རྗེ་བཙུན་བསོད་ནམས་རྩེ་མོའི་རྣམ་ཐར་སྙིང་བསྡུས།

རྗེ་བཙུན་བསོད་ནམས་རྩེ་མོའི་རྣམ་ཐར་སྙིང་བསྡུས།
རྗེ་བཙུན་བསོད་ནམས་རྩེ་མོ་མཆོག་ནི། ཡབ་བརྩེ་ཆེན་ཀུན་དགའ་སྙིང་པོ་ཡུམ་དང་བཅས་པས་རིགས་སྲས་བསྐྲུན་པའི་ཆོ་གའི་སྒོ་ནས་ཆུ་ཕོ་ཁྱི་ཕྱི་ལོ་ ༡༡༤༢ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཆུ་མིག་རྫིང་ཁར་སྐུ་བལྟམས། བལྟམས་མ་ཐག་ནང་དུ་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་ལ་མཉམ་པ་བཞག་ཅིང་། སཾ་སྐྲྀ་ཏའི་སྐད་དང་ལུས་རྡོ་རྗེའི་མདུན་པ་མཛད་དེ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་བཞིན་བདག་ནི་བྱིས་པའི་སྤྱོད་པ་ལས་འདས་སོ། །
ཞེས་ཡང་ཡང་གསུངས། སྐུའི་དགུང་གྲངས་གསུམ་ཉིད་བཞེས་པའི་དུས་ཀྱི་ཚེ་འཕགས་པ་འཇམ་དཔལ་དབྱངས། ཡི་དམ་དགྱེས་པ་རྡོ་རྗེ། རྗེ་བཙུན་སྒྲོལ་མ་ལ་སོགས་པའི་ཡི་དམ་མཐའ་དག་གི་ཞལ་གཟིགས་ཏེ་ལུང་བསྟན་ཕུན་སུམ་ཚོགས་པ་བརྙེས་ཤིང་ཀྱཻ་རྡོར་རྒྱུད་གསུམ། འཁོར་ལོ་བདེ་མཆོག་རྩ་རྒྱུད། ཆོས་མངོན་པ་ཀུན་ལས་བཏུས་པ་སྟེ་ལྔ་ཐུགས་ཐོག་ལ་གསུངས་པ་སོགས་སྐུའི་ན་ཚོ་ཤིན་ཏུ་ཕྲ་བའི་དུས་ནས་ང་ཆོས་ཕལ་ཆེར་བསླབ་སྦྱངས་མེད་པར་མཁྱེན་པའི་དཀྱིལ་འཁོར་རྒྱས་པའི་ཚུལ་མཛད།
ཡབ་ཆེན་རྡོ་རྗེ་འཆང་ཉིད་ལས་བརྒྱུད་པའི་གསང་སྔགས་ཀྱི་ཆོས་དབང་བཞི་མན་ངག་ཟབ་མོ་གྱུར་པ་དེ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་དེ་ལ་ཉམས་མྱོང་གྲུབ་པའི་ས་དང་ལྷན་དུ་དེ་དག་ཀུན་ཀྱང་འཆད་པ་ལ་རིགས་དང་གྲོལ་བས་སྨྲ་བའི་སྤོབས་པ་ཆུ་བོའི་རྒྱུན་ལྟ་བུ་ལྷུན་གྱིས་གྲུབ་མཚམས་བཅུ་བདུན་པ་ལ་རྒྱུད་སྡེ་བཞི་བཅུའི་བཤད་པ་ཐུགས་ནས་གསུངས་ཤིང་། རྒྱུད་མན་ངག་མཐའ་དག་ལ་སྒྲོ་འདོགས་ཆོད་འབྲས་འཕགས་ཡུལ་གྱི་ཆུ་མོ་གངྒཱ་ཚུན་ཆད་རྒྱུད་སྡེའི་ཐེག་པ་མཐའ་དག་ལ་འདི་ཉིད་ལས་མཁས་པ་ མེད་དོ་ཞེས་ཕྱོགས་ཀུན་ཏུ་གྲགས་པར་གྱུར། གསང་ཕུར་ཕྱ་པ་ཆོས་ཀྱི་སེང་གེའི་དྲུང་དུ་ཕེབས་ཏེ་བགྲང་བྱ་མི་ལོ་བཅུ་གཅིག་རིང་སྒྲ་ཚད་ལ་སོགས་ཤེས་བྱ་སྡེ་སྣོད་མ་ལུས་པ་ལ་སྦྱོང་ཚུལ་མཛད་པས་ཕྱྭ་པའི་བུ་ཆེན་ལ། ཇོ་སྲས་བཞི། སེང་ཆེན་བརྒྱད། སེང་འདྲ་བརྒྱད་སོགས་ཇི་སྙེད་ཡོད་པ་ལས་ཇོ་སྲས་བཞི་མཁས་པར་གྲགས་ཤིང་། དེ་ལས་ཇོ་སྲས་བསོད་ནམས་རྩེ་མོ་ཆེས་ཆེར་མཁས་སོ་ཞེས་སྙན་པའི་གྲགས་པས་ཁྱབ།
རྩ་དྲུག་པ་མེ་མོ་ཕག་ལ་མངའ་རིས་གུང་ཐང་ན་ལ་རྩེ་གནས་གསར་གྱི་གཙུག་ལག་ཁང་དུ་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བློ་འདས་བསྟན་བཅོས་ཆེན་མོ་བརྩམས་ཏེ་བསྟན་པའི་རྩིས་ཀྱི་རྣམ་པར་གཞག་པ་སྐྱོན་དང་བྲལ་བ་ཡང་དེའི་བརྗོད་བྱར་བརྒྱན་ཏོ། །མདོར་ན་སྐུ་ན་ཕྲ་མོ་ནས་སྐུའི་བཀོད་པ་མ་བསྡུས་ཀྱི་བར་སྐུ་ལ་སྐུ་སྤྱོད་ཉེས་པའི་དྲི་མ་དང་བྲལ། གསུང་ལ་ལོག་སྨྲའི་མཐའ་སྤངས་ནས་བདེན་དོན་གསུངས་པའི་ཡོན་ཏན་གྱིས་བརྒྱན། ཐུགས་ལ་སྤྲོས་པ་མེད་པའི་ཐུགས་སྟོང་ཉིད་སྙིང་པོ་ཅན་གྱི་ནོར་གྱིས་ཕྱུག་གཞན་ལ་ཕན་པ་ལྷུར་ལེན་པའི་མཁྱེན་པའི་སྤྱན་རས་གསལ་བ་དང་ལྡན་པའི་བདག་རྐྱེན་ལས་ཐུབ་པ་དགྱེས་པའི་འཆད་རྩོམ་རྩོད་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ཆེས་ཆེར་རྒྱས་པར་མཛད་ཅིང་། རྟག་ཏུ་རིམ་གཉིས་ཀྱི་རྣལ་འབྱོར་རྒྱུན་ཆད་མེད་པ་ཡིས་རྗེས་ཐོབ་སྒྱུ་མར་མཁྱེན་པའི་ཚུལ་བསྟན་བཞིན་སྦྱིན་པ་རྣམ་བཞིས་མཐའ་ཀླས་གདུལ་བྱའི་བསམ་པ་ཚིམ་པར་མཛད་དེ་ས་མོ་ཡོས་ཕྱི་ལོ་ ༡༡༥༩ ནས་ ༡༡༧༡ བར་གདན་ས་བཟུང་། རྩོམ་པའི་ལེགས་བཤད་ཀྱི་ཕྲེང་བ་གསར་དུ་མཛད་པ་ལ་ཡང་ས་སྐྱ་པ་ཆེན་པོ་ལ་བསྟོད་པ་དང་། ལམ་འབྲས་བརྒྱུད་པའི་གསོལ་འདེབས། རྒྱུད་སྡེ་སྤྱིའི་རྣམ་གཞག་བརྟག་གཉིས་ཀྱི་རྣམ་བཤད་ཉི་མའི་འོད་ཟེར། སམྦུ་ཊའི་འགྲེལ་པ་གནད་ཀྱི་གསལ་བྱེད། དཔལ་ཀྱེ་རྡོ་རྗེའི་མངོན་རྟོགས་རྒྱས་པ། བླ་མ་བརྒྱུད་པའི་ལོ་རྒྱུས། བྱིས་པ་བདེ་བླག་ཏུ་འཇུག་པ་ལ་སོགས་སྔོན་མེད་ཀྱི་ལེགས་བཤད་སོགས་འདུས།

 

བརྒྱུད་སྐུལ།

མཆན་སྤེལ།