ཟུར་ཁང་ས་དབང་ཆེ་མོ་དང་དཀར་ཕྱོགས་སྒྲིབ་པའི་སྤྲིན་ནག

ཟུར་ཁང་ས་དབང་ཆེ་མོ་དང་དཀར་ཕྱོགས་སྒྲིབ་པའི་སྤྲིན་ནག
ཟུར་ཁང་ས་དབང་ཆེ་མོ་དང་དཀར་ཕྱོགས་སྒྲིབ་པའི་སྤྲིན་ནག
ངས་པོ་རྒྱལ་མཚན།
བོད་མི་རིགས་ཀྱི་ཡིད་ཡུལ་ནས་གཏན་དུ་བརྗེད་ཐབས་མེད་པའི་དུས་རབས་ཉི་ཤུ་པའི་བོད་ཀྱི་ས་དབང་ཆེན་པོ་༧མི་རྗེ་ཟུར་ཁང་དབང་ཆེན་དགེ་ལེགས་མཆོག་སྐུ་གཤེགས་ནས་བགྲང་བྱ་ཧྲིལ་པོ་ ༤༥ འཁོར་བར་བཀའ་དྲིན་རྗེས་དྲན་སླད་དུ་མཛད་རྗེས་མདོར་བསྡུས་ཤིག་སྤེལ་བར་བྱའོ།།

ཟུར་ཁང་ཁྱིམ་རྒྱུད་ཀྱི་མི་སྣ་སྔ་ཤོས་ནི་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པའི་སྐབས་སུ་བྱུང་བའི་ཟུར་ཁང་པ་གུ་ཡང་ཁ་ཤ་ཁ་ཟེར་བ་ཞིག་ཡིན་པ་དང་། གང་དེས་གཞུང་ས་ཆེན་པོའི་ཞབས་པད་བགྱིས་པ་དང་། ལྷོ་མོན་གཡུལ་འདྲེན་ནང་ཞུགས་ནས་རྫོང་ཁ་ཤས་ཚུར་བླངས་པའི་བྱས་རྗེས་བཞག་རྐྱེན། བསམ་གྲུབ་སྒང་དང་ཁུ་རིང་། སྣེའུ། སྤང་ཆུང་། དགོན་གསར་སོགས་འདོན་བཅུ་སྐོར་ཟུར་ཁང་པར་ཇི་སྲིད་བར་གཏན་འཇགས་སུ་གཟིགས་གཟོས་སྩལ་འདུག
ཟུར་ཁང་ཁྱིམ་རྒྱུད་ནི། ཟུར་ཁང་ཞེས་པ་སྔར་ཆོས་རྒྱལ་གྱི་གདུང་བརྒྱུད་མངའ་བདག་འོད་སྲུང་ནས་མཆེད་པ་སྟོད་མངའ་རིས་གུ་གེ་རྒྱལ་པོའི་རྒྱལ་བརྒྱུད་སོར་མོ་དྲ་བས་འབྲེལ་བའི་ངོ་མཚར་ཅན་ཞིག་དབུས་སུ་བྱོན་པར་ས་ཁང་པ་གཞིས་ཀྱི་བདག་རྐྱེན་སྩལ་ཏེ་ཆོས་རྒྱལ་གྱི་གདུང་ལས་ཟུར་དུ་ཆད་པའི་བླ་གདགས་ཀྱི་མིང་ཟུར་ཁང་དུ་གྲགས་ཤིས། དེར་བརྟེན་དེང་དུས་བར་ཟུར་ཁང་པའི་ཐོབ་ཁུངས་སེར་དགའ་གསུམ་གྱི་མངའ་རིས་དང་། གུ་གེ་ཁང་ཚན་ལ་བྱེད་བཞིན་ཐོགམི་རབས་རིམས་པས་གཞུང་ཞབས་མུ་མཐུད་ཞུ་མུར་༧རྒྱལ་མཆོག་དགུ་པ་ལུང་རྟོག་རྒྱ་མཚོ་མདོ་ཁམས་ལྡན་དུ་སྐུ་བལྟམས་ཏེ་གསེར་ཁྲིར་ཕེབས་སྐབས་གཞུང་སའི་བཀའ་འབྲེལ་ལྟར་ཡབ་གཞིས་གསར་འཛུགས་མ་དགོས་པར་རྒྱལ་ཡུམ་སྲས་གསོས་བཅས་ཟུར་ཁང་དུ་ཟླ་བསྒྲིལ་བས་དེ་བས་ཀྱང་གྲགས་ཆེ་བའི་གཟིམ་ཤག་ཅིག་ཏུ་གྱུར།།
ཟུར་ཁང་ས་ཆེན་དམ་པ་དེ་ནི་ཡབ་ཟུར་ཁང་དབང་ཆེན་ཚེ་བརྟན་( རྗེས་སུ་ཟུར་ཁང་ནས་ཟུར་དུ་ཐོན་སྟབས་ཛ་སག་ཟུར་ཁང་ཟུར་པ་)དང་། ཡུམ་ལྷ་རྒྱ་རི་ཆོས་འཛོམས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ས་ཁྱི་༡༩༡༠ལོར་སྐུ་འཁྲུངས། ཁོང་ལ་གཅུང་པོ་གཉིས་ཡོད་པའི་གཅིག་ལ་ལྷ་དབང་སྟོབས་རྒྱལ་( ཁ་དང་གྲ་བཞི་དམག་སྒར་གྱི་མདའ་དཔོན་བྱེད་མྱོང་བ་) དང་། ཆུང་བར་མཁྱེན་རབ་དབང་ཕྱུག་(ཟུར་ཁང་མཁན་ཆུང་)། དེ་བཞིན་གཅུང་མོ་རྒན་པ་རྡོ་རྗེ་གཡུ་སྒྲོན་ (གཡུ་ཐོག་ལྷ་ལྕམ།)དང་ཆུང་བ་ལྷ་སྒྲོན་ (རོང་བྲག་ལྕམ།)བཅས། གཅུང་པོ་གཉིས་དང་གཅུང་མོ་གཉིས་བཅས་སྐུ་མཆེད་བཞི་ཡོད། ཟུར་ཁང་སྲི་གཅོད་ཚེ་བརྟན་དང་ཟུར་ཁང་ཚེ་བརྟན་རྡོ་རྗེ། ཟུར་ཁང་བསོད་ནམས་དབང་ཆེན་སོགས་ཀྱིས་བཀའ་བློན་བྱེད་མྱོང་བས་མི་དྲག་ཅེས་ལྷ་སའི་ནང་གཟིམ་ཤག་ཆེ་ཁག་ཟེར་བའི་མིང་གྲགས་ཡོད་པའི་དཔོན་ཚང་གི་གྲས་ཤིག་ཀྱང་ཡིན་པ་མ་ཟད། བོད་གཞུང་གི་སྐུ་དྲག་སྒེར་པ་རྙིང་ཁུངས་ཤིག་ཡིན།
སོ་ནམ་ལས་ཁུངས་ཀྱི་རྒན་ཨོ་རྒྱན་ལགས་ཀྱི་སྒེར་སློབ་གྲྭ་སྐྱིད་རས་སློབ་གྲྭར་ཟུར་ཁང་ས་ཆེན་མཆོག་དང་མགྲོན་གཉེར་ཕ་ལྷ། ཕྲེང་རིང་རིན་ཆེན་སྒྲོལ་མ་སོགས་དང་ལྷན་དུ་སློབ་སྦྱོང་གནང་།
ཟུར་ཁང་ས་ཆེན་དབང་ཆེན་དགེ་ལེགས་མཆོག་སྐུ་ན་ཆུང་དུས་ནས་སྤྱང་གྲུང་འཛོམས་ལ། ཐུགས་རིག་བཀྲ་བས། བོད་ཀྱི་ཐུན་མོང་རིག་གནས་བརྡ་དག་སུམ་སྙན་སོགས་དོ་སྣང་ཆེན་པོས་ལེགས་པར་སྦྱང་གནང་མཛད་པ་མ་ཟད། ལྷག་པར་དུ་ནང་ཆོས་ལའང་བོད་ནང་གྲགས་ཅན་གྱི་དགེ་བཤེས་དག་ཀྱང་སློབ་དཔོན་དུ་བསྟེན་ཏེ་རིག་གནས་ཀུན་ལ་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་བཅོ་ལྔ་བཅུ་དྲུག་ཙམ་ནས་བོད་གཞུང་གི་ཞབས་སྡོད་ཞུས། སྐུ་ན་གཞོན་དུས་ནས་ཕྱག་ལས་ཅི་ཞིག་གནང་ཡང་དོ་ནན་དང་ཞིབ་ཚགས་པོ་གནང་བ་དང་། གཟིགས་རྒྱ་ཡངས་པས་༸གོང་ས་མཆོག་གི་ཕེབས་བྱམས་འགོ་པར་བསྐོ་བཞག་གནང་ཏེ་ལས་འགན་འཁུར་མུས་ཐོག་མདོ་སྨད་སྤྱི་ཁྱབ་ཀྱི་ལས་བྱ་རིམ་བཞིར་གནས་སྤོས་བསྐོ་གཞག་བྱུང་སྟེ་བཀའ་བསྒྱུར་མཇལ་དར་ཡང་ཕུལ་ཟིན་ནའང་། ཆུ་ལུག་ སྤྱི་ལོ་ ༡༩༤༣ ལོར་བཀའ་བློན་གནང་བྱུང་བ་པད་མ་དོན་གྲུབ་ཀྱི་ཚབ་ལ་ཆབ་སྲིད་ཀྱི་དབུ་འཕང་མཐོ་བའི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་བཀའ་བློན་ཚབ་གསར་བསྐོའི་ཐད་ཟུར་ཁང་དབང་ཆེན་དགེ་ལེགས་མཆོག་དང་། དམག་སྤྱི་ཛ་སག་མདོ་མཁར་བ། ཐའི་ཇི་བསམ་ཕོ་བ། རྩིས་དཔོན་ཀ་ཤོད་པ། རྩེ་ཕྱག་ཞོལ་ཁང་པ་སོགས་དཔོན་རིགས་ཆེ་གྲས་མང་པོ་ཞིག་མཆོག་གསུམ་བདེན་སྐུལ་གྱི་བརྟག་པ་ནན་ཏན་བགྱིས་པར། རིམ་བཞི་ཟུར་ཁང་སྲས་དབང་ཆེན་དགེ་ལེགས་མཆོག་འཕྲལ་ཕུགས་གང་ལའང་བཟང་ཕེབས་བྱུང་སྟབས། སྔར་ལམ་ལྟར་བཀའ་ཤག་ནས། ཐེངས་དེའི་བཀའ་བློན་གསར་བསྐོའི་འཆར་གཞི་དངོས་གཞིའི་འོས་དང་པོ་ཟུར་ཁང་དབང་ཆེན་དགེ་ལེགས་ཆགས། དེ་ནས་རིམ་པས་ཤེས་འཇོན་ལྷག་གསུམ་ལྡན་ཞིང་སྤྱང་གྲུང་ཡ་རབ་ལྡན་པའི་ཟུར་ཁང་དབང་ཆེན་དགེ་ལེགས་མཆོག་བཀའ་བློན་དུ་གསར་བསྐོས་གནང་སྟེ་ཟླ་ ༦ ཚེས་ ༡༤ ཉིན་བཀའ་བློན་གསར་པ་ཁྲི་འདོན་གྱི་མཛད་སྒོ་སྔར་ལམ་གཞིར་བཟུང་གཟབ་རྒྱས་གནང་། སྤྱི་ལོ་ ༡༩༤༣ ལོ་ནས་སྤྱི་ལོ་ ༡༩༦༠ ལོའི་བར་གཞིས་བྱེས་གཉིས་ཀྱི་ནང་གཞུང་དོན་རྐང་འགན་བདག་གིར་བཞེས། ས་ཆེན་མཆོག་ནི་བཀའ་བློན་ནང་ནས་མཐོང་རྒྱ་དང་ཐོས་རྒྱ་ཆེ་ཤོས་ཀྱི་གྲས་ཡིན་པ་མ་ཟད་། ཡིག་གཟུགས་འདོན་དག་གསུམ་དང་སྙན་རྩོམ་སོགས་རིག་གཞུང་གི་ཆུ་ཚད་ཀྱང་དྲག་ཤོས་གྲས་ཡིན་ལ་ཕ་མར་བསྙེན་བཀུར་ཅན་གྱི་སྐྱེས་བུ་ཡ་རབས་ལྡན་པ་ཞིག་ཀྱང་ཡིན་ཏེ། ཉིན་ལྟར་བཀའ་ཤག་ཏུ་ཕེབས་སྐབས་དྲུང་ཆས་དང་ཏོག་ཞྭ་ཆ་ཚང་མཆོད་ཟིན་རྗེས་གཟིམ་ཆུང་ནས་ཐོན་ཏེ་ཡུམ་ཆེན་བཞུགས་སར་ཕེབས་ནས་”ཨ་མ་ལགས། ང་བཀའ་ཤག་ལ་ལས་ཀར་འགྲོ་གི་ཡིན་”ཞེས་ཞུ་བ་དང་། དགོང་དྲོ་ཕྱག་ལས་གྲོལ་ནས་གཟིམ་ཁང་དུ་ཕེབས་འཕྲལ་ཤར་རྒྱག་ཡུམ་ཆེན་གྱི་གཟིམ་ཆུང་ལ་བཅར་ཏེ། “ཨ་མ་ལགས་བཀའ་ཤག་གྲོལ་སོང་”ཞེས་སྙན་གསེང་ཞུས་རྗེས་གཞི་ནས་རང་གི་གཟིམ་ཆུང་དུ་ཕེབས་ནས་ན་བཟའ་རྣམས་བརྗེ་བོ་བསྐྱོན་གྱི་ཡོད། སྤུན་ཉེ་ཀུན་བཟང་རྩེ་ཛ་ཚག་ཟུར་ཁར་གཞིས་ཀར་ཕེབས་སྐྱབས་ཨ་ཁུ་ལགས་ཞེས་ཕེབས་བསུ་གུས་འདུད་དང་བྲེལ་གྲལ་འགོར་བཞུགས་སུ་འཇུག་ནས་སྲི་ཞུ་ཆེན་པོ་བྱེད་ཀྱི་ཡོད། ས་ཆེན་མཆོག་བཀའ་བློན་ཁྲི་པ་ཡིན་ཡང་གཟིམ་ཤག་ལ་གཞུང་ཞབས་རྒན་གཞོན་སུ་ཞིག་བཅར་ཡང་ཁོང་གིས་ཡ་རབས་གུས་ཞབས་ཆེན་པོས་སྣེ་ལེན་ཞུ་ཡི་ཡོད། “སྤྱི་བཏང་བཀའ་བློན་ཚོའི་སར་དཔོན་རིགས་གཞན་བཅར་སྐབས་ཛ་ཐའི་སོགས་ལ་གདན་སྟེང་ནས་རྐུབ་ཁྱག་ཙམ་མམ། ཡང་ན་སྒུར་ཙམ་བྱེད་པ་ལས། དེ་མིན་མཁན་རིམ་སོགས་ཆེ་གྲས་གཞན་ཚོར་མགོ་ཅོག་ཙམ་གྱི་གུས་ལན་བྱེད་སྲོལ་ལས་མེད། འོན་ཀྱང་ས་ཆེན་མཆོག་གིས་ཛ་སག་དང་ཐའི་ཇི་༼ཛ་སག་དང་ཐའི་ཆི་ཞེས་པ་དེ་ནི་སོག་སྐད་ཀྱི་གོ་མིང་ཞིག་ཡིན། བོད་སྐད་དུ་སྤྱི་དཔོན་ལྟ་བུར་ཟེར།༽ རྒན་གྲས་ཕེབས་ན་གདན་སྟེང་ནས་བཤོལ་ཏེ་བསུ་བ་གནང་བ་དང་། དྲུང་རྩིས་སམ་མཁན་རིམ་གནད་ཆེ་རིགས་ལའང་ཡར་ལངས་པ་སོགས་མདོར་ན་ཚང་མར་རང་ཉིད་བཀའ་བློན་གཞན་ལས་རིམ་པ་དམའ་བ་ལྟ་བུས་གུས་ལན་འཇལ་བ་མ་ཟད། ཐ་ན་དཔོན་རིགས་ཆུང་གྲས་སོགས་ལའང་མར་བཞུགས་ཞེས་འཚམས་འདྲི་བྱེད་པ་སོགས་ཡ་རབས་ཚུལ་ལྡན་ཞིག་ཡིན་སྟབས་མི་ཚང་མས་དགའ་མོས་ཆེན་པོའི་སྒོ་ནས་བསྟོད་བསྔགས་གཏོང་གི་ཡོད།
དགུན་ཁ་བོད་དུ་གངས་གཟིམ་ཤག་ཕན་ཚུན་སྐྱེལ་མཁན་གཏོང་སྐབས་སུ་ཕར་ཕྱོགས་དེས་གངས་ཡིན་པ་མ་ཤེས་པ་བྱས་ཏེ་རིག་པ་བཏང་ནས་གངས་སྐྱེལ་མངོན་མེད་དུ་ནང་མི་གང་ཞིག་གི་ལག་ཏུ་སྐྱེལ་ཐུབ་པ་ཡིན་ན་དེར་གཟིམ་ཤག་དེ་ནས་གསོལ་སྟོན་རྒྱས་པ་ཞིག་གཏོང་སྲོལ་ཡོད། ཡང་གངས་སྐྱེལ་མཁན་གྱི་མི་དེ་འཇུ་བཟུང་ཐུབ་པ་ཡིན་ན་ལུག་ཤ་ལག་པ་གཅིག་གིས་གངས་སྐྱེལ་བ་དེར་ཉེས་རྡུང་གང་འཚམས་གཏོང་བ་མ་ཟད། མགོ་དང་གདོང་ལ་གྲོ་ཕྱེའི་སྐྱོ་མ་ཡང་བྱུགས་ཏེ་ཕྱིར་ལོག་གཏོང་སྲོལ་ཡོད་པ་ཡིན། གངས་སྐྱེལ་གྱི་རྩེད་མོ་དེ་ཐེངས་གཅིག་ཟུར་ཁང་ས་ཆེན་དབང་ཆེན་དགེ་ལེགས་ནས་རྩིས་དཔོན་ཀ་ཤོད་ཆོས་རྒྱལ་ཉི་མར་ངས་ཁྱེད་རང་ལ་སང་ཉིན་ཆུ་ཚོད་བཅུ་པའི་གོང་དུ་གངས་སྐྱེལ་ཕུལ་ཐུབ་པ་ཡིན་ན་ཁྱེད་རང་ནས་ང་ཚོར་གསོལ་སྟོན་རྒྱས་པ་ཞིག་གནང་རྒྱུ་དང་། དེ་ལྟར་ངས་གངས་སྐྱེལ་དུས་ཐོག་ཏུ་ཕུལ་མ་ཐུབ་པ་བྱུང་ན་ངས་ཁྱེད་རང་སྐུ་འཁོར་ཡོངས་ལ་གསོལ་སྟོན་འབུལ་རྒྱུ་ཡིན་ཞེས་གསུངས། དེ་ལྟར་བཀའ་མོལ་བྱུང་བ་ལྟར་སང་ཉིན་དེ་ཟུར་ཁང་ས་ཆེན་གྱིས་གཡོག་པོ་ཞིག་ལག་ཏུ་མདའ་དར་བསྐུར་ནས་ཀ་ཤོད་པའི་གཟིམ་ཤག་གི་ཟུར་ནས། མགོ་རྡོག་ཙམ་རྡོག་ཙམ་བྱེད་དུ་བཅུག ཀ་ཤོད་པས་མི་དེ་མཐོང་བའི་སྐབས་སུ་ཚང་མས་སྤྱང་གྲུང་དོད་པོའི་ཐོག་ནས་ལུག་ཤ་ལག་པ་དང་། གྲོ་ཕྱེའི་སྐྱོ་མ་སོགས་ཨང་གསར་གྱིས་སེམས་ཕྱོགས་དེ་ག་རང་ལ་བཏང་སྟེ་སྒུག་སྡོད་པའི་སྐབས་སུ། ཟུར་ཁང་ས་ཆེན་གྱིས་ཟུར་དུ་གྲ་སྒྲིག་བྱས་པའི་རྩིས་ཁང་དུ་རྒྱུ་རྐྱེན་ཞུ་མཁན་ཡིན་ཁུལ་གྱི་གྲྭ་པ་ཁ་ཤས་ཆུ་ཚོད་དེ་ཙམ་གྱི་སྐབས་སུ་ཀ་ཤོད་པའི་གཟིམ་ཤག་ཏུན་བཅར་བས་ཀ་ཤོད་པ་ཐུགས་གཡེང་ནས་གྲྭ་པ་རྣམས་དང་མཇལ་འཕྲད་གནང་། ཁོང་ཚོས་ལུག་ཤ་ཁོག་གཅིག་གི་ནང་དུ་གངས་བླུགས་ཡོད་པ་དེ་ཀ་ཤོད་ལ་ཕུལ་ནས་རྒྱུ་རྐྱེན་རྣམས་ཞུས་ཟིན་པའི་རྗེས་སུ་ཀ་ཤོད་ནས་མཇལ་དར་ཕྱིར་ལོག་གནང་། གྲྭ་པ་རྣམས་ཕྱིར་ལོག་ཟིན་པ་དང་དུས་མཚུངས་པར་ཀ་ཤོད་གཟིམ་ཤག་གི་རྩིག་ཟུར་ན་ཡོད་པའི་ཟུར་ཁང་ས་ཆེན་གྱི་ཞབས་ཕྱི་ལག་ཏུ་མདའ་དར་འཁྱེར་བ་དེ་གཞི་ནས་ཡོང་བའི་སྐབས་སུ་ཀ་ཤོད་ནང་གི་མི་རྣམས་ཀྱིས་ཟུར་ཁང་གི་ཞབས་ཕྱི་མདའ་དར་འཁྱེར་བ་དེ་འཇུ་བའི་སྐབས་སུ་ཞབས་ཕྱི་དེས་ང་གངས་སྐྱེལ་ཕུལ་བར་ཡོང་བ་མིན། ང་མདའ་ཡིག་འདི་ཕུལ་བར་ཡོང་པ་ཡིན་ཞེས་ཞུས་ནས་མདའ་ཡིག་དེ་ཕུལ། མདའ་ཡིག་དེ་ལ་ཁ་སང་ངོ་མཇལ་སྐབས་བཀའ་མོལ་བྱུང་བ་བཞིན་ད་ནངས་དགེ་འདུན་པ་རྣམས་ཀྱིས་ལུག་ཁོག་གཅིག་གི་ནང་གངས་སྐྱེལ་ཕུལ་ཡོད་པ་ཕྱག་སོན་བྱུང་ཤག་རེད་ཅེས་འཁོད་ཡོད་པར་ཀ་ཤོད་པ་ཁོང་ཚོ་ཧང་སངས་ནས་ཟུར་ཁང་ས་ཆེན་གྱི་སྐུ་འཁོར་ལྷན་རྒྱས་དང་དེ་མིན་ཕྲེང་རིང་རིན་ཆེན་སྒྲོལ་མ་སོགས་ལ་གསོལ་སྟོན་རྒྱས་པོ་ཞིག་འབུལ་དགོས་པ་བྱུང་།
སེར་སྐྱ་དྲག་ཞན་མང་པོ་ཞིག་གིས་རང་གི་ཞུ་དོན་སྒྲུབ་ཕྱིར་བཀའ་བློན་རྣམས་ལ་དངོས་པོའི་མཇལ་ཞུ་དང་། དངུལ་གྱི་སྐྱབས་རྟེན་འབུལ་དགོས་པ་ནི་༼སྔར་གྱི་སྤྱི་སྲོལ་ལྟར་༽ལུགས་མཐུན་ལྟ་བུ་ཞིག་ཆགས་ཡོད་མོད། འོན་ཀྱང་ས་ཆེན་མཆོག་གིས་མཇལ་རྟེན་དངོས་པོའི་རིགས་ལེན་པ་ལས། དོན་ཞུའི་སྐྱབས་རྟེན་དངུལ་དངོས་རྣམས་སྤྱིར་བཏང་ཕྱིར་སློག་ནན་པོ་མཛད་ཀྱི་ཡོད། “ད་དུང་ཁྲལ་པ་མི་སེར་གྱི་རིགས་ཡིན་ན་ཁོང་ཚོར་སྤམ་མཐོ་བའི་འབུལ་ཚན་སྐྱེལ་རྒྱུ་མེད་པས་ངེས་པར་ཕྱིར་སློག་བྱེད་པ་མ་ཟད། ངག་འཇམ་ངང་རིང་གིས་རྒྱུ་རྐྱེན་རྣམས་ཞིབ་ལྷོད་ཉན་རྗེས། སྙིང་རྗེ། སྙིང་རྗེ། རོགས་ཕན་གང་ཐུབ་བྱས་ཆོག་ཅེས་དབུགས་དབྱུང་བྱེད་པ་དང་། ད་དུང་འཁོས་ཞན་ལ་ལར་གཉེར་ཚང་ནས་རྩམ་པ་དང་ཇ་སོགས་བཟའ་ཆས་སྤྲོད་ཀྱི་ཡོད།
ས་ཆེན་མཆོག་གིས་དབྱིན་སྐད་མཁྱེན་པ་མ་ཟད། དབྱིན་ཇིའི་ལུགས་སྲོལ་ལ་དྭང་འདོད་ཀྱང་ཆེན་པོ་མཛད་མཁན་ཞིག་རེད། གཅུང་པོ་ལྷ་སྟོབས་ལགས་ཀྱིས་དབྱིན་ཇིའི་སློབ་གྲྭར་ཞུགས་མྱོང་བས་དབྱིན་ཡིག་ཧ་ཅང་ཡག་པོ་ཤེས་སྟབས། དབྱིན་ཇི་དང་ཨ་རིའི་ཚགས་པར་དང་། དུས་དེབ། བརྙན་པར་སོགས་བདེ་སྐྱིད་གླིང་ག་བརྒྱུད་ཟླ་རེ་བཞིན་མངགས་ནས་དོན་གཉེར་ཆེན་པོས་ལྟ་ཀློག་གནང་གི་ཡོད་འདུག ཁོང་དང་གཅུང་པོ་གཉིས་ཀྱིས་འཛམ་གླིང་གི་གནས་ཚུལ་ཁག་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད། དེར་བརྟེན་ཁོང་ཉིད་ཀྱིས་ལྟ་བ་ཡང་རྙིང་ཞེན་བག་ཁུམས་དེ་འདྲ་མ་ཡིན་པར་གུ་ཡངས་ཅན་གྱི་ལྟ་གྲུབ་ཡོད་མཁན་ཞིག་ཀྱང་ཡིན་ལ། བོད་ཀྱི་སྤྱི་ཚོགས་རྙིང་པའི་ལམ་ལུགས་ལ་བསུན་སྣང་དང་དགའ་པོ་མེད་པ་མ་ཟད། དཔོན་ཉམས་སྟོན་རྒྱུར་དེ་བས་ཀྱང་དགའ་པོ་མེད་མཁན་ཞིག་ཡིན། བོད་ཀྱི་རིག་གནས་དང་ཆབ་སྲིད་ཐད་ལ་མཁྱེན་རྒྱ་ཡངས་པ་ཙམ་མ་ཡིན་པར། དེང་དུས་ཀྱི་རིག་གསར་ཁག་ལའང་ཐུགས་སྣང་དང་མཁྱེན་རྒྱ་ཟབ་པ་མ་ཟད། ཕྱི་རོལ་གྱི་འཛམ་གླིང་གང་འདྲ་ཡོད་མེད་ཐད་ཕྱག་སྦྲེལ་བཀའ་བློན་རྣམས་ལས་ཐུགས་སྣང་ཆེ་བ་ཡོད་ལ་རྒྱལ་སྤྱིའི་འགྱུས་འགྲོས་དང་མཐུན་པའི་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་སྤོ་རྒྱུར་སྐོམ་པ་ཆུ་འདོད་ལྟར་གྱི་འདུན་པ་མངའ་བའི་སྐབས་དེའི་དུས་ཀྱི་དེང་རབས་ཅན་ཕུལ་བྱུང་གི་མཐོ་རིམ་མི་སྣ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན།
ཤིང་སྤྲེལ་སྤྱི་ལོ་ ༢༩༤༤ ལོའི་སྨོན་ལམ་ཆེ་མོའི་རྗེས་འབྲེལ་རྒྱུག་རིང་གི་སྟ་གོན་”ཟེ་དམ་”ཞེས་པའི་ཞོགས་པར་རྩེ་ཕོ་བྲང་གི་རྒྱབ་ཏུ་རྒྱུག་མ་འགྲན་བསྡུར་གྱི་ཨང་གྲངས་ཤིང་བྱང་ལེན་སྐབས་བཀའ་བློན་བསྟན་པ་འཇམ་དབྱངས་ཀྱི་གཡོག་པོ་དང་བཀའ་གུང་ཕུན་ཁང་གི་གཡོག་པོ་ཕན་ཚུན་ཤིང་བྱང་འཕྲོག་རེས་ཀྱི་འཁྲུག་རྩོད་ཐུག་ནས་ཕུན་ཁང་གི་གཡོག་པོ་མང་ལ་ཧྲག་པས་བསྟན་པ་འཇམ་དབྱངས་ཀྱི་གཡོག་གྲས་ལ་ཉེས་རྡུང་བཏང་བ་རེད། དེ་ནས་ཉིན་ཤས་སོང་རྗེས་རྒྱུག་རིང་དངོས་གཞིའི་ཉིན་བསྟན་འཇམ་གྱིས་གཡོག་གྲས་འཕར་སྣོན་ཐོག འབྲས་སྤུངས་ཀྱི་གྲྭ་པ་རྡོ་རྡོབ་དང་། གྲྭ་བཞིའི་དམག་མི་འགའ་ཤས་བཅས་ལྟད་མོ་བ་ཡིན་ཁུལ་གྱིས་བཏང་བ་དང་། ཕུན་ཁང་གིས་ཀྱང་གཡོག་གྲས་འཕར་སྣོན་བྱས། ཉིན་དེར་སྐུ་འབུམ་ཐང་གི་ཤིང་བྱང་སྤྲོད་སར་སྔར་ལམ་ལྟར་རྒྱུག་རིང་སྤྱི་ཁྱབ་ཛ་སག་གཅིག་དང་། ལས་བྱ་ཤོད་དྲུང་བཞི། ཞོལ་པའི་ནང་ཟན་སོགས་ཡོད་པ་རྣམས་ནས་བདེ་འཇགས་ཡོང་ཐབ་ས་གང་ཡོང་བྱས་རུང་། རྒྱུག་རྟ་སླེབས་ལོང་མེད་པར་ཤིང་བྱང་འཕྲོག་རེས་བྱས་ཏེ་ལམ་སེང་རྒྱག་རེས་ཐུགས་ཅིང་། སྐབས་དེར་བསྟན་འཇམ་གྱི་ཤོག་མི་མང་ལ་ཧྲག་པས་རྡོ་དང་དབྱུག་པས་ཕུན་ཁང་གི་གཡོག་པོར་ཉེས་རྡུང་དྲག་པོ་བཏང་རྐྱེན་འགའ་ཤས་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་རེད། དེར་བརྟེན་བཀའ་བློན་བསྟན་འཇམ་དང་ཕུན་ཁང་གཉིས་བར་འགལ་ཟླ་རྣོ་ངར་ཇེ་ཆེར་གྱུར་སྐབས། ཁྲི་ཟུར་ཟུར་ཁང་མཆོག་དང་བཀའ་བློན་བོན་ཤོད་གཉིས་ཀྱི་བཀའ་བློན་རྣམ་གཉིས་ཀྱི་འགལ་ཟླ་སེལ་རྒྱུའི་ནང་མོལ་བྱས་ཏེ་བོན་ཤོད་ཀྱི་བུ་ཕོགས་དཔོན་དང་ཁྲི་ཟུར་མཆོག་གི་གཅུང་པོ་རྩེ་མགྲོན་གཉིས་བཏང་སྟེ་ཕྱོགས་གནིས་ཀར་དགོངས་སེལ་དང་འབྲེལ་དང་འགྲིག་ཐབས་ཡོང་བའི་བབས་གསེད་ཐེངས་མང་བྱས་མཐར། འདུམ་འགྲིག་བྱུང་སྟེ་བཀའ་བློན་བསྟན་ཕུན་གཉིས་ནས་དཀར་གསོལ་མཚན་འདེགས་ཡིན་ཞེས་དངུང་ཊམ་རྡོ་ ༢༥ རེ་དང་ཁ་བཏགས་ནང་མཚོད་རེ་ཁྲི་ཟུར་མཆོག་དང་བོན་ཤོད་གཉིས་ཕུལ།
ལོ་རེའི་བཀའ་ཤག་ཐུགས་སྤྲོ་གཏོང་རིམ་བཞིན། མི་ཚོགས་མང་ཞིང་ཟིང་ཆེ་བས་སྐུ་དྲག་གཡོག་རིགས་མང་པོ་ཞིག་ཀྱང་མཉམ་དུ་ཁྲིད་ཡོང་གི་ཡོད། སྐུ་དྲག་གཞན་འགས་གཡོག་པོ་ཚོར་བཙོག་སྣང་དང་མཐོང་ཆུང་བྱས་ནས་ཁོང་ཚོར་ལྟོ་གྲོད་ཁོག་རྒྱག་པ་ཟ་རྒྱུ་རེག་མིན་སོགས་འབྱུང་རྒྱུར་བརྟེན། ཁོང་གིས་ཆབ་སྤེལ་སོགས་ལ་ཁྱེད་ཚོས་ཁོང་ཚོའི་གཡོག་རིགས་གཅིག་ཀྱང་མ་ལུས་པར་ལྟོ་ཆས་རྒྱགས་ཚད་སྤྲོད་པ་མ་ཟད། ཁོང་ཚོར་ཆང་སོགས་གང་འདོད་སྤྲོད་རོགས་གནང་ཞེས་སོགས་ཆེད་དུ་མངགས་པར་མཛད་ཀྱི་ཡོད། གཞན་ཡང་ལྷ་སའི་ནང་ལ་ངེས་གཏན་གྱི་ལས་རིགས་གང་ཡང་མེད་པའི་མི་སྣ་དང་སྤྲང་པོ་མང་པོ་ཞིག་ལ་ལས་ཀ་སྤྲོད་པ་དང་། དུས་རྒྱུན་ནས་སྐུ་རྩེད་དང་འབྲེལ་ཏེ་བོད་ཀྱི་སྲིད་དོན་དང་དེ་མིན་གྱི་མི་སྒེར་ཡན་ཆད་ཀྱི་སྐོར་ལ་སྐད་ཆ་གསུངས་གསན་མཛད་པ་སོགས་བོད་ཀྱི་སྤྱི་ཚོགས་གནས་སྟངས་ཧྲིལ་པོ་ལ་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཡིན་པ་མ་ཟད། སྐབས་དེར་ལྷ་སར་གནས་སྡོད་ཁ་ཆེ་པན་ཅབ་ཟེར་བ་དང་། སོག་པོ་བློ་བཟང་། ཧུའེ་རིགས་རྨ་ཀོན་ཡང་སོགས་ལ་བོད་ཀྱི་སྤྱི་ཚོགས་འཕེལ་ཕྱོགས་དང་ད་ལྟ་བོད་ཀྱི་གནས་སྟངས་སྐོར་ལ་བསམ་ཚུལ་བསྡུ་ལེན་གནང་བ་མ་ཟད། སྐབས་རེ་བོད་རྒྱ་གཉིས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བའི་དུས་སུ་མི་མང་གི་བསམ་ཚུལ་མཁྱེན་ཐབས་སླད། ཉིད་ཀྱི་ཞབས་གྲས་མངོན་ཆུང་བ་རེ་ཟུང་ལ་ཆང་རིན་སོགས་སྤྲད་ནས་ལྷ་སའི་ཇ་ཁང་དང་། ཆང་ཁང་། སྦག་ཁང་། ཚོང་ཁང་སོགས་ཀྱི་ནང་ལ་ཆེད་མངགས་གཏོང་གནང་གིས། མི་མང་ནང་བོད་རྒྱ་འབྲེལ་བའི་སྐོར་ལ་བསམ་ཚུལ་གང་འདྲ་ཡོད་མེད་དང་། སྤྱི་ཚོགས་དཀྲུག་ཤིང་གི་སྐད་ཆ་ལྟ་བུ་ཡོད་ན། སྐད་ཆ་དེའི་ཡོང་ས་ཡོང་ཁུངས་སོགས་རྩད་གཅོད་ཐུབ་ཐབས་གནང་ནས་བསམ་གཞིགས་ནན་པོ་གནང་གི་ཡོད་འདུག་པ་སོགས་། མདོར་ན་ཁོང་ནི་བོད་ཀྱི་སྤྱི་ཚོགས་ཧྲིལ་པོར་ཉིན་མཚན་དབྱེ་བ་མེད་པར་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་གྱི་རླབས་ཆེན་གྱི་མིང་དོན་མཚུངས་པའི་སྐུ་དྲག་ཅིག་ཡིན།
རྒྱ་དམར་ཇག་པས་བོད་ལ་བཙན་འཛུལ་སྐབས། སྤྱི་ ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་གཡོ་ཐབས་གང་ཡོད་སྤྱད་ནས་༸གོང་ས་མཆོག་སྐུ་བཀྲོང་རྒྱུའམ་རྒྱ་ནག་ཏུ་བཙན་ཁྲིད་བྱ་རྒྱུའི་ངན་ཇུས་གང་ནུས་འདོན་བཞིན་པའི་སྐབས་སུ། ས་ཆེན་མཆོག་གིས་མགྲོན་གཉེར་ཆེན་མོ་ཕ་ལྷར་བཀའ་ཁྱབ་ཏུ། རྒྱ་མིས་སྔ་ས་སྔོན་ཚུད་ནས་ལྷ་སར་དྲག་གནོན་བྱེད་རྒྱུའི་དམག་དོན་གྲབས་གཤོམ་ཆ་ཚང་བྱས་ཟིན་པས་མ་ཚད། ད་ཆ་མངོན་སུམ་འཛེམ་མེད་ཀྱི་སྒོ་ནས་༸རྒྱལ་བའི་གཟིམ་ཆུང་རང་ལ་ཐད་ཀར་ཚད་བསྒྲིགས་མེ་སྒྱོགས་ཚོད་བལྟ་བྱེད་བབས་དང་། རྒྱ་དམར་འགོ་དམག་ཆེ་ཕྲ་ཚང་མའི་བྱེད་སྤྱོད་སྔ་སོར་མ་གནས་པའི་ཉིན་རེ་བཞིན་གནས་སྟངས་ཇེ་སྡུག་ཕྱིན་དང་འགྲོ་མུས། བཀའ་ཤག་ཏུ་ཕྱི་ནང་གསང་སྙན་ཕུལ་འབྱོར་བྱུང་བ་ཁག་གི་འབྲུ་དོན། ལྷོ་ཁ་བར་སྐུ་ཕྱྭའི་ཉེན་གཡོལ་སླད་གདན་ཞུ་ཆིགས་སྒྱུར་གནང་གཏན་འཁེལ་སོང་བ། འདི་ཐད་གསང་བ་ཧ་ཅང་དམ་པོའི་ཐོག་ནས་ཆིབས་སྒྱུར་གནང་ཕྱོགས་ཕེབས་སྒྲིག་མཛད་འཆར་རྒྱས་བསྡུས་རན་འཚམས་ཇི་འོས་བཀའ་ཤག་ལ་བཀའ་སྐོར་གྲོས་བསྡུར་རྩ་བ་ནས་གནང་མ་དགོས་པར་མགྲོན་གཉེར་ཆེན་མོ་ཕ་ལྷ་ཁྱེད་རང་ནས་ཐུགས་འགན་གཙང་མ་བཞེས་ཏེ་རྣམ་དཔྱོད་བློས་བཅད་ཀྱིས་ཐག་གཅོད་གནང་འཐུས། དེ་ཡང་། ས་ཕག་བོད་ཟླ་ ༢ ཚེས་ ༨ ནང་ཚུད་གྲ་སྒྲིག་ཆ་ཚང་གནང་ཟིན་པ་དགོས་རྒྱུའི་བཀའ་ཁྱབ་གནང་། མདོར་ན་༸གོང་ས་མཆོག་གི་སྐུ་ཚེའི་གནོད་འཚེའི་ཆ་ཙམ་ཡང་མེད་པར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཐུབ་པ་དེ་ཡང་། མི་དབང་འདིས་སྔོན་ཚུད་ནས་འཆར་གཞི་ཞིབ་ཚགས་བཀོད་པ་མ་ཟད། ཕེབས་ལམ་ས་མཚམས་ལ་དབྱེ་ཞིབ་དང་། ས་གནས་གང་དང་གང་དུ་ཞག་ཚུགས་གནང་དགོས་མིན་སོགས་ལའང་བཀའ་བཀོད་ཞིབ་ཚགས་གནང་ཡོད་སྟབས། ས་ཆེན་མཆོག་ནི་བོད་མི་རིགས་ཀྱི་རླབས་ཆེ་ཞིང་བརྗེད་ན་ཕངས་པའི་སྐྱེས་བུ་དམ་པ་ཞིག་ཡིན།
༧གོང་ས་མཆོག་རྒྱ་གར་ས་ཐོག་ཏུ་ཞབས་སོར་འཁོད་མ་ཐག་ཏུ་ཕྱི་ལོ་ ༡༩༥༩་ཕྱི་ཟླ་༤་ཚེས་༢༤ཉིན་བོད་གཞུང་མ་ལག་དང་བཅས་པ་བྱང་ཕྱོགས་མ་སུ་རིར་བཙན་བྱོལ་བོད་གཞུང་དབུ་འཛུགས་གནང་སྟེ་བཀའ་ཤག་ལྷན་ཚོགས་འོག་ཆོས་དོན་དང་། ནང་སྲིད། ཕྱི་སྲིད། ཤེས་རིག དཔལ་འབྱོར་འདུ་འགོད་ལྷན་ཁང་ཁག་ལྔ་དང་། ལས་ཁུངས་ཀྱི་རིམ་པ་དེ་ལས་དམའ་བ་བདེ་སྲུང་དང་། ལྡི་ལིར་བཅའ་བཞུགས་དོན་གཅོད་ལས་ཁུངས་གཉིས་བཅས་བཀོད་སྒྲིག་གིས་བཀའ་བློན་རྣམས་ནས་ལྷན་ཁང་ཆེ་ཁག་གི་ཐུགས་འགན་བཞེས་རྒྱུར་གཏན་འབེབས།ཀྱིས་སྐབས་དེར་ “མི་རྗེ་ཁོང་ནས་བཀའ་བློན་ཁྲི་པ་དང་ནང་སྲིད་བཀའ་བློན་གཅིག་ལྕོག་མཛད་པ་དང་། ཁོང་གི་ཕྱག་རོགས་ལ་མགྲོན་གཉེར་ཕ་ལྷ་བ་ཐུབ་བསྟན་འོད་ལྡན་ཡིན། “༧གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ངོས་ཀྱི་མི་མང་གི་རྨངས་གཞི་ལྟ་བུ་ཟུར་ཁང་ས་ཆེན་གྱི་ཟིན་བྲིས་ཁག་རེད་འདུག”མཆན།
ཕྱི་ལོ་༡༩༦༠ལོའི “སྤྱི་ཟླ་ ༩ ཚེས་ ༢ ཉིན་ནས་རྡ་སར་གཞིས་བྱེས་བོད་མི་ཡོངས་ཀྱི་འཕྲལ་ཕུགས་བདེ་དོན་ཆེད་སྤྱི་འཐུས་འོས་འདེམས་དང་། ལས་བྱེད་རྒྱས་འཛོམས་ཚོགས་ནས་འོས་བསྡུའི་སྐོར་དང་སྦྲགས་ལས་བྱེད་སྒྲིག་གཞི་གསར་བཟོ། མཛད་སྒོའི་ཚོགས་ཆེན་སར་བཅར། དེའི་ནང་གཞུང་ཞབས་ཆེ་ཕྲ་ཡོངས་རྫོགས་དང་། སེར་སྐྱ་མི་དམངས་ཀྱི་འགན་གཙོའམ་མི་འཐུས་བཅས་ཞུགས་ཡོད། སྐབས་དེར་གསོལ་ཇ་བཞེས་འབྲས་བཏེག་ཚར་མ་ཐག་ཏུ་སྔོན་ནས་གྲ་སྒྲིག་བྱས་ཟིན་པའི་ལས་འགུལ་དངོས་སུ་འགོ་བཙུགས་ཏེ་མདོ་སྟོད་སྤྱི་འཐུས་ལི་ཐང་འཇང་ས་ཆོས་མཛད་ཚེ་རིང་མགོན་པོས་ཡར་ལངས་ཏེ་བཀའ་བློན་ཟུར་གཡུ་གཉིས་ནས་དུས་རྒྱུན་གཞུང་གི་ལས་དོན་འཐུས་ཤོར་འགྲོ་ཚུལ་སོགས་གཞི་མེད་ཀྱི་སྐྱོན་བརྗོད་མང་དག་གཅིག་བྱས་སྟབས། ས་ཆེན་མཆོག་དང་སྐུ་ངོ་གཡུ་ཐོག་གཉིས་ནས་གཞུང་དོན་འཐུས་ཤོར་ཇི་བཏང་ར་སྤྲོད་འཕེར་བའི་ཁུངས་སྐྱེལ་གནང་དགོས་ཞེས་ནན་པོ་གསུངས་པར་སུ་ཞིག་ནས་ཀྱང་ཁུངས་སྐྱེལ་གནང་ཡག་མེད་ཙང་ཁྱི་ཁ་སྐྱེང་ནས་ཆུ་འདག་ཅེས་པ་ལྟར་མི་ངན་དེ་ཚོས་ཚོགས་འདུ་དེ་ནས་”བཀའ་བློན་ཟུར་གཡུ་གཉིས་བཀའ་ཤག་གི་ཕྱག་ལས་གནང་མི་དགོས། སྐབས་རེ་བཀའ་ཤག་ལ་ལམ་སྟོན་བཀའ་སློབ་འབུལ་མཁན་གནང་ན་འགྲིགས་”ཅེས་ས་ཆེན་མཆོག་དང་སྐུ་ངོ་གཡུ་ཐོག་གཉིས་ལ་ཕྱག་ལས་གནང་ཡུལ་སྤྲད་མེད།
ངོ་མ་སྐབས་དེ་དུས་ཁོང་ཚོར་ས་ཆེན་མཆོག་དང་སྐུ་ངོ་གཡུ་ཐོག་གཉིས་ཀྱིས་ལས་དོན་འཐུས་ཤོར་བཏང་བི་དཔང་རྟགས་རྒྱུ་མཚན་དང་བཅས་དྲང་དོན་གྱི་ལམ་ནས་སྟོན་རྒྱུ་ཡོད་ན་སྟོན་དགོས་ཀྱང་ཁོང་ཚོའི་དཔང་རྟགས་ནི་བོང་བུ་རའི་གཉེན་ལྟ་བུ་ཤོག་པོ་དཀར་པོའི་སྟེང་ལ་ཡི་གེ་ནག་ཐིག་གཅིག་ཀྱང་སྟོན་རྒྱུ་མེད་པར་ཚང་མས་མགོ་བོ་རྨད་དེ་བསྡད། འདི་ལྟར་རྒྱུ་འབྲས་ཆུ་ལྟར་རྙོག་ཅིང་ཁོག་པ་རྒྱ་སྨྱུག་བུག་ལས་དོག་པའི་མི་ངན་འགའ་རེས། མཐོ་རིམ་ཞེ་ནག་ཅན་ལ་ལའི་བཀོད་བྱུས་ལྟར་བོད་ལ་བཀའ་དྲིན་ཆེ་བའི་མི་དབང་འདིར་མཐོ་རྩོམ་པའི་སྟ་གོན་ལ་ཞུགས། དེ་ནས་མི་རིང་བར་རྡ་སའི་རི་གྲོང་དེར་རི་བོང་ཅལ་འདྲོག་གི་ལས་འགུལ་རབ་དང་རིམ་པ་སྤེལ་ཏེ། མདོར་ན་བཀའ་བློན་ཟུར་གཡུ་གཉིས་ཕྱིར་འབུད་གཏོང་རྒྱུའི་དམིགས་ཡུལ་མངོན་ལྐོག་ཅི་རིགས་ནས་བཤམས།
གོང་སྨོས་ལྟར་སྐབས་འཚོལ་བ་དང་རྒྱུགས་ཁྱི་འགའ་རེས་རང་གི་སྒེར་འཁོན་སྤྱི་ལ་འཛིན་པ་གསལ་པོ་ཤེས་ཀྱི་ཡོད། སྤྱི་དོན་ཁ་ལ་འཁྱེར་སྒེར་ནད་ཁོག་ཏུ་བཅངས་མཁན་དྲང་གཏམ་ཉན་པའི་རྣ་བ་མེད་ཅིང་། བདེན་དོན་བརྗོད་པའི་ལྕེ་ཡང་མེད་པའི་མི་སྣའི་རྒྱུགས་ཁྱི་འགའ་རེས་ངོ་ཚ་ཁྲེལ་མེད་ཀྱིས་སྐྱག་རྫུན་གྱི་དྲི་ངན་ཁ་སྣ་བཀབ་དགོས་པའི་མི་ངན་ཁ་ཅིག་གིས་ཕྱི་ལོ་ ༡༩༦༡་ཟླ་ ༨ ནང་རྡོར་གླིང་ནས་བཏོན་པའི་བོད་མིའི་རང་དབང་གསར་ཤོག་སྟེང་དུ་“ཟུར་གཡུ་རྣམ་གཉིས་བོད་མིའི་ཁུངས་ནས་ཕྱིར་འབུད་བྱས་སྐོར་དང་། ༸གོང་ས་ཡིད་བཞིན་ནོར་བུའི་དབུ་ཁྲིད་འོག་བཞུགས་འདོད་མེད་པའི་བསྟན་དགྲ་རྒྱ་དམར་གསོན་པོའི་ཚབ་དེ་ང་ཚོ་བོད་མི་རིགས་ཡོངས་ཀྱི་སྤྱི་དགྲ་ཡིན་པས། མི་མང་གི་ཚབ་དང་ལས་འགན་ལྟར་བཞག་བོད་མི་མང་ཁོངས་ནས་བུད་པ་རེད། ཁོ་པ་ཚོར་བོད་ལས་དོན་བྱུང་འཁྲི་ལྟ་ཅི་མི་མང་གི་གྲས་ནས་བཏོན་ཟིན་པ་ཡིན།” ཞེས་སོགས་སྒེར་ནད་ཁོང་དུ་སྦས་སྤྱི་དོན་ཁ་ལ་འཁྱེར་ནས་རང་སྣང་གང་དྲན་གྱིས་བོད་མིའི་བཟང་སྤྱོད་གི་དྲི་མ་ཙམ་མེད་པར་དཀྲོག་གཏམ་སྣ་ཚོགས་བཟོས་སྟབས། བོད་མི་རིགས་གཉན་འཕྲང་དུས་ཀྱི་མཛད་རྗེས་ཅན་གྱི་སྐུ་ངོ་ཟུར་ཁང་དང་གཡུ་ཐོག་རྣམ་གཉིས་རྒྱ་གར་ལ་བཞུགས་གནས་མི་བཟོད་པར་གྱུར།
ཕྱི་ལོ་༡༩༦༣ལོར་ས་ཆེན་མཆོག་གི་ནང་མི་ལྷན་རྒྱས་དབྱིན་ཇིར་ཡུལ་དུ་གནས་སྤོས་གནང་ནས་ Antony’s College, Oxford གཙུག་ལག་སློབ་གྲྭ་ཆེན་མོ་ནང་དུ་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་དུ་སློབ་ཁྲིད་གནང་། ལོ་དེར་Denmark མཐོ་སློབ་ཁག་ཁག་ཅིག་ནང་བོད་ཀྱི་ཆབ་སྲིད་སྐོར་ལ་གསུང་བཤད་གནང་བར་Prince Peter of Greece གདན་ཞུ་གནང་།
ཕྱི་ལོ་ ༡༩༦༤ ལོར་ཨ་རིར་གནས་སྤོས་གནང་། University of Washington གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་དཔོན་ Turrell Wylie ལྷན་དུ་ལྷོ་ཤར་ཨེ་ཤི་ཡའི་སྡེ་ཚན་ནང་དུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༥ གཙུག་ལག་སློབ་གྲྭ་ཆེན་མོའི་Yale University ནང་ཡི་གེ་ན་གཅིག་ཀྱང་མེད་པར་ཞལ་ཐོག་རང་ནས། ༡༽ བོད་ཀྱི་ཁྲིམས་སྲོལ་དབང་འཛིན། ༢༽ དཔོན་རིགས་བསྐོ་འདེམས། ༣༽ མངའ་ཁྱོན་རྫོང་གཞིས། ༤༽ ས་གཤིས་ཚ་གྲངས་དང་ཐོན་ཁུངས། ༥༽ ༼བོད་ཆོས་དགེ་འདུན་སྐོར། ༦༽ དྲག་པོ་དམག་གི་འཕེལ་རིམ། ༧༽ དཔལ་འབྱོར་བཟོ་ཚོང་གི་ཆ་རྐྱེན་སྐོར་། ༨༽ ཤེས་ཡོན་དང་རིག་རྩལ་སོགས་ དོན་ཚན་ཆེ་མོ་བརྒྱད་ཀྱི་སྒོ་ནས་གནད་དུ་ཕིབ་པའི་གསུང་བཤད་དེ་གནང་བ་འདིས་ཀྱང་ཁོང་ནི་སྤྱིར་བཏང་གི་མི་དྲག་ཅིག་མ་ཡིན་པར་བོད་ཀྱི་རྒྱལ་ཁབ་དང་མི་རིགས་ཐོག་ལར་ཞེན་ཡོད་པ་དང་། རང་གི་རྒྱལ་ཁབ་ལ་རྒྱུས་ལོན་ཟབ་མོ་དང་བློ་གྲོས་ཀྱི་རྩལ་ཁ་ཡང་སྤྱིར་བཏང་བ་ཞིག་མིན་པ་གསལ་པོར་དཔོག་ཐུབ། དེ་ནས་རིམ་གྱིས་རྒྱ་ནག་དང་ཨ་རི་གཉིས་ཕྱི་འབྲེལ་ཡར་རྒྱས་ཕྱིན་སྟབས་ཕྱི་ལོ་ ༡༩༧༡ ལོར་གཙུག་ཁག་སློབ་ཁང་གི་ཨེ་ཤི་ཡའི་སྡེ་ཚན་དེ་སྒོ་བརྒྱབས་སྟབས། ཕྱི་ལོ་ 1971 ལོར་ས་ཆེན་མཆོག་གི་ནང་མི་སྐུ་འཁོར་ལྷན་རྒྱས་ཨ་རི་ནས་ཡུལ་སྐོར་བའི་མིང་(Travel Document) ཐོག་ནས་ཐེ་ཝན་ལ་ཕེབས། ཐེ་ཝན་ནང་བཞུགས་རིང་ཨ་རིའི་མི་སེར་ལག་ཁྱེར་ཉར་བ་ལས་ཐེ་ཝན་གྱི་མི་སེར་ལག་ཁྱེར་གཏན་ནས་བཟོས་མེད། ཐེ་ཝན་ཆབ་སྲིད་ཀྱི་གཙུག་ལག་སློབ་གྲྭའི་National Chengchi University ནང་ལ་ཆབ་སྲིད་འཆད་ཁྲིད་གནང་ཡོད།
གོ་མིན་ཏང་གིས་བཀའ་ཤག་ལས་ཁུངས་འཛུགས་དགོས་བརྗོད་ཀྱང་ས་ཆེན་མཆོག་དང་སྐུ་ངོ་གཡུ་ཐོག་གཉིས་ཀྱིས་དེ་ལ་དགག་ཆ་ནན་པོ་གནང། ཆ་རྐྱེན་དོན་ཚན་གཉིས་བཏོན་ནས་དེ་གཉིས་ཁས་ལེན་བྱུང་ན་ལས་ཁུངས་ཤིག་གསར་འཛུགས་བྱ་རྒྱུའི་ཐུགས་ཐག་བཅད། ༼ཆ་རྐྱེན་དོན་ཚན་གཉིས་ནི།༽༡ བོད་མི་ཚང་མ་གཅིག་བསྒྲིལ་ཡོང་ཐབས་ཀྱི་ལས་དོན་སྒྲུབ་དགོས་པ་དང་། ༢ ལས་ཁུངས་དེའི་འགན་དབང་ཆ་ཚང་བོད་མི་རྣམས་ལ་ཡོད་དགོས་ཞེས་གསུངས་པར་མོས་མཐུན་བྱུང་བ་ལྟར། མཐའ་དོན་བཀའ་བློན་དོན་གཅོད་ལས་ཁུངས་ཞེས་པ་གསར་འཛུགས་གནང་བ་སོགས་བོད་གཞུང་དང་མི་རིགས་ལ་བཅངས་པའི་ལྷག་བསམ་བརྟན་པས་གཞན་གྱིས་མ་ཉེས་ཁ་གཡོག་ཇི་ལྟར་བྱས་པ་ཡིན་ནའང་ད་དུང་བོད་ཀྱི་རྩ་དོན་ལ་ཕན་པའི་བྱ་བ་སྒྲུབ་རྒྱུའི་འདུན་པར་འགྱུར་བ་གང་ཡང་མེད་པར་མུ་མཐུད་བོད་སྤྱི་པའི་ལས་འགན་ལྷུར་བཞེས་ཀྱིས་མཇུག་སྐྱོང་མཛད། འོན་ཏེ་ཕྱིས་བོད་སོག་ལས་ཁུངས་ཀྱི་འདྲེ་ལག་རྐྱོང་བཞིན་པ་མ་ཟད། ལྐོག་ཏུ་ངན་བྱུས་ཅི་ཡང་སྤེལ་བཞིན་པ་མཁྱེན་རྟོགས་བྱུང་རྗེས། བཀའ་བློན་ལས་ཁུངས་དེ་ཉིད་ཀྱིས་བོད་སྤྱི་པར་ཕན་པ་ལས་གནོད་པའི་རྐྱེན་དུ་འགྲོ་བར་དགོངས་ནས་མཐར་ཕྱི་ལོ་ ༡༩༧༨ ལོར་ལས་ཁུངས་དེ་བཞིན་སྒོ་བརྒྱབས་པར་མཛད།
དེ་ལྟར་སྐུ་ངོ་ཁོང་རྣམ་གཉིས་རྡ་སར་བཞུགས་མ་ཐུབ་པར་རིམ་པས་ཐའེ་ཝན་དུ་བྲོས་བྱོལ་དུ་ཕེབས་ཤིང་། དེར་ལས་ཁུངས་སམ་བོད་ཀྱི་རིག་གཞུང་ལྟེ་གནས་བཙུགས་པ་སོགས་ལ་བཙན་བྱོལ་བོད་མིའི་ཁྲོད་ཡུན་རིང་ནས་ཁོང་རྣམ་གཉིས་༸གོང་ས་མཆོག་དང་ཐུགས་འགལ་དུ་སོང་ཚུལ་གྱི་གཏམ་འཆལ་དེ་ཡང་མི་ངན་སྙིང་ནད་ཅན་རང་མགོ་མཐོར་འདེགས་ཅིང་བོད་སྤྱི་པ་ལས་རང་འདོད་གཙོ་བོར་འཛིན་པ་འགའ་ཞིག་གིས་གཡོ་ཇུས་འབའ་ཞིག་དབང་གིས་བྱུང་བ་ལས། དོན་དམ་པར་དེ་ནི་སྐུ་ངོ་ཁོང་རྣམ་གཉིས་ལ་མི་ངན་གྱི་ཁ་གཡོག་ཡིན་པར་༸རྒྱལ་དབང་ཐམས་ཅད་མཁྱེན་པས་གཟིགས་ཤིང་དགོངས་པ་སྟེ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་རྩ་བ་ཉིད་ནས་འགལ་མེད་པ་ནི། ༸གངས་ཅན་༸མགོན་པོ་གང་གིས་སྐུ་ངོ་རྣམ་གཉིས་ལ་བསྩལ་བའི་བཀའ་ཡིག་དེས་ཤིན་ཏུ་གསལ་པོར་རྟོགས་ཐུབ་པས་བཀའ་ཡིག་དེ་ཉིད་ནི་འདི་ལྟར།
༄༅། །ཟུར་ཁང་དབང་ཆེན་དགེ་ལེགས་དང་གཡུ་ཐོག་བཀྲིས་དོན་གྲུབ་ཐུན་མོང་གང་དེར།
ཆེད་འབྲས། ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་བཏང་གནས་ངེས་འཕྲོད་ཐོག མྱོང་ཅན་གཞུང་ཞབས་རྒས་པོའི་ཆེ་རྟགས་མངོན་པར་གསལ་བའི་བསམ་ཚུལ་འཆར་སྒོའི་ཞིབ་བཀོད་ཚིག་དོན་གཉིས་ཟབ་རྣམས་ཡིད་ལ་འདྲོངས། འདི་གར་བློ་ཡིད་དྭངས་གསལ་དུ་མཆིས་པ་ཞིབ་ཆ་ངོ་འཕྲད་མཚམས་འཕྲོས་མོལ་ཡོང་རྒྱུ་བཅས་དེ་དོན་ཡིད་འཇགས་མཛོད། རྒྱ་གར་ཧི་མ་ཅལ་རྡ་ས་ཐེག་ཆེན་ཆོས་གླིང་ནས། ཏཱ་ལའི་བླ་མས་ ༡༩༧༢ ཟླ་ཚེས་ ༡༡ ལ། ཞེས་པ་འདི་ཉིད་ལེགས་པར་བལྟས་ན་ཡུན་རིང་བཙན་བྱོལ་ནང་མི་ངན་སྤྲ་འཆལ་བ་དག་གིས་ལོག་བཤད་ཀྱི་བརྫུན་ཚིག་གི་མཐིལ་བརྟོལ་ཐུབ་ཅིང་། དྲང་བདེན་གྱི་མཛད་རྗེས་ཅན་གྱི་སྐྱེས་བུ་ཟུར་ཁང་ས་ཆེན་མཆོག་དང་སྐུ་ངོ་གཡུ་ཐོག་རྣམ་གཉིས་ཀྱི་དྲིན་གསོ་དགོས་པ་དང་། མ་ཉེས་ཁ་གཡོག་བྱུང་བར་ལས་འབྲས་ཁས་ལེན་པའི་བོད་མི་རྣལ་མ་ཞིག་ཡིན་ནོངས་འགྱོད་ཅིས་མ་བྱེད། ལྷག་པར་དུ་བཀའ་ཡིག་དེའི་ནང་དུ། མྱོང་ཅན་གཞུང་ཞབས་རྒས་པོའི་ཆེ་རྟགས་མངོན་པར་གསལ་། ཞེས་པ་འདིས་ཁོང་རྣམ་གཉིས་ཀྱི་མཛད་རྗེས་དང་མཁྱེན་པའི་ཡོན་ཏན་ལ་མཐོང་གསོས་ཆེན་པོའི་སྒོ་ནས་ཡིད་རངས་བསྔགས་བརྗོད་གནང་བར་གསལ་པོར་མངོན་གྱི་འདུག་ལ། ཡང་དེའི་ནང་དུ། བསམ་ཚུལ་འཆར་སྒོའི་ཞིབ་བཀོད་ཚིག་དོན་གཉིས་ཟབ་རྣམས་ཡིད་ལ་འདྲོངས། ཞེས་པའི་བཀའ་ཡིག་དེས་ཀྱང་། ཁོང་རྣམ་གཉིས་ཀྱི་ལྷག་བསམ་ལ་ཡིད་ཆེས་ཆེན་པོ་གནང་བར་གསལ་པོར་མངོན། ད་དུང་བཀའ་ཡིག་དེའི་ནང་། འདི་གར་བློ་ཡིད་དྭངས་གསལ་དུ་མཆིས་པ་ཞིབ་ཆ་ངོ་འཕྲད་མཚམས་འཕྲོས་མོལ་ཡོང་རྒྱུ་བཅས་ཞེས་པ་འདིས། སྐུ་ངོ་རྣམ་གཉིས་དང་༸གོང་ས་མཆོག་དབར་དམིགས་བསལ་གྱི་ཐུགས་བརྩེ་ཆེན་པོ་ཡོད་པ་ཤིན་ཏུ་གསལ་པོར་མངོན་ཐུབ་པ་ནི་གཟུར་གནས་ཀྱི་བློ་མིག་ལྡན་པ་རྣམས་ཀྱིས་གསལ་པོར་གོ་རྟོགས་ངེས་ཡིན་ལ། འདི་ནི་ངེས་པར་གཞན་གྱི་གཡོ་ཇུས་ཀྱི་ནད་ཡམས་མ་འགོས་པའི་སྒོ་ནས་ངེས་པར་གསལ་པོར་མཁྱེན་དགོས་པའི་བཙན་བྱོལ་བོད་མིའི་ལོ་རྒྱུས་དྭངས་མ་ཞིག་ཀྱང་ཡིན། མདོར་ན་གཞུང་ཞབས་རྒས་པོ་རྣམ་གཉིས་ཀྱི་ལྷག་བསམ་དང་ཡོན་ཏན་ལ་བརྩི་བཀུར་ཆེན་པོས་བསྔགས་བརྗོད་གནང་བ་དེས། ཡང་སྙིང་ཁོང་རྣམ་པ་གཉིས་མི་སྣ་གང་འདྲ་ཞིག་ཡིན་པ་འགྲེལ་བརྗོད་མ་བྱས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་ཡིན།
ཕྱི་ལོ་ ༡༩༧༣ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་ཡོ་རོབ་ལ་ཆིབས་སྒྱུར་གནང་སྐབས། ས་ཆེན་མཆོག་གིས་༸གོང་ས་མཆོག་དང་མཇལ་ཁ་ཞུ་གནང་བས་༸གོང་ས་མཆོག་ཀྱང་ཐུགས་དགྱེས་མཉེས་ཧ་ཅང་ཆེན་པོ་བྱུང་ནས་འཚམས་འདྲི་དང་བཀའ་སློབ་སོགས་གནང་།
ཕྱི་ལོ་ ༡༩༧༤ ལོར་སྐུ་ངོ་མགྲོན་ཆེ་མཆོག་ཐེ་ཝན་ལ་ཕེབས་དུས་ཟུར་ཁང་ས་ཆེན་མཆོག་དང་སྐུ་ངོ་གཡུ་ཐོག་རྣམ་གཉིས་མཇལ་ཕྲད་སྐབས། མགྲོན་ཆེ་མཆོག་གིས་”བཀའ་བློན་རྣམ་གཉིས་ཀྱི་ཕྱག་ལས་ཀྱི་དམིགས་ཡུལ་དང་། ལྷག་བསམ་ལ་དྭོགས་པ་གང་ཡང་མེད། འོན་ཀྱང་དེང་སྐབས་རྒྱ་གར་ནང་མི་ཁ་ཤས་ནས་གོ་སྐབས་བཟུང་སྟེ་བོད་མི་ནང་ཁུལ་དབྱེན་སྦྱོར་དང་འཕྲོག་རྐྱེན་མང་དག་ཅིག་བཟོ་བཞིན་ཡོད་པས་མཛད་ཕྱོགས་ཐོག་ཟབ་ནན་གནང་གལ་ཆེ་”རྡ་སར་སྒེར་ནད་སྤྱིར་འཛིན་པ་ཚོས་གཡོ་སྒྱུའི་འཁྲབ་སྟོན་བྱེད་པ་གསལ་སྟོན་གནང་།
ས་དབང་ཆེན་མོ་ཨ་རིར་ཕེབས་རྒྱུ་ཐུགས་གཏན་འཁེལ་ཡང་སྟབས་མ་ལེགས་པར་སྤྱི་ལོ་ ༡༩༧༧ ཕྱི་ཟླ་ ༡ པོའི་ཚེས་ ༣ བོད་ཀྱི་ལོ་རྒྱུས་ཐོག་ཆེས་གལ་འགངས་ཆེ་བའི་རླབས་ཆེན་གྱི་མི་དབང་ཞིག་ང་ཚོ་དང་གཏན་དུ་ཁ་བྲལ། རླབས་ཆེན་གྱི་སྐྱེས་བུ་ཁོང་འདི་ལྟར་མ་ཉེས་ཁ་གཡོག་ཕོག་པ་ནི་རྒྱལ་བའི་ཡོངས་འཛིན་ཁྲི་འཆང་རིན་པོ་ཆེ་མཆོག་ནས་ཀྱང་རང་རྣམ་དུ་“ཟུར་ཁང་སྐུ་ངོ་བཀའ་ཟུར་འདི་ཉིད་ཆོས་སྲིད་གང་ཅིར་དགོངས་པ་ཟབ་དཀྱེལ་ཆེ་ཞིང་། སྤྱང་གྲུང་འཛོམས་པ། ༸རྒྱལ་དབང་མཆོག་གི་སྲི་ཞུ་བར་མེད་དུ་མི་རུང་བ་ལྟ་བུ་ཡིན། ཕྲ་མེན་གྱི་རིག་པ་འཛིན་པ་ལ་ལ་ཞིག་གིས་དབྱེན་སྦྱོར་གྱི་རྫུན་རིག་སྣ་ཚོགས་བརྟེན་ནས་ཇི་སྐད་དུ། རྐུན་པོ་རྣམས་ཀྱིས་ཁྱིར་བཏགས་པའི།། ར་སྐྱེས་ཁུར་བ་ཁྲམ་སྐྱེས་བོར།། ཞེས་པ་ལྟར་སོང་བ་འགྱོད་ཀྱང་དེར་ཟད་” ཅེས་གསུངས་པར་ལྟར་ས་དབང་ཁོང་ལ་ཉེས་མེད་དཀྲོག་གཏམ་སྣ་ཚོགས་བཟོས་པ་མཐར་མ་བཟོད་ནས་གཞན་ཡུལ་ནས་གཞན་ཡུལ་གཞན་ཞིག་ཏུ་མི་འདོད་བཞིན་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་ཡིན་ནའང་། ད་དུང་བོད་གཞུང་དམངས་གཉིས་ཐུགས་ལ་བཅངས་ཏེ་སྤྱི་དོན་ཐོག་གཡེལ་བ་མེད་པར་བརྩོན་པ་སོགས་ཀྱིས་བཀའ་དྲིན་ཤིན་ཏུ་ཆེ་མོད། རྡ་སའི་རི་གྲོང་འདིར་ད་དུང་ཡང་མི་ངན་སྤྲ་འཆལ་གྱི་ངན་ལབ་རྒྱུན་མ་ཆད་པ་ཡིན་ནམ། མ་ཤེས་པ་ཡིན། ཡང་ན་སྣང་ཆུང་བྱས་པ་ཇི་ལྟར་ཡང་། བཙན་བྱོལ་ནང་ཕྱིས་འཚར་བའི་མི་སྣ་འགའ་ཞིག་གིས་བསྒྲིགས་པའི་《རྒྱུན་མཁོའི་བོད་གནས་ལག་དེབ་》ཅེས་པའི་དོན་ཚན་ལྔ་པར་ཆེས་མཐོའི་གཞུང་ཞབས་རྣམ་པའི་ལོ་རྒྱུས་ཞེས་པའི་ནང་ཟུར་ཁང་ས་ཆེན་མཆོག་དང་སྐུ་ངོ་གཡུ་ཐོག་གཉིས་ཀྱི་མཚན་ཟུར་ཙམ་བཀོད་མི་འདུག་པས་བཙན་བྱོན་ནང་དུ་བོད་མི་རིགས་ཀྱི་རླབས་ཆེན་གྱི་མི་སྣ་དག་གི་མཛད་རྗེས་ནག་བསུབ་ཏུ་གཏོང་མཁན་ནི་བོད་མི་རིགས་ཀྱི་དགྲ་བོ་ངོ་མ་ཞིག་ཡིན་ལ། དེའི་རྗེས་སུ་འབྲངས་མཁན་ནི་བློ་མིག་ལྡོངས་པས་ནང་དུ་མེ་མདའ་འཕེན་གྱི་སྤྱོད་པ་དང་ཅིས་མི་མཚུངས་མདོར་ན་ཁྱེད་རང་གིས་དེ་ལྟར་རླབས་ཆེན་གྱི་སྐུ་ངོ་ཟུར་ཁང་བཙན་བྱོལ་མངོན་དུ་མི་འཇུག་པའི་རྒྱུ་མཚན་གང་ཡིན་པར་བསམ་གཞིགས་བྱེད་མྱོང་ཡོད་དམ། །
དེ་བས་ང་ཚོས་ཕྱོགས་གཞན་ཞིག་ནས་བསམ་གཞིགས་གྱིས་དང་བཙན་བྱོལ་ནང་མི་ངན་འགའ་ཞིག་གིས་མཛད་དཀའ་སྣ་ཚོགས་བཟོས་ཀྱང་ད་དུང་ཞུམ་པ་མེད་པར་སྔར་གྱི་དམ་བཅའ་བཙན་པོས་ཛ་དྲག་གཉའ་འཕྲང་གི་སྐབས་སུའང༸གོང་ས་མཆོག་གི་དབུ་འོག་ཏུ་ཞུམ་པ་མེད་པའི་གཞུང་དོན་ཧུར་ཐག་གནང་བས་རྒྱ་དམར་གྱིས་ལོག་སྤྱོད་པ་ཟུར་ཁང་དབང་ཆེན་དགེ་ལེགས་ཞེས་ད་ལྟ་བར་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན།
དེ་དང་ཕྱོགས་མཚུངས་པར་ཉེ་སྔོན་རྒྱ་ནག་གཞུང་གིས་༼དུས་འགྱུར་༽ཞེས་པའི་གློག་བརྙན་ཞིག་འཁྲབ་སྟོན་བྱས་པའི་ནང་། ཟུར་ཁང་ས་ཆེན་གྱི་སྣང་བརྙན་ལྡོག་ཕྱོགས་མི་སྣར་འཁྲབ་ཡོད་ལ། ཟུར་ཁང་གཞིས་ཀ་ནི་གདུག་རྩུབ་ཆེ་ཤོས་ཡིན་པར་འཁྲབ་ཡོད་པ་འདིས། མི་རྗེ་ཟུར་ཁང་ནི་ཕྱི་ནང་གཉིས་ཀར་མངོན་དུ་མི་འཇུག་པའི་མི་སྣ་ཞིག་ཏུ་གྱུར་ཡོད། ཀློག་པ་པོ་རྣམས་གསོན་དང་། ཡང་སྙིང་དེ་འདྲ་ཞིག་ཡིན་ནམ།
ངས་པོ་རྒྱལ་མཚན་གྱི་ངོ་དེབ་ལས་བཏུས།
https://www.loc.gov/item/2020705913/

བརྒྱུད་སྐུལ།

མཆན་སྤེལ།