བཀའ་འགྱུར་བ་མཐུ་སྟོབས་ནུས་པའི་མངའ་བདག་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་ཆོས་འཕེལ་མཆོག་དགོངས་པ་རྫོགས་པ།

བཀའ་འགྱུར་བ་མཐུ་སྟོབས་ནུས་པའི་མངའ་བདག་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་ཆོས་འཕེལ་མཆོག་དགོངས་པ་རྫོགས་པ།
བཀའ་འགྱུར་བ་མཐུ་སྟོབས་ནུས་པའི་མངའ་བདག་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་ཆོས་འཕེལ་མཆོག་དགོངས་པ་རྫོགས་པ།
ཡིད་སྐྱོ་དགོས་པ་ཞིག་ལ་དགུང་གྲངས་ ༡༠༣ ལ་ཕེབས་པའི་དགའ་ལྡན་ཤར་རྩེ་ཉག་རེ་བཀའ་འགྱུར་བ་མཐུ་སྟོབས་ནུས་པའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་ཆོས་འཕེལ་མཆོག་(དགེ་བཤེས་སྟོབས་རྒྱལ་ལགས་) ༢༠༢༢ ཟླ་བ་ ༢ ཚེས་ ༣ ཉིན་ཞོགས་པར་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

དམ་པ་ཁོང་ནི་མལ་དྲོ་ཆུན་པའི་ནང་ཡབ་དོན་གྲུབ་དང༌། ཡུམ་ནོར་འཛིན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་ལ་ཕེབས་པ་ན་འཇམ་དགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཉག་རེ་ཁང་ཚན་དུ་ཆོས་ཞུགས་གནང་། བྲག་རྡོག་མཁན་རིན་པོ་ཆེའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་རྒན་ཨ་འབྲུག་རིན་པོ་ཆེ་བསྟེན་ཏེ་ཡི་གེ་འབྲི་ཀློག་དང་བསྡུས་གྲྭ་ནས་དབུ་བཙུགས་ཏེ་གཞུང་ལུགས་ལ་སྦྱངས་པ་མཛད། རྗེ་ཕ་བོང་ཁའི་དངོས་སློབ་བྱ་བྲལ་བ་དཀའ་ཆེན་བཀྲ་ཤིས་ཕུན་ཚོགས་ལས་ལམ་རིམ་དང་བླ་མཆོད་སོགས་ཀྱི་ཁྲིད་ལུང་གསན། དགའ་ཤར་ཐེ་པོ་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་སྒྲུབ། ཕ་ར་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་དབང་ཕྱུག་དྲུང་ནས་གསང་སྔགས་ཀྱི་རྒྱུད་སྡེ་ཕལ་ཆེར་གྱི་དབང་ལུང་ཁྲིད་གསུམ་གྱི་མན་ངག་གསན།
༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས། ྋརྒྱལ་བ་རིན་པོ་ཆེ་མཆོག་དང༌། ༸རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ། ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་། སྐྱབས་རྗེ་ཟོང་རིན་པོ་ཆེ། ཏྲེ་ཧོར་སྐྱོར་དཔོན་རིན་ཆེ། ཤག་སྐོར་མཁན་རིན་པོ་ཆེ། སྐྱབས་རྗེ་སྤང་ནང་རིན་པོ་ཆེ། བྲག་རི་རྡོ་རྗེ་འཆང་། ཛེ་སྨད་རིན་པོ་ཆེ་སོགས་བླ་མ་དགེ་བའི་བཤེས་གཉེན་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། ཁྱད་པར་དུ་ཌལ་ཧོར་དུ་ལོ་བཅུ་གསུམ་རིང་སྐྱབས་རྗེ་སྤང་ནང་རིན་པོ་ཆེ་དང་། འབྲས་བློ་གླིང་བྱ་བྲལ་བ་དགེ་བཤེས་ཐེ་པོ་མཆོག་རྣམ་གཉིས་བསྟེན་ནས་གཞུང་ཆེན་ཀ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པར་མཛད། གནས་དེར་སྐུ་ཕྱག་འབུམ་གཅིག་ཕུལ་བ་དང་། སྐུ་མཚམས་ཀྱང་བཞུགས།
དེ་རྗེས་དྷ་སར་ཕེབས་ཏེ་འཚོ་བ་ངན་ངོན་ཙམ་གྱིས་ལོ་མང་རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ། སྤྱི་ནོར་གོང་ས་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་འགྱུར་བླ་མའི་མཚན་གནས་གནང་སྟེ་ཁུ་ནུའི་ཁུལ་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལྗགས་ལུང་གནང་བ་གིས་མཚོན་དབང་ལུང་ཁྲིད་གསུམ་གྱི་གདམས་པ་མང་དུ་བསྩལ་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་བསྒྲུབས། དགུང་གྲངས་ལྔ་བཅུ་ང་བཞིར་ཕེབས་སྐབས་༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་དང་། སྐྱབས་རྗེ་ཟོང་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དགའ་ཤར་མཁན་བླ་འདུས་མང་གི་དབུས་སུ་དགེ་བཤེས་དམ་འཇོག་མཛད། རང་གཞུང་ཆོས་དོན་དང་༸གོང་ས་མཆོག་གི་བཀའ་འབྲེལ་བཞིན་བཙུན་དགོན་དགའ་ལྡན་ཆོས་གླིང་གི་མཁན་པོ་ལོ་བཅོ་ལྔ་གནང་སྟེ་ཨ་ནེ་རྣམས་ལ་གཞུང་ཆེན་སློབ་གཉེར་བྱ་རྒྱུའི་སྲོལ་བཟང་བཙུགས་པས་༸རྒྱལ་དབང་དགྱེས་པའི་མཆོད་སྤྲིན་དུ་གྱུར། ༡༩༨༩ ལོར་ཨ་རི་སོཌ་ནུབ་གླིང་དུ་ཕེབས་ནས་ནང་ཆོས་ངོ་སྤྲོད་དང་། བྱབས་ཁྲུས་དང་བཀའ་སྒོ་སྔགས་བཅོས་སོགས་ཀྱིས་འགྲོ་བ་མང་པོ་ལ་ཕན་བདེ་ཆེས་ཆེར་བསྐྲུན་ཅིང་། ལྷག་པར་དུ་བཅོས་པར་དཀའ་བའི་ཀན་སེལ་ནད་པ་མང་པོ་ལ་ཚེ་སྲོག་གསར་པ་སྦྱིན་པས་ཚགས་པར་དུ་བོད་པའི་བླ་མ་དང་ནང་ཆོས་ཀྱི་བྱིན་མཐུའི་སྐོར་བསམ་ཡུལ་ལས་འདས་པའི་གནས་ཚུལ་བྱུང་བ་སོགས་བཀོད་པ་བྱུང་། ༡༩༩༣ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་འབྲེལ་བཞིན་ཕྱིར་བོད་དུ་ཕེབས་ནས་ལྷ་མོ་བླ་མཚོར་གནས་གཟིགས་དང་། གཞིས་བཞུགས་རྣམས་ལ་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ངོ་སྤྲོད་གནང་། ཕ་ཡུལ་མལ་དྲོའི་ཁུལ་གཙོས་པའི་ས་གནས་མང་པོར་ཆོས་ཕྱོགས་ཀྱི་མཛད་པ་ཇི་སྙེད་ཅིག་སྤེལ་བར་མཛད། གནས་གཟིགས་སྐབས་སུ་ངོ་མཚར་བའི་ལྟས་མང་དུ་བྱུང་། ཕྱིར་ཕེབས་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སྔགས་རམས་པའི་དམ་འཇོག་མཛད། གཞན་ཡང་སུད་སི་དང་ཕ་རན་སེ། མེཀ་སེ་ཁོ། སུ་ཌན། སིང་གྷ་པུར་སོགས་ལ་ཕེབས་ནས་དད་ལྡན་པ་མང་པོའི་རེ་བའི་འདུན་པ་བསྐོང་ཞིང་། རྒྱུན་དུ་བཞུགས་སྒར་དྷ་རམ་ས་ལ་བཞུགས་ནས་མཚམས་བསྙེན་སྒྲུབ་དང་ཁ་ཏོན་དགེ་སྦྱོར་ལ་གཞོལ་བཞིན་ཕྱི་ནང་མི་རིགས་དད་ལྡན་པ་མང་པོའི་བློ་མོས་དང་འཚམ་པའི་བསྟན་འགྲོའི་དོན་ཆེན་བླ་ན་མེད་པ་བསྒྲུབས་ཏེ་དམ་པའི་ཆོས་ཀྱི་བྱ་བ་ཁོ་ནས་དུས་འདའ་བར་བཞུགས་བཞིན་ཡོད། ཉེ་འཆར་ལྷོ་ཕྱོགས་གདན་ས་ལ་མར་འགྲོ་དགོས་ཞེས་བཀའ་ཕེབས་པ་ན་ཞབས་ཕྱི་སོགས་འབྲེལ་ཡོད་རྣམས་ཀྱིས་ནད་ཡམས་ཀྱིས་ཕེབས་བཞུད་མི་བདེ་བས་གནས་སྐབས་མ་ཕེབས་རོགས་ཞེས་རེ་སྐུལ་ཞུས་གནང་ཡང་མ་གསན་པར་ཐུགས་ཐག་བཅད་དེ་ད་ལན་ངེས་པར་དུ་འགྲོ་དགོས། ང་གདན་ས་ལ་མ་སླེབས་པར་ཤི་ན་བློ་བདེ་ས་མ་རེད་ཅེས་གསུངས་ཏེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞབས་སོར་འཁོད། འདིར་ཕེབས་ནས་དགའ་ལྡན་ལྔ་མཆོད་ཉིན་དགའ་ལྡན་ཚོགས་ཆེན་དུ་བསྙེན་བཀུར་གཟབ་རྒྱས་ཞུས་ཤིང་། དེ་རྗེས་དགའ་ལྡན་ཤར་རྩེ་གྲྭ་ཚང་དང་ཉག་རེ་ཁང་ཚན་བཅས་སུའང་བསྙེན་བཀུར་གཟབ་རྒྱས་ཞུས།
ཕྱི་ལོ་ ༢༠༢༢ ཟླ་བ་ ༡ ཚེས་ ༡༨ ཉིན་དགའ་ལྡན་ཤར་རྩེ་ཕྱག་མཛོད་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དགའ་ཤར་འདུ་ཁང་རྙིང་པའི་ནང་དུ་དགའ་ཤར་མཁན་རིན་པོ་ཆེ་རྗེ་བཙུན་བྱང་ཆུབ་སངས་རྒྱས་ཆོག་གིས་གཙོས་པའི་དགའ་ལྡན་ཤར་བྱང་གཉིས་ཀྱི་དགེ་བཤེས་བརྒྱ་ལྷག་ལ་གཏོར་ཁྲིད་གནང་། ཁོང་གིས་དགུང་ལོ་ ༢༠ ནས་རྒྱུན་གཏོར་ཆགས་མེད་གནང་སྟེ་འདི་ལོ་བར་ལོ་ ༨༣ སོང་ཞིང་། ཡར་མར་ཕེབས་སྐབས་མེ་འཁོར་ནང་དུའང་གཏོར་མ་གཏོང་གནང་གི་ཡོད། དགུང་ལོ་ཧ་ཅང་མཐོན་པོར་ཕེབས་རུང་རྒྱུན་དུ་དམིགས་བསལ་སྐུ་ངལ་ཆེ་བའི་སྙུང་གཞི་དང་སྐུ་ལས་གང་ཡང་མེད་ཀྱང་། ཞལ་ལག་དེ་ཙམ་མཆོད་མ་ཐུབ་པ་བྱུང་ཞིང་། སྨན་པས་ལམ་སྟོན་ལྟར་ཨུ་ཚུགས་ཀྱིས་ཧུབ་ལི་སྨན་ཁང་དུ་གདན་འདྲེན་ཞུས་ཀྱང་། ཕེབས་འདོད་དང་བཞུགས་འདོད་གཏན་ནས་མི་གནང་བས་ཁང་ཚན་བཞུགས་ཤག་ཏུ་ཡར་གདན་འདྲེན་ཞུས་པར་ཐུགས་བློ་བདེ་སོང་གསུངས། ཉིན་ཤས་སྔོན་ནས་ཁོང་གིས་ཆེད་དུ་ཞལ་ལག་མ་བཞེས་པར་བཞུགས་ཤིང་། ཏོག་ཙམ་བཞེས་རོགས་ཞུ་དུས་ད་བར་དུ་ཟས་པ་རེད། ད་འགྲིག་གི་རེད། ཨུ་ཚུགས་མ་སྐྱོན་དང་གསུངས་ཞིང་། དེ་ནས་ཞལ་ཀྱང་མ་གྲག་པར་དམིགས་རྣམ་སྐྱོང་བཞིན་བཞུགས། དེ་རིང་ཞོགས་པར་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་དགོངས་པ་རྫོགས་པས་ངེད་ཅག་ཡིད་གདུང་བས་མནར་ཡང་ཚེ་དང་སྒྲུབ་པ་མཉམ་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་གང་གི་གང་ཟག་མེད་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་རྣམས་ཡོངས་སུ་རྫོགས་པའི་ཕྱིར་དུ་དེ་རིང་སྔ་དྲོ་དགའ་ཤར་འདུས་མང་ནས་མཆོད་འབུལ་སྨོན་ལམ་དང་། དགོང་མོར་མངོན་རྟོགས་རྒྱན་གསུངས་གནང་པ་དང་། ཉིན་གུང་ཉག་རེ་ཁང་ཚན་གྱི་དགེ་བཤེས་རྣམ་པས་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་བཞེས་པ་དང་། སོག་ཉག་གཉིས་ཀྱི་འདུས་མང་ནས་མཆོད་འབུལ་སྨོན་ལམ་གསུངས་གནང་ཞིང་། ཁང་ཚན་གྱི་དགེ་འདུན་པ་རེས་མོས་ཀྱིས་ཆོས་སྒྲ་མ་ཆད་པར་གཞུང་ཆེན་སྐྱོར་བཞིན་པ་བཅས་འབྲེལ་ཡོད་རྣམས་ལ་བརྡ་ལན་གྱི་ཚུལ་དུ་དགའ་ཤར་ཉག་རེ་ཁང་ཚན་མས་ཕུལ།

བརྒྱུད་སྐུལ།

མཆན་སྤེལ།