མང་པོ་ཞིག་ལོ་ཙཱ་བ་གཞན་ལ་བསྟེན་མི་དགོས་པར་པཎྜི་ཏ་རང་ཉིད་ཀྱིས་སྒྲ་རང་འགྱུར་བྱས་པའི་ཆོས་གཞུང་དང་། སྒྲུབ་ཐབས་གསང་ལྡན་གྱི་སྐོར། གདམས་ངག་རིན་པོ་ཆེ་སྤུངས་པ། སྨྲ་སྒོ་མཚོན་ཆ། མངོན་པ་མཛོད་རྩ་འགྲེལ། འཇམ་དཔལ་གྱི་འགྲེལ་པ་རྒྱས་འབྲིང་བསྡུས་གསུམ་དང་དེའི་སྒྲུབ་ཐབས་ཆ་ལག །སྒེག་རྡོར་གྱིས་མཛད་པའི་འགྲེལ་པ། གདན་བཞི། སྔགས་དོན་རྣམ་གཟིགས། རྣལ་འབྱོར་གྱི་རྒྱུད་དཀྱིལ་ལ་སོགས་པ་མང་པོ་ཞིག་སྒྲ་རང་འགྱུར་དུ་གནང་ཡོད། དེས་ན་པཎྜི་ཏ་ནི་ཕྱི་འགྱུར་གྱི་བསྟན་པའི་སྲོལ་གཏོད་པ་པོའང་ཡིན་ནོ། །
དེ་བཞིན་པཎྜི་ཏ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ནི་འཕགས་ཡུལ་དུ་མཁས་པའི་སྙན་གྲགས་ཆེ་ལ་གྲུབ་པའི་ས་མཐོར་གཤེགས་པ་ཞིག་ཀྱང་ཡིན་པ། རྒྱ་གར་གྱི་པཎ་ཆེན་དཱ་ན་ཤཱི་ལ་བོད་ཡུལ་དུ་མཛད་པ་བསྐྱངས་ནས་ཐ་མ་སྐུ་གཤེགས་ལ་ཉེ་བ་ན་ཁོང་གློ་བུར་དུ་ཐུགས་ཕམ་བྱུང་ནས་ཁོ་བོ་བོད་མ་དག་པའི་ས་ཆ་འདིར་འཆི་དགོས་པ་ཅི་ཡིན་གསུངས་ནས་ཐུགས་མུག་བསྟན་པའི་ཚེ། ཉེ་གནས་ཀྱིས་ཐུགས་གསོའི་ཚུལ་དུ་སྔར་ཡང་རྒྱ་གར་གྱི་པཎ་ཆེན་མང་པོ་ཞིག་བོད་དུ་འདས་པས་སྐྱོན་མེད་ལགས། དེ་ལྟར་ཇོ་བོ་རྗེ་ཨ་ཏི་ཤ་ཡང་འདས་ས་བོད་ཡིན་ལགས་ཞུས་པས། ཨ་ཙ་ར་བཙུན་ཚུགས་བཟང་བ་ལས་ངའི་ཡོན་ཏན་གྱི་བརྒྱ་ཆ་ཡང་མེད་གསུངས། འོ་ན་ཕ་དམ་པ་སངས་རྒྱས་ཀྱང་བོད་དུ་འདས་ཞུས་པས། ཛོ་ཀི་གདམས་ངག་མང་བ་ལས་ངའི་ཡོན་ཏན་གྱི་བཅུ་ཆ་ཙམ་ཡང་མེད་གསུངས། ད་དུང་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཡང་བོད་དུ་འདས་ལགས་ཞུས་པས། པཎ་ཆེན་དཱ་ན་ཤཱི་ལས་ཕྱག་ཐལ་མོ་སྦྱར་ཏེ། འོ་ན་དེའི་ཡོན་ཏན་གྱི་བརྒྱ་ཆ་ཙམ་ཡང་ང་ལ་མེད་པས་ད་ང་བོད་དུ་འདས་ཆོག་པ་གདའ་གསུངས་ནས་ཐུགས་མུག་སངས་པའི་དངོས་བྱུང་གི་ལོ་རྒྱུས་རྣལ་མ་འདི་དག་ལ་དཔག་པ་ཡིན་ནའང་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ནི་མཁས་གྲུབ་གཉིས་ལྡན་གྱི་ས་ལ་གནས་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་པའི་བདེན་དཔང་ཀྱང་བྱེད་ཐུབ། ད་ནི་པཎྜི་ཏ་ཇོ་བོ་སྨྲྀ་ཏི་ཛྙཱ་ནའི་བྱིན་རྟེན་དྲན་ཐང་དགོན་དུ་བཞུགས་སུ་གསོལ་བ་ནི། པཎྜི་ཏའི་སྐུ་ང་འདྲ་མ་དང་། དགོན་གནས་བརྟག་པའི་རྡོ་དྲན་རྡོ། ཕོ་ནད་ལ་ཕན་པའི་ཆུ་རྡོ། བུ་འདོད་པ་ལ་བུ་རྡོ། ནོར་འདོད་པ་ལ་ནོར་རྡོ། འབྱུང་པོར་བསྔོ་བའི་འབྱུང་རྡོ། མུ་སྟེགས་པ་འདུལ་བའི་གཉེན་རྡོ་རྐེ་ཕྲེང་ཅན། ལྷག་པར་དུ་ཇོ་བོ་སྨྲྀ་ཏི་ཛྙཱ་ནའི་སྐུ་གདུང་མཆོད་རྟེན་ལ་སོགས་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་མང་པོ་ཞིག་དུས་ད་ལྟའང་དྲན་ཐང་དགོན་པ་དེར་མཇལ་རྒྱུ་ཡོད་དོ། །

སྐལ་བཟང་ལེགས་བཤད་ཀྱི་ངོ་དེབ་ལས་དྲངས།

 

བརྒྱུད་སྐུལ།

མཆན་སྤེལ།