ཕྱྭ་པ་ཆོས་ཀྱི་སེང་གེའི་གསུང་འབུམ་དང་འབྲེལ་བའི་ཆ་འཕྲིན།

ཕྱྭ་པ་ཆོས་ཀྱི་སེང་གེའི་གསུང་འབུམ་དང་འབྲེལ་བའི་ཆ་འཕྲིན།

༄༅། །ཕྱྭ་པ་ཆོས་ཀྱི་སེང་གེའི་གསུང་འབུམ་དང་འབྲེལ་བའི་ཆ་འཕྲིན།

རྩོམ་པ་པོ། མགོན་སེང་ཀརྨ་བདེ་ལེགས།

ཕྱྭ་པ་ཆོས་ཀྱི་སེང་གེའི་གདན་ས།

དེ་ཡང་སྔར་སྤྱི་ལོ༡༩༩༡ལོར་ཀ་ཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུ་ལྷུན་པོར་སློབ་གཉེར་བྱས་སྐབས། བོད་ཡུལ་དུ་ཕྱྭ་པ་ཆོས་ཀྱི་སེང་གེའི་དབུ་ཚད་ཀྱི་རིགས་ལམ་རྒྱ་ཆེར་སྤེལ་ཚུལ་གྱི་མཛད་རྣམ་མདོར་བསྡུས་ཙམ་ཐོག་མར་ཐོས། ད་དུང་ཡ་མཚན་པ་ཞིག་ལ་ཁོང་གིས། འགྲོ་བ་སེམས་ཅན་ཉལ་ནས་འཆི། །ང་ཕྱྭ་པ་ཆོས་སེང་ལངས་ནས་འཆི། །གསུངས་ནས་རྟགས་གསལ་གཏོང་བཞིན་གཤེགས་ཚུལ་ངག་རྒྱུན་གྱི་ལོ་རྒྱུས་ཡ་མཚན་ཅན་འགའ་ཤས་ཤིག་ཐོས་པ་ཙམ་ལས་ཞིབ་ཕྲའི་རྣམ་ཐར་དང་གསུང་སོགས་གང་ཡང་མཇལ་རྒྱུ་མ་བྱུང་།

དེ་རྗེས་སྔ་འགྱུར་བཀའ་མའི་དཔེ་རྙིང་འཚོལ་བསྡུ་སྐབས་སུ་དབུ་ཚད་ཀྱི་གཞུང་སྤྱི་དང་ལྷག་པར་དུ་དབུ་མ་རང་རྒྱུད་ཤར་གསུམ་གྱི་གཞུང་འགྲེལ་དང་། མཁན་ཆེན་ཞི་འཚོའི་དབུ་མ་རྒྱན་ལ་འགྲེལ་བ་ཡོད་ཚུལ་གོ་ཐོས་བྱུང་སྟེ་དཔེ་ཆ་དེ་ཚོ་མཇལ་འདོད་ཆེན་པོ་བྱུང་བ་བརྒྱུད་བཙལ་འཚོལ་བྱས་རུང་མ་རྙེད།

དེ་རྗེས་ལྷ་ས་སྨན་རྩིས་ཁང་གི་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱི་ཞལ་ནས་ཕྱྭ་པ་ཆོས་ཀྱི་སེང་གེ་ལ་དབུ་ཚད་ཀྱི་བསྟན་བཅོས་མང་པོ་ཡོད་ཚུལ་དང་། ཕྱྭ་པ་སྐུ་ན་ཆུང་དུས་ནས། ཀུན་བཏགས་ཀྱི་རྩེ་མོ་རྩེས་རྩེས་ནས། །གཞན་དབང་གི་ལྕི་བ་མ་བཏུས་ན། །ཡོངས་གྲུབ་ཀྱི་ཨ་མས་བརྡུང་དུ་འོང་། །ཞེས་པ་སོགས་གསུང་བྱོན་ཚུལ་དང་། ཁོང་གི་གསུང་རྩོམ་གྱི་མ་དཔེ་འདྲ་རྙེད་ཐུབ་ན་རིན་ཐང་ཆེན་པོ་ཡོད་རེད་ཅེས་ལམ་སྟོན་བཀའ་སློབ་མང་པོ་ཐོབ། དེ་ནས༢༠༠༡ལོའི་སྤྱི་ཟླ༩པའི་ནང་དུ་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་དང་། ཚད་བསྡུས་ཡིད་ཀྱི་མུན་སེལ་གཉིས་ཀྱི་དཔེ་རྙིང་བྲིས་མ་སྔར་འབྲས་སྤུངས་དཔེ་མཛོད་ཁང་དུ་བཞུགས་པ་ཞིག་མཇལ་རྒྱུ་བྱུང་ནས་ཤོག་ཐོག་ཏུ་སྤར་སློག་བརྒྱབས་པ་ཡིན། འོན་ཀྱང་མ་དཔེ་སྣ་རིང་སྐར་མ༧༤ཡོད་པ་ཞིག་ཡིན་པའི་རྐྱེན་གྱིས་ཐད་ཀར་སྤར་མ་ཐུབ་ནས། དུམ་བུ་གཉིས་དང་རྒྱབ་མདུན་གཉིས་སུ་སྤར་ནས་མཐུད་རྒྱབ་པའི་ཚོན་ཁྲ་མེད་པའི་སྤར་གཞི་ཞིག་ཡིན།

འབྲས་སྤུངས་དཔེ་མཛོད་དུ་བཞུགས་པའི་དབུ་ཚད་ཡིག་ཆ་སྐོར།

 

དེ་རྗེས༢༠༠༢ལོ་ནས་བཟུང་འབྲས་སྤུངས་དཔེ་མཛོད་ཁང་གཙོ་བོར་གྱུར་པའི་དབུས་གཙང་ཁུལ་གྱི་དཔེ་རྙིང་མང་པོ་ཞིག་སྲུང་སྐྱོབ་ཀྱི་ལས་ཀ་སྒྲུབ་སྐབས་ཕལ་ཆེ་བ་མཇལ་རྒྱུ་བྱུང་། དེ་ཡང་སྤྱིར་ཁོང་གི་གསུང་རྩོམ་ལ་བྱམས་ཆོས་སྡེ་ལྔའི་བསྡུས་དོན་རེ་དང་འགྲེལ་བ་རེ། ཚད་མ་རྣམ་ངེས་ལ་འགྲེལ་བ་རེ་དང་བསྡུས་དོན་རེ། ཕྱི་ནང་གི་གྲུབ་མཐའ། དབུ་མ་རྒྱན་དང་སྣང་བ། བདེན་གཉིས་གསུམ་ལ་འགྲེལ་བ་རེ་དང་བསྡུས་དོན་རེ། དབུ་མ་བསྡུས་པ་ཆེ་ཆུང་གཉིས། སྤྱོད་འཇུག་དང་བསླབ་བཏུས་ལ་འགྲེལ་བ་རེ་དང་བསྡུས་དོན་རེ། ཚད་མ་ཡིད་ཀྱི་མུན་སེལ་རང་འགྲེལ་དང་བཅས་པ། ཚད་མ་ཡིད་ཀྱི་མུན་སེལ་རྐྱང་པ། ཤེས་བྱ་གཞི་ལྔའི་རྣམ་གཞག་རྒྱས་བསྡུས་གཉིས། འདུལ་བ་འོད་ལྡན་གྱི་འགྲེལ་བ། འདུལ་བའི་སྤྱི་དོན། སོར་མདོའི་འགྲེལ་བ་སོགས་མང་པོ་ཡོད་པར་གྲགས།

ད་ལྟ་ང་ཚོས་དངོས་སུ་མཇལ་རྒྱུ་བྱུང་བ་འབྲས་སྤུངས་གནས་བཅུ་ལྷ་ཁང་དཔེ་རྟགས་ཕྱི་ཙ༡༢༠ནང་བཞུགས་པ་དབུ་མ་བདེན་གཉིས་ཀྱི་འགྲེལ་བ་དང་། ཡང་ཕྱི་ཙ༡༢༠ནང་བཞུགས་པ་དབུ་མ་བདེན་གཉིས་ཀྱི་བསྡུས་དོན། ཕྱི་ཙ༡༠༧ནང་བཞུགས་པ་དབུ་མ་སྣང་བའི་འགྲེལ་པ། ཕྱི་ཙ༡༢༠ནང་བཞུགས་པ་དབུ་མ་རྒྱན་གྱི་འགྲེལ་པ། དབུ་མའི་དེ་ཁོ་ན་ཉིད་སྙིང་པོ་ཞེས་པ་དབུ་ཤོག་མི་ཚང་བ་ལྡེབ༥༧ཅན་འདིའི་མ་དཔེ་ཞིག

 

སྙེ་མོ་བྱེ་མཁར་རུ་བཞུགས་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྡུས་དོན།

 

༢༠༠༡ལོའི་ཟླ་བ༡༡པའི་ཚེས༢༣ཉིན་འབྲས་སྤུངས་དཔེ་ཆའི་དཀར་ཆག་ཐོ་འགོད་པ་ཞིག་གིས་གཡར་བྱུང་། དེ་རྗེས༢༠༠༢ལོའི་ཟླ་བ༧པའི་ནང་ང་ཚོས་འབྲས་སྤུངས་དཔེ་མཛོད་ཀྱི་དཀར་ཆག་འབྲི་སྐབས་འདིའི་དཔེ་ཆ་མཇལ་རྒྱུ་མ་བྱུང་བས། ད་ལྟ་འདིའི་དཔེ་ཆ་འབྲས་སྤུངས་སུ་བཞུགས་མེད་པ་དང་། དབུ་ཤོག་མི་ཚང་བ་བཅས་ཀྱིས་ཨང་རྟགས་གསལ་བཤད་ཞུ་མ་ཤེས། འབྲས་སྤུངས་གནས་བཅུ་ལྷ་ཁང་དཔེ་རྟགས་ཕྱི་ཙ༦༥ནང་བཞུགས་པ་སྤྱོད་འཇུག་བསྡུས་དོན། ཕྱི་ཚ༤༠ནང་བཞུགས་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྡུས་དོན། ཕྱི་ཙ༦༠ནང་བཞུགས་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་རྒྱ་ཆེར་བཤད་པ་ཕྲ་བའི་དོན་གསལ། ཕྱི་ཚ༨༩ནང་བཞུགས་པ་ཐེག་ཆེན་མདོ་སྡེ་རྒྱན་གྱི་ལེགས་བཤད་ཡང་རྒྱན་ཉི་འོད་གསལ་བ། ཕྱི་ཚ༦༠ནང་བཞུགས་པ་ཐེག་ཆེན་མདོ་སྡེ་རྒྱན་གྱི་ལུས་རྣམ་གཞག །རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་དཔེ་མཛོད་ནང་དུ་བཞུགས་པ་ཚད་མ་རྣམ་པར་ངེས་པའི་བསྡུས་དོན་དང་། འབྲས་སྤུངས་གནས་བཅུ་ལྷ་ཁང་དཔེ་རྟགས་ཕྱི་ཞ༡༡ནང་བཞུགས་པ་ཚད་མ་རྣམ་པར་ངེས་པའི་འགྲེལ་པ། ཡང་ཕྱི་ཞ༡༡ནང་བཞུགས་པ་ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ། སྤོ་མི་སྤྱན་དྲུག་ལུང་དུ་གནས་སྡོད་བཀྲ་ཤིས་དབང་རྒྱལ་ནས་མཁོ་འདོན་གནང་བ་བདེ་བར་གཤེགས་པ་དང་ཕྱི་རོལ་པའི་གཞུང་རྣམ་པར་འབྱེད་པ། འབྲས་སྤུངས་གནས་བཅུ་ལྷ་ཁང་དཔེ་རྟགས་ཕྱི་ཝ༡༠ནང་བཞུགས་པ་སོ་ཐར་མདོའི་འགྲེལ་བ་དང་། ཕྱི་ཝ༡༣ནང་བཞུགས་པ་འདུལ་བ་འོད་ལྡན་ཞེས་བྱ་བའི་ཊིཀྐ་ཚིག་དོན་རབ་གསལ། ཕྱི་ཝ༣༠ནང་བཞུགས་པ་དགེ་ཚུལ་རྣམས་ཀྱི་བསླབ་པའི་རིམ་པ་སྟོན་པའི་རྣམ་བཤད་བཅས། ཆོས་ཚན་བཅུ་བདུན་ད་ལམ་དངོས་སུ་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུར་དཔར་བསྐྲུན་ཞུས་ཡོད། ཡང་འབྲས་སྤུངས་གནས་བཅུ་ལྷ་ཁང་ནང་དུ་བསླབ་བཏུས་ཀྱི་འགྲེལ་ཆེན་ཞིག་ཡོད་ཀྱང་རུལ་ཏེ་འབྱར་འདུག་པ་དང་། བསླབ་བཏུས་ཀྱི་བསྡུས་དོན་ཞིག་ཡོད་ཀྱང་ཤོག་ལྡེབ་གཅིག་ལས་མི་འདུག །ཡང་སྙེ་མོ་བྱེ་མཁར་ཆོས་སྡེ་དགོན་དུ་བསླབ་བཏུས་ཀྱི་འགྲེལ་བ་དང་། སྤྱོད་འཇུག་བསྡུས་དོན། རྒྱུད་བླ་མའི་བསྡུས་དོན་གསུམ་གྱི་དཔེ་ཆ་སྔར་ཡོད་ཀྱང་ད་ལྟ་ཤོག་ལྡེབ་ཁ་ཤས་ལས་མཇལ་རྒྱུ་མེད་པ་བཅས་ཁོ་བོའི་མཐོང་ཐོས་ཀྱི་ལོ་རྒྱུས་མདོར་བསྡུས་ཙམ་མོ། །

སྙེ་མོ་བྱེ་མཁར་རུ་བཞུགས་པའི་སྤྱོད་འཇུག་བསྡུས་དོན།

 

སྤྱིར་སློབ་དཔོན་ཕྱྭ་པ་ནི་དབུ་མ་སྔ་དར་རང་རྒྱུད་པའི་ལྟ་གྲུབ་འཛིན་མཁན་དངོས་སྟོབས་རིག་པའི་དབང་ཕྱུག་ཆེན་པོ་ཞིག་ཡིན་པས། ཕྱིས་སུ་དར་བ་ཐལ་འགྱུར་བའི་ལུགས་ལ་ཆོས་ཅན་མཐུན་སྣང་དུ་མ་གྲུབ་པ་སོགས་ལ་ཉེས་ཆེན་བརྒྱད་ཀྱི་སྐྱོན་བརྗོད་གནང་བ་དང་། ཛཱ་ཡ་ཨ་ནནྟ་ཡང་ཕམ་པར་མཛད་ཚུལ་སོགས་ལ་དཔག་ན། སྐབས་དེ་དུས་ཙམ་ན་འཕགས་བོད་གཉིས་ཆར་ལ་ཁོང་ལས་རིག་པའི་རྣམ་དཔྱོད་ཆེ་བ་ཞིག་མེད་པ་ཤེས་ཐུབ།

ད་ལམ་ང་ཚོར་མཇལ་རྒྱུ་བྱུང་བའི་རང་རྒྱུད་ཤར་གསུམ་གྱི་གཞུང་འདི་རྣམས་ནི། བརྗོད་བྱ་གཏན་ལ་འབེབ་ཚུལ་ཚད་མའི་རིགས་ལམ་གཙོར་བཏོན་མཛད་དེ་དཔྱད་པ་གནང་བ་ཞིག་དང་། རྗོད་བྱེད་བརྡ་སྤྲོད་ཀྱི་ཚིག་སྦྱོར་ཡང་རྙིང་ཆེ་བས་དེང་དུས་དང་མི་མཐུན་པ་སོགས་ཀྱི་རྐྱེན་པས་ཧ་ཅང་གོ་བ་ལེན་ཁག་པོ་འདུག །འོན་ཀྱང་དེ་དག་ལས་དབུ་མའི་སྟོང་ཐུན་ནི་ཅུང་གོ་བདེ་བ་ཞིག་ཏུ་མཐོང་།

ཤཱཀྱ་མཆོག་ལྡན་གྱིས་ཕྱྭ་པས་རྡུལ་ཕྲན་ཐུག་མེད་དང་སྟོང་ཉིད་བདེན་གྲུབ་ཏུ་འདོད་པར་གསུངས་པ་དང་། དེང་སང་གྲྭ་ས་ཁག་མང་པོ་ཞིག་ཏུའང་ཕྱྭ་པའི་རྒྱུད་ཀྱི་སྟོང་ཉིད་བདེན་གྲུབ་ཏུ་འཛིན་པའི་བདེན་འཛིན་ཆོས་ཅན་ཞེས། རྩོད་གཞིར་འཛིན་པ་སོགས་ནི་དངོས་དོན་ཕྱྭ་པའི་རང་བཞེད་ཡིན་མིན་བརྟག་དགོས་པ་ལས། སྤྱིར་བཏང་ཕྲན་ནི་ཤེས་ཡོན་གྱི་ཆུ་ཚད་དམན་པ་དང་། ལས་བྲེལ་ཆེ་བ་སོགས་ཀྱི་རྐྱེན་པས་ཞིབ་མོའི་དཔྱད་པ་བྱ་མ་ཐུབ་རུང་། ཁོང་གི་དབུ་མའི་སྟོང་ཐུན་ལས་བདེན་གཉིས་ཀྱི་མཚན་ཉིད་བཤད་པའི་སྐབས་སུ། དོན་དམ་བདེན་པའི་མཚན་ཉིད་ནི་མཐར་ཐུག་འཇལ་བའི་ཚད་མའི་ཡུལ་དུ་བདེན་པ་སྟེ། ལྡོག་པ་འགའ་ཞིག་ལ་ཁྱད་པར་དཔྱད་པས་བདེན་པའི་ཞེན་པ་བཟློག་ཏུ་མེད་པ་ནི་དཔྱད་བཟོད་པ་ཡིན་ལ། དེ་འཇལ་བ་ནི་མཐར་ཐུག་འཇལ་བའི་ཚད་མ་ཡིན་ལ། དེའི་གཞལ་བྱར་བདེན་པ་དོན་དམ་པའི་བདེན་པའོ་ཞེས་གསུངས་པ་དང་། ཡང་དབུ་མ་པ་དག་ནི་རྒྱུན་དང་རིལ་བོ་ནི་སྐད་ཅིག་དང་རྡུལ་དུ་ཕྱེ་བས་བདེན་པའི་ཞེན་པ་བཟློག་པར་བྱ་བ་ཡིན་ཞིང་། རྡུལ་ཕྲན་དང་སྐད་ཅིག་ཀྱང་དེ་ཉིད་ལ་ཕྱོགས་བཅུ་དང་ཐོག་མ་དང་དབུས་དང་ཐ་མར་ཕྱེ་བས་བདེན་པའི་ཞེན་པ་བཟློག་པར་བྱ་བ་ཡིན་ལ། དེ་བཞིན་དུ་ཆ་ཐུག་པ་མེད་པས་ཆ་ལའང་ཆར་ཕྱེ་སྟེ་བདེན་པའི་ཞེན་པ་བཟློག་པར་བྱ་བ་ཡིན་ཏེ་ཞེས་པ་ལྟར་ན། ཕྱིས་དར་ཐལ་འགྱུར་བས་རིགས་པས་འཕུལ་ཏེ་སྐྱོན་བརྗོད་པ་ཙམ་མ་ཡིན་པར་དངོས་སུ་སྟོང་ཉིད་བདེན་གྲུབ་དང་རྡུལ་ཕྲན་ཐུག་མེད་དུ་ཞལ་གྱིས་བཞེས་པ་ཡིན་ནམ་སྙམ། འོན་ཀྱང་ཐོས་བསམ་དོན་དུ་གཉེར་བའི་བློ་གསལ་རྣམས་ཀྱིས་ཚིག་སྦྱོར་ཚུལ་གོ་དཀའ་སླ་དང་། དམ་བཅའ་ཟིན་མིན་ཙམ་ལ་མི་གཟིགས་པར་བོད་སྔ་ཕྱིའི་ལྟ་བའི་བཞེད་ཚུལ་དང་། གཞུང་ལུགས་འཕེལ་ཕྱོགས་སྐོར་ལ་དཔྱད་ཞིབ་གནང་རྒྱུ་ཞིག་བྱུང་ན་མཁྱེན་རྒྱ་ཆེ་རུ་འགྲོ་བ་ནི་སྨོས་མ་དགོས།

ཡང་ཚད་བསྡུས་ཡིད་ཀྱི་མུན་སེལ་འདི་ནི་ཚད་མ་སྔ་རབས་པས་རྣམ་ངེས་གཙོ་བོར་འཛིན་པ་དང་། རྔོག་ལོའི་བཞེད་གཞུང་གསལ་བར་བྱེད་པ་ལ་འགྲན་ཟླ་བྲལ་བ་ཞིག་དང་། ཚད་མ་གཙོ་བོར་གྱུར་པའི་གཞུང་ལུགས་སློབ་གཉེར་བྱ་ཐབས་ཀྱི་རིགས་ལམ་མང་པོ་གསར་བཏོད་གནང་བ་སོགས་ཀྱིས། ཚད་མ་རིགས་པ་བོད་གངས་ཅན་ལྗོངས་སུ་འཕེལ་རྒྱས་འགྲོ་བ་ལ་བཀའ་དྲིན་གཞལ་ཐབས་བྲལ་བ་ཞིག་ཡིན་ནའང་། བར་སྐབས་ཤིག་ཏུ་ཚད་མ་རྣམ་འགྲེལ་གཙོ་བོར་འཛིན་པ་ཕྱི་རབས་པ་རྣམས་ཀྱི་འཕྲིན་ལས་རྒྱས་པའི་དབང་གིས་དེ་ཙམ་ལ་ཆོག་པར་བཟུང་སྟེ། རང་ཅག་ཕ་མེས་ཀྱིས་བཞག་པའི་གཅེས་ནོར་མཐའ་དག་བློ་དཀྱེལ་ཆེན་པོའི་བདག་སྤྲོད་མ་བྱས་པའི་རྐྱེན་གྱིས། དུས་རབས་བཅོ་ལྔ་ཡན་མན་ནས་ད་ལྟའི་བར་དུ་ཁོང་གི་དབུ་ཚད་ཀྱི་གཞུང་རྣམས་འཆད་ཉན་བྱེད་པ་ཕར་ཞོག །དཔེ་ཆ་ཙམ་ཡང་ཐོས་བསམ་པ་ཡོངས་ཀྱིས་མཇལ་རྒྱུ་མེད་པར་གྱུར་ཏེ། ཟེར་སྒྲོས་སུ་རྔོག་ལོ་ཆེན་པོའི་མུ་སྟེགས་ཀྱི་རྟོག་གེ་བ་སྐལ་ལྡན་རྒྱལ་པོ་བསྟེན་པ་ལས་བྱུང་བའི་བཞེད་གཞུང་དག་དགག་བྱ་སྐྱོན་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱང་དངོས་དོན་ཁོང་གི་ཡིག་ཆ་མཐོང་རྒྱུ་མེད་པའི་རྐྱེན་གྱིས། ཕྱི་རབས་རིག་སྨྲའི་ཁྲོད་དུ་ཕྱྭ་པའི་བཞེད་གཞུང་ནི་ཟེར་སྒྲོས་སྒྲོ་བཏགས་སྣ་ཚོགས་ཀྱི་གཞིར་གྱུར་ཏེ། ཕྱོགས་སྔའི་བཞེད་གཞུང་གི་ཁ་ཕྱོགས་ཙམ་ཡང་མི་གསལ་བཞིན་དུ། འོལ་ཚོད་ཀྱི་རིགས་པས་དཔྱད་པ་སྣ་ཚོགས་བྱེད་པ་ནི་མུན་ནག་ནང་དུ་མདའ་འཕེན་པ་བཞིན་གནད་དུ་ཕོག་དཀའ། དེས་ན་ད་ལྟ་ཁོང་གི་གསུང་ཚད་བསྡུས་ཡིད་ཀྱི་མུན་སེལ་གྱི་དཔེ་གཅིག་རྙེད་སོན་བྱུང་ཡང་། དེང་དུས་ཀྱི་བརྡ་སྤྲོད་དང་བསྟུན་ན་ཡི་གེ་མ་དག་པ་དང་། བརྗོད་སྒྲོས་བརྡ་རྙིང་མང་བ་སོགས་ཀྱིས་དཀའ་ཚེགས་མི་ཉུང་བ་ཡོད་པ་རྣམས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དོ་སྣང་གནང་རྒྱུ་གལ་ཆེན་པོ་རེད།

ཕྱྭ་པ་ཆོས་ཀྱི་སེང་གེ །1109—1169

 

ཕྱི་དར་བསྟན་པའི་འབྱུང་གནས་དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་མཁན་རབས་དྲུག་པ་ཕྱྭ་པ་ཆོས་ཀྱི་སེང་གེ་མཆོག་ནི་བོད་རབ་བྱུང་གཉིས་པའི་ས་མོ་གླང་སྤྱི་ལོ1109ལ་ཡུལ་དབུས་ཀྱི་ཆ་སྟག་རྩེ་རྫོང་ཁོངས་ཕྱྭ་ཞེས་པའི་སར་སྐུ་འཁྲུངས། ཁོང་ན་གཞོན་པའི་དུས་སུ་ཐུགས་རིག་ཤིན་ཏུ་བཟང་བས་རྩེ་རའི་ནང་དུ་ཡང་། ཀུན་བཏགས་ཀྱི་རྩེ་མོ་རྩེས་རྩེས་ནས། །གཞན་དབང་གི་ལྕི་བ་མ་བཏུས་ན། །ཡོངས་གྲུབ་ཀྱི་ཨ་མས་བརྡུང་དུ་འོང་། །ཞེས་པའི་གླུ་དབྱངས་ལེན་པ་སོགས་ངོ་མཚར་བའི་མཛད་སྤྱོད་ཀྱི་སྙན་པ་དགེ་བཤེས་རྒྱ་དམར་བ་བྱང་ཆུབ་གྲགས་ཀྱིས་གསན་ཏེ། ཕ་མ་ལས་བསླངས་ནས་ཞབས་ཕྱི་ལ་ཉར་གནང་མཛད་པ་བརྒྱུད། རྒྱ་དམར་བའི་མདུན་ནས་དབུ་ཚད་བྱམས་ཆོས་སོགས་ལ་སྦྱངས་པ་མཛད། ཞང་ཚེ་སྤོང་ཆོས་ཀྱི་བླ་མ་ལས་རབ་ཏུ་བྱུང་སྟེ་མཚན་ཆོས་ཀྱི་སེང་གེ་ཞེས་གསོལ། ཞང་ཆོས་ཀྱི་བླ་མ་དང་ཉང་བྲན་ཆོས་ཀྱི་ཡེ་ཤེས་གཉིས་ཀྱི་མདུན་ནས། ཕར་ཕྱིན་དང་བསླབ་བཏུས་སྤྱོད་འཇུག་སོགས་མདོ་ཕྱོགས་ཀྱི་གཞུང་ལུགས་ཀུན་ལ་གསན་བསམ་དཔྱིས་ཕྱིན་པ་མཛད། བྱ་བྲལ་འདུལ་འཛིན་བརྩོན་འགྲུས་འབར་ལས་བསྙེན་པར་རྫོགས་ཏེ། འདུལ་བའི་གཞུང་ལུགས་མཐའ་དག་ལ་སྦྱངས་པ་མཛད་དེ་སོར་མདོ་དང་། འདུལ་བ་འོད་ལྡན་གྱི་འགྲེལ་བ། དགེ་ཚུལ་གྱི་བསླབ་བྱ་སོགས་འདུལ་བའི་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་བརྩམས།

དེ་ནས་དགུང་ལོ་ཉེར་གསུམ་ཙམ་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ལས་ལྷག་པའི་ལྷའི་བྱིན་རླབས་ཞུགས་པས། རིག་པའི་རྣམ་དཔྱོད་ཀྱི་མཐུ་ཐོགས་པ་མེད་པ་ཞིག་བརྙེས་ནས་དབུ་ཚད་བྱམས་ཆོས་སོགས་ཀྱི་གཞུང་འགྲེལ་མང་པོ་བརྩམས་ཏེ་མཚན་སྙན་ཤིན་ཏུ་རྒྱས། དེ་ནས་རབ་བྱུང་གསུམ་པའི་ཆུ་སྤྲེལ་སྤྱི་ལོ༡༡༥༢ནས་ལྕགས་སྟག་སྤྱི་ལོ༡༡༧༠བར། གསང་ཕུ་ནེའུ་ཐོག་གི་གདན་རབས་དྲུག་པ་གནང་ནས། རིན་ཆེན་འབྱོར་ལྡན་གྱི་གསང་ཕུའི་གདན་རབས་ལས། ཁ་ཅིག་ཕྱྭ་པ་ཆོས་སེང་གིས་དང་པོ་ལོ་བཅོ་བརྒྱད་གདན་ས་པ་མཛད། དེ་ནས་གཉལ་དུ་གྲོ་ལུང་པའི་དྲུང་དུ་ལོ་གཉིས་བཞུགས་པས་དེའི་བར་ལ་གདན་ས་པ་མེད། དེའི་རྗེས་སུ་སླར་ཡང་ལོ་བཅུ་བདུན་གདན་ས་པ་གནང་བ་བཅས། སྔ་ཕྱི་དྲིལ་བས་ལོ་སུམ་ཅུ་རྩ་ལྔ་གདན་ས་པ་མཛད་པར་འདོད་པའང་ཡོད་པར་གསུངས་ཀྱང་ལོ་ཚིགས་གོང་འོག་སྒྲིག་མི་ཐུབ་པས་དཔྱད་པར་བྱ་བའོ། །

ལོ་བཅོ་བརྒྱད་རིང་གདན་ས་བསྐྱངས་ཏེ་རིགས་ལམ་བྱང་བའི་ཆེད། ཚད་བསྡུས་དང་དབུ་བསྡུས་ཀྱི་སྲོལ་ཐོག་མར་ཕྱེས་ཏེ། ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ་རང་འགྲེལ་དང་བཅས་པ། ཡིད་ཀྱི་མུན་སེལ་རྐྱང་པ་གཉིས་བརྩམས་ཏེ། བསྡུས་གྲྭའི་ལམ་སྲོལ་གསར་བཏོད་གནང་བ་བརྒྱུད། དམ་བཅའ་བ་དེ་ཚོགས་པའི་དབུས་སུ་བཞུགས་ཏེ་རྣམ་ཐར་སྒོ་བཞིའི་ལན་འདེབས་ཚུལ་དང་། རྟགས་གསལ་བ་ཚོགས་པའི་དཀྱིལ་ནས་ལངས་ཏེ་དྷི་ཆོས་ཅན་ཞེས་ཐལ་འགྱུར་འཕེན་པའི་སྒོ་ནས་རྟགས་གསལ་བཙུགས་ཏེ་ཁྱབ་མཐའ་འགོད་པ། རྒྱུ་མཚན་འདྲི་བ། འཁོར་གསུམ་དང་ཚ་རྒྱག་པ་སོགས་ཀྱིས་སློབ་གཉེར་གྱི་ལམ་སྲོལ་གསར་པ་ཞིག་ཕྱེས་པས། ཚད་མའི་རིགས་ལམ་གྱི་སྒོ་ནས་དབུ་ཚད་བྱམས་ཆོས་སོགས་ཀྱི་སློབ་གཉེར་ལ་འཕེལ་རྒྱས་འགྲོ་བའི་སྐུལ་ལྕག་ཆེན་པོ་བྱུང་སྟེ། ད་ལྟའི་མཚན་མཚོན་གྱི་རྣམ་གཞག་རྒྱས་པ་འདི་དག་ཁོང་གི་སྐུ་དུས་སུ་བྱུང་བར་བཤད།

གསང་ཕུའི་གདན་ས་མཛད་རྗེས་ཞང་གྲོ་ལུང་པའི་ཞབས་སུ་འབད་པ་ཆེན་པོས་གཏུགས་ཏེ། རྔོག་ལོའི་ཁ་ཆེ་ནས་བརྒྱུད་པ་ཕར་ཕྱིན་གཙོ་བོར་གྱུར་པའི་མདོ་ཕྱོགས་ཀྱི་བཤད་རྒྱུན་རྣམས་ལ་ཁུངས་ཐུབ་ཀྱིས་ཞུན་ཐར་བཅད་དེ་གསན། སྤྱིར་ཁོང་གིས་གཞུང་ལུགས་བཞི་བཅུ་ཙམ་གྱི་རྣམ་བཤད་མཛད་ཅིང་གྲུབ་མཐའི་སྤྱི་ཁོག་རྔོག་ལོ་དང་མཐུན་ཀྱང་། ཁོང་ནི་རིགས་ལམ་ལ་ཞིབ་ཆ་ཆེ་བས་གནས་སྐབས་འཛིན་མཚམས་ཕྲན་ཚེགས་ལ་ཡང་དགག་པ་མང་པོ་མཛད། རྡུལ་ཕྲན་ཐུག་མེད་དང་སྟོང་ཉིད་བདེན་གྲུབ་ཏུ་འདོད་པར་བཤད་པ་ནི། ཤར་གསུམ་དབུ་མའི་སྟོང་ཐུན་ནམ་དབུ་མ་བསྡུས་པ་དེ་ཁོ་ན་ཉིད་ཀྱི་བདེན་གཉིས་ཀྱི་མཚན་ཉིད་བཤད་པའི་སྐབས་སུ་གསལ་བ་དང་། སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལ་ཆོས་ཅན་མཐུན་སྣང་དུ་མ་གྲུབ་ན་ཐལ་བ་འགོད་པ་མི་འཐད་པ་སོགས་ཉེས་ཆེན་བརྒྱད་ཀྱི་དགག་པ་མཛད་པས། རྒྱ་གར་དུ་ཡང་དཔལ་ལྡན་ཟླ་བའི་ལུགས་ཀྱི་དབུ་མ་བོད་དུ། ཕྱྭ་པ་ཆོས་སེང་གིས་དར་རྒྱས་མ་བཅུག་པའི་གྲགས་གཡེར་ཆེན་པོ་བྱུང་སྟེ། སྐབས་དེ་དུས་ཙམ་ན་དཔལ་ལྡན་ཟླ་བའི་ཞབས་ཀྱི་དབུ་མའི་དགོངས་པ་འགྲེལ་བ་ལ་འགྲན་ཟླ་དང་བྲལ་བ། པཎྜི་ཏ་ཛཱ་ཡ་ཨ་ནནྟ་བོད་དུ་ཕེབས་ཏེ་རྩོད་པ་མཛད་པས་ཕྱྭ་པ་ཆོས་སེང་མ་ཐུབ་ནས། པཎྜི་ཏ་ཕམ་སྟེ་ཞལ་སྐྱེངས་གནང་ནས་བོད་དུ་བཞུགས་མ་ནུས་པར། རྒྱ་ནག་ཏུ་ཕེབས་ཏེ་ལོ་གསུམ་རིང་འཇམ་དབྱངས་ཀྱི་སྒྲུབ་པ་མཛད་དེ་བཞུགས། དེ་རྗེས་སྤོབས་པ་ཅུང་ཟད་རྙེད་དེ་སླར་ཡང་བོད་དུ་ཕེབས་ཏེ་ཕྱྭ་པ་དང་རྩོད་པའི་ཤགས་འགྱེད་པར་དགོངས་ཀྱང་། བོད་རབ་བྱུང་གསུམ་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ1169ཕྱྭ་པ་ཞི་བར་གཤེགས་ཟིན།

དུང་དཀར་རིན་པོ་ཆེའི་ཕྱྭ་པའི་རྣམ་ཐར་གཙང་ནག་པས་མཛད་པ་ཞིག་ཡོད་ཚུལ་གསུང་འདུག་ཀྱང་ད་ལྟའི་ཆར་མཇལ་རྒྱུ་མ་རྙེད་པས་དེ་ཙམ་ཞིག་ལས་ཞིབ་ཕྲ་ཞུ་མ་ཤེས།

ཁོང་གིས་གསང་ཕུའི་གདན་ས་མཛད་སྐབས་སློབ་མ་དཔེ་འགྲིམས་བ་ལྔ་སྟོང་ལྷག་ཙམ་བྱུང་བའི་ནང་ནས་གཙོ་བོ་གྲུབ་ཐོབ་མི་གསུམ་སྟེ། ཀརྨ་པ་དུས་གསུམ་མཁྱེན་པ། ཕག་མོ་གྲུ་པ། གསལ་སྟོང་ཤྭ་སྒོམ་གསུམ་དང་། ཇོ་སྲ་བཞི་ནི་འཁོན་ཇོ་སྲས་རྩེ་མོ་དང་། རྔོག་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ། གཉོས་ཇོ་སྲས་དཔལ་ལེ་བཞི་དང་། ཤེས་རབ་ཅན་བཞི་ནི། མགར་དབང་གྲུབ་དང་། ཀོང་པོ་འཇག་ཆུང་། ལྷོ་བ་སྒོག་ཟན། སྤར་ཕུ་བ་བློ་གྲོས་སེང་གེ་དང་། སེང་ཆེན་བརྒྱད་ནི། གཙང་ནག་པ་བརྩོན་འགྲུས་སེང་གེ་དང་། དན་བག་པ་སྨྲ་བའི་སེང་གེ །བྲུ་ཤ་བསོད་ནམས་སེང་གེ །རྨ་བྱ་རྩོད་པའི་སེང་གེ །རྩེགས་དབང་ཕྱུག་སེང་གེ །ཉང་བྲན་ཆོས་ཀྱི་སེང་གེ །ལྡན་མ་དཀོན་མཆོག་སེང་གེ །གཉལ་བ་ཡོན་ཏན་སེང་གེ་བཅས་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་པོ་བྱུང་།

 

ཞེས་པ་འདི་ནི་སྤྱི་ལོ༢༠༠༤ལོ་ནས་བཟུང་བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་དང་ཕྱྭ་པ་ཆོས་ཀྱི་སེང་གེའི་གསུང་འབུམ་ཕྱོགས་སྒྲིག་གི་སྐབས་སུ་བྲིས་པའི་ཟིན་ཐོ་རྣམས། ཉེ་ཆར་འཇར་མིན་གཙུག་ལག་སློབ་གྲྭའི་སློབ་མ་སོགས་ཞིབ་འཇུག་སློབ་མ་འགའ་ཤས་ཀྱིས་ཕྱྭ་པའི་ཚད་བསྡུས་གཙོ་བོར་གྱུར་པའི་དབུ་ཚད་ཀྱི་ཡིག་ཆ་འགའ་ཤས་མཁོ་འདོན་དགོས་ཚུལ་གྱི་རེ་བ་བཞིན། ལོ་མང་རིང་ལྟ་ཀློག་མ་ཐུབ་པའི་ཕྱྭ་པའི་གསུང་དང་སྔར་གྱི་ཟིན་ཐོ་རྙིང་པ་རྣམས་ཀློག་རྡུལ་ཡིག་མཛོད་ནས་གསར་མཐོང་ལྟ་བུའི་ཚོར་བ་གསར་པ་ཞིག་གིས་རྐྱེན་བྱས་ཏེ། བཟའ་བཏུང་སློབ་ཁྲིད་ཀྱི་ཞོར་དུ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དྲྭ་ཐོག་དུ་འགོད་འཆར་ཐོག་གྲོགས་པོ་རིག་འཛིན་ནས་ཞུ་དག་གནང་བ་བརྒྱུད། སྤྱི་ལོ༢༠༢༡ལོ་ཟླ༧ཚེས༣ལ་གསེར་རྟ་ལག་རྩལ་སློབ་གྲྭ་ནས་ཀརྨ་བདེ་ལེགས་ཀྱིས།

 

ཡོང་ཁུངས། བོད་ཀྱི་དམངས་སྲོལ་རིག་གནས་སྤྱི་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།