ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྐྱེས་རབས་ལ་བསྟོད་པ།

ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྐྱེས་རབས་ལ་བསྟོད་པ།
ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྐྱེས་རབས་ལ་བསྟོད་པ།

         ༧ཀུན་མཁྱེན་པདྨ་དཀར་པོས་མཛད།

༈ ཕུན་སུམ་ཚོགས་པ་རྒྱ་མཚོའི་རྣམ་རོལ་གྱིས། །
ཡིད་ཅན་ཀུན་ལ་ཕན་བདེའི་མཆོག་སྦྱིན་མཁན། །
ཚེ་དཔག་མེད་པའི་སྲས་ཀྱི་ཐུ་བོ་པ། །
འཇིག་རྟེན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །
ཤམྦྷ་ལ་ཡི་རྒྱལ་ཁབ་སེང་གེའི་ཁྲིར། །
དཔལ་ལྡན་རྒྱུད་ཀྱི་རྒྱས་འགྲེལ་བྱེད་པ་པོར། །
ཟས་གཙང་སྲས་ཀྱིས་ལུང་བསྟན་པད་དཀར་འཛིན། །

རིགས་ལྡན་དབང་པོ་གཉིས་པར་གསོལ་བ་འདེབས། །

བོད་འབངས་ཀུན་ལ་ཐུགས་རྗེའི་དབང་གྱུར་པས། །
ཐུབ་པའི་རིང་ལུགས་ལྷ་མིས་མཆོད་པའི་སྲོལ། །
དང་པོར་བཏོད་པའི་བཀའ་དྲིན་ཟླ་མེད་པ། །

སྤྲུལ་པའི་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །

ཟབ་མོ་ལྟ་བས་ཞི་བའི་མཚོར་འཁྲུངས་ཤིང༌། །
ཟབ་རྒྱས་ཆོས་ཕུང་བྱེ་བའི་ཆུ་ཀླུང་གིས། །
གདོང་དམར་ཅན་གྱི་ནང་གི་གདུང་སེལ་མཁན། །

ཤཱནྟ་རཀྵི་ཏ་ལ་གསོལ་བ་འདེབས། །

ཕྱི་ནང་ཤེས་བྱའི་འཛིན་མ་མ་ལུས་པར། །
མི་བརྗེད་གཟུངས་ཀྱི་འཁོར་ལོ་ལེགས་བསྒྱུར་བས། །
ཕས་ཀྱི་རྒོལ་བའི་ཕྱོགས་ལས་རྣམ་རྒྱལ་བའི། །

པཎ་ཆེན་ནཱ་རོ་ཏ་པར་གསོལ་བ་འདེབས། །

དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པར། །
རྫོགས་པའི་སངས་རྒྱས་ཉིད་ཀྱིས་ལུང་བསྟན་པའི། །
ཤཱནྟི་རི་བོར་དག་པའི་བསམ་གཏན་པ། །

རྗེ་བཙུན་ཟླ་འོད་གཞོན་ནུར་གསོལ་བ་འདེབས། །

གངས་རིའི་མགུལ་དུ་རྡོ་རྗེའི་གདན་བཀོད་ལ། །
གྲུབ་པ་སངས་རྒྱས་སྟོང་གི་རྣམ་རོལ་བ། །
ལུས་ཅན་དཔྱིད་ཀྱི་སྐལ་བ་བཟང་མཛད་པ། །

འགྲོ་བའི་མགོན་པོ་འབྲུག་པར་གསོལ་བ་འདེབས། །

ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། །
སྒྱུ་འཕྲུལ་རྡོ་རྗེའི་སྣང་བ་རབ་འབྱམས་རྩེར། །
བྱང་ཆུབ་སྤྱོད་པ་རྒྱ་མཚོ་སྟོན་བྱེད་པའི། །

སྣང་བ་རྡུལ་བྲལ་སེམས་དཔར་གསོལ་བ་འདེབས། །

བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོར་སྦས་པ། །
ཀུན་དགའ་དཔལ་འབྱོར་སྐལ་བཟང་གདུལ་བྱ་ལ། །
ཅི་དགར་འགྱེད་པའི་མཚུངས་མེད་ལོ་ཙཱ་བ། །

རྒྱལ་བ་ཀུན་གྱི་དབང་པོར་གསོལ་བ་འདེབས། །

ལྷོ་ཕྱོགས་ནོར་འཛིན་ཆོས་ཀྱིས་སྐྱོང་བའི་དབང༌། །
མ་སྨད་གྲགས་པའི་གཏེར་གྱུར་སྙིགས་དུས་འདིར། །
ཡང་དག་ལམ་གྱི་ས་མཁན་མཆོག་གཅིག་པུ། །

གོང་མ་གྲུབ་པའི་རྗེ་བོར་གསོལ་བ་འདེབས། །

འཇམ་མགོན་ཞབས་ཟུང་ཉི་མའི་ཁུ་བ་ལ། །
ལན་བརྒྱར་འཐུངས་པའི་པདྨ་དཀར་པོའི་འཕྲེང༌། །
དྲེགས་ལྡན་ཀུན་གྱི་རལ་པའི་རྒྱན་གྱུར་པའི། །

མཚུངས་མེད་བླ་མ་མཆོག་དེར་གསོལ་བ་འདེབས། །

སྔོན་བྱོན་རྒྱལ་བ་ཀུན་གྱི་སྤྲུལ་པའི་གཞི། །
མ་བྱོན་རྒྱལ་བ་རྣམས་ཀྱི་འབྱུང་ཁུངས་བ། །
ད་ལྟའི་སྐྱོབ་པ་དག་དང་དབྱེར་མེད་པའི། །

ཆོས་ཀྱི་རྒྱལ་པོའི་ཞབས་པད་བརྟན་གྱུར་ཅིག །

དེ་ལྟར་གསོལ་བ་བཏབ་པའི་མཐུ་སྟོབས་ཀྱིས། །
བདག་དང་མཐའ་ཡས་འགྲོ་བ་མ་ལུས་པ། །
མགོན་ཁྱེད་མཉེས་བྱས་གང་གི་རིང་ལུགས་ཀྱིས། །

རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །

༈ བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །
མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །
ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །

བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །

ཕན་བདེ་འབྱུང་བའི་གནས་གཅིག་པུ། །
བསྟན་པ་ཡུན་རིང་གནས་པ་དང༌། །
བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །

སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །

ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །
སྡུག་བསྔལ་སེམས་ཅན་མཐར་བགྱིད་ཤོག །
བསྐལ་པ་བྱེ་བ་བསམ་ཡས་སུ། །

ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །
ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །

 

བརྒྱུད་སྐུལ།

མཆན་སྤེལ།