ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པ་ཐུབ་བསྟན་མཛེས་པའི་པདྨོ།

ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པ་ཐུབ་བསྟན་མཛེས་པའི་པདྨོ།
༄༅། །རྗེ་བཙུན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་པཎྜི་ཏ་
ཆེན་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པ་
ཐུབ་བསྟན་མཛེས་པའི་པདྨོ་ཞེས་བྱ་བ་བཞུགས་སོ།།
༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །བསྐལ་བཟང་མི་མཇེད་ཞིང་འདིའི་འགྲོ་རྣམས་ལ། །རྒྱལ་བ་གཞན་ལས་ཐུགས་རྗེ་ཆེས་ལྷག་པ། །སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ། །སྙིང་ནས་འདུད་དོ་རེ་བ་འབྲས་ལྡན་མཛོད། །རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི། །སྒྲིབ་མེད་ཡེ་ཤེས་བགྲང་ཡས་གདུལ་བྱའི་མགོན། །བསྟན་པའི་རྒྱལ་མཚན་འཛིན་ལ་ཟླ་བྲལ་བ། །རྗེ་བཙུན་བླ་མས་བྱང་ཆུབ་བར་དུ་སྐྱོངས། །

ཆོས་ཀྱི་གྲགས་པ་རྒྱ་འདུལ་ཆེན་པོ་དང༌། །རིག་པའི་སེངྒེ་མཁས་གྲུབ་ནོར་བུ་བཟང་། །སྨྲ་བའི་དབང་ཕྱུག་དགེ་འདུན་བློ་བཟང་སོགས། །རབ་འབྱམས་སྤྲུལ་པའི་བྱེད་པོས་དགེ་ལེགས་སྩོལ། །རྒྱལ་ཀུན་མཁྱེན་པའི་སྲང་ལ་གཞལ་དཀའ་བའི། །གང་གི་ཡོན་ཏན་རིན་ཆེན་ཕུང་པོའི་ཚོགས། །ཇི་བཞིན་བརྗོད་པ་བདག་བློའི་ཡུལ་མིན་ཀྱང་། །ཅུང་ཟད་ཙམ་ཞིག་དད་པའི་གསོས་སུ་སྤེལ། །གངས་ཅན་བསྟན་འགྲོའི་པད་ཚལ་རྒྱས་བྱེད་པའི། །ལྷག་བསམ་ཤིང་རྟས་དྲངས་པའི་ཉིན་བྱེད་མགོན། །ཞི་བ་ནུབ་འི་བག་ལ་ཞ་ཡི་བར། །ངོ་མཚར་མཛད་པའི་འོད་ཟེར་འདི་ལྟར་བཀྱེ། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་སར། །ཆོ་རིགས་བཙུན་པའི་ཡབ་རྗེ་ཚངས་དཀར་དང༌། །བསྐྱེད་བྱེད་རྒྱལ་ཡུམ་ཚེ་རིང་དཔལ་འཛོམ་གྱི། །སྲས་སུ་ལྷུམ་ཞུགས་མཛད་ལ་གསོལ་བ་འདེབས། །དེ་ཚེ་མངོན་ཤེས་ལྔ་ལྡན་དྲང་སྲོང་གིས། །འདི་ནི་སྐྱེས་བུ་དམ་པའི་སྐྱེ་བ་ཡིན། །སྤྱོན་ཚེ་འཕེལ་བྱ་བར་མཚན་གསོལ་ཞེས། །གསལ་བར་ལུང་བསྟན་མཛད་ལ་གསོལ་བ་འདེབས། །རྒྱལ་བའི་མྱུ་གུ་ཡུམ་ལས་བལྟམས་པའི་ཚེ། །ལུམྦིའི་ཚལ་དུ་ཤཱཀྱའི་སྲས་པོ་བཞིན། །དགེ་མཚན་དུ་མའི་ལྟས་དང་ལྷན་ཅིག་པར། །བདེ་བའི་ངང་དུ་བཙས་ལ་གསོལ་བ་འདེབས། །སྔོན་གོམས་ནོར་བདུན་མཛའ་བས་མ་བཏང་བས། །གཞོན་ནུའི་དུས་ནས་བག་ཡོད་རྒྱན་གྱིས་མཛེས། །མཐོང་ན་ཡིད་ཀྱི་བརྟན་པ་འཕྲོག་བྱེད་པའི། །རྒྱལ་སྲས་མཚན་དང་ལྡན་ལ་གསོལ་བ་འདེབས། །འཁོར་བའི་ཕུན་ཚོགས་གློག་གི་རྒྱུ་བ་དང་། །ཁྱིམ་གྱི་དཔལ་འབྱོར་ཉེས་པའི་འབྱུང་ཁུངས་སུ། །གཟིགས་ནས་བདག་གིས་ཉེས་པ་འདི་སྤོང་ཞེས། །ཡབ་ལ་ཡང་ཡང་བསྐུལ་ལ་གསོལ་བ་འདེབས། །མཁས་གྲུབ་ཆེན་པོ་ཚེ་བརྟན་རྒྱལ་མཚན་གྱིས། །བསྟན་པའི་གདུང་ཚོབ་མཆོག་ཏུ་མངོན་རིག་ནས། །མཐོན་མཐིང་ལྕང་ལོའི་ཟུར་ཕུད་རབ་བྲེགས་ཏེ། །ལུང་བསྟན་བྱིན་རླབས་མཛད་ལ་གསོལ་བ་འདེབས། །སྣང་མཐའི་མགོན་གྱིས་ཡེ་ཤེས་རྒྱལ་མཚན་ཞེས། །མཚན་གསོལ་ཚངས་སྤྱོད་དཔལ་གྱིས་རྒྱུད་བརླན་ཏེ། །ཞི་བ་མཉམ་པ་མེད་པའི་དངོས་པོ་ཡིས། །འཁོར་བའི་འཆིང་བ་བཅད་ལ་གསོལ་བ་འདེབས། །སྡེ་བདུན་ལ་སོགས་རྒྱ་བོད་མཁས་པའི་གཞུང་། །ཚིག་ཕྱིར་མ་འབྲངས་རང་སེམས་འདུལ་བའི་ཕྱིར། །རྒྱུད་ལ་བསྐོར་ཏེ་ཉམས་ལེན་ལྷུར་མཛད་པས། །གཞུང་ལུགས་གདམས་པར་ཤར་ལ་གསོལ་བ་འདེབས། །དེ་ཚེ་ཆོས་ཀྱི་གྲགས་པས་མནལ་ལམ་དུ། །ཚད་མའི་གཞུང་ལ་ཟབ་བཤད་མཛད་པ་ན། །རིག་པའི་སྒོ་འཕར་བརྒྱ་ཕྲག་ཡོངས་ཕྱེ་བས། །ཆོས་གྲགས་གཉིས་པར་གྲགས་ལ་གསོལ་བ་འདེབས། །བདེ་གཤེགས་གསུང་རབ་ཀུན་གསལ་ངོས་ཡངས་པོར། །གང་གི་སྤྱན་ཟུར་ལྷུངས་པ་ཙམ་གྱིས་ཀྱང་། །ཚིག་དོན་མ་ལུས་ཐུགས་སུ་བྱང་ཆུབ་པ། །མཁས་པའི་དབང་པོ་མཆོག་ལ་གསོལ་བ་འདེབས། །དེ་ཡིས་ཡིད་སྲུབས་བདག་པོའི་སྙིང་གནད་དེ། །གདུག་པའི་ཆོ་འཕྲུལ་མངོན་དུ་གྱུར་བ་ན། །ལྷག་པའི་ལྷ་ཡི་རྣལ་འབྱོར་ཟབ་མོ་ཡིས། །བདུད་དཔུང་ཕམ་པར་མཛད་ལ་གསོལ་བ་འདེབས། །སྣ་ཚོགས་རྐྱེན་གྱིས་འཁོར་བའི་མཚང་བསྟན་པས། །གྲགས་སྙན་དབུ་བའི་དོ་ཤལ་ལྟར་གཟིགས་ཤིང་། །ཀུན་ཏུ་དབེན་པའི་འཇུག་ངོགས་རབ་མྱུལ་ཏེ། །དམ་པའི་ཞབས་རྡུལ་བསྟེན་ལ་གསོལ་བ་འདེབས། །མཚན་ལྡན་བླ་མ་བློ་བཟང་རྣམ་རྒྱལ་རྗེ། །སྲོག་དང་བསྡོས་པའི་བསྟེན་ཚུལ་གྲངས་མེད་པ། །རྟག་ཏུ་ངུ་དང་གཞོན་ནུ་ནོར་བཟང་གི །འགྲན་ཟླ་འོས་པ་ཁྱོད་ལ་གསོལ་བ་འདེབས། །དེ་ཚེ་ཁྱོད་ཀྱི་ཡོན་ཏན་ཕུང་པོའི་ཚོགས། །བསྟན་དང་འགྲོ་ལ་སྨན་པ་དམ་པས་གཟིགས། །ཐབས་ཀྱིས་ཚར་བཅད་བརྩེ་བས་རྗེས་བཟུང་སྟེ། །སྲས་ཀྱི་ཐུ་བོར་གྱུར་ལ་གསོལ་བ་འདེབས། །བསྙེན་པར་རྫོགས་པའི་དངོས་པོའི་དཔལ་ནོད་དེ། །ཉིས་བརྒྱ་ལྔ་བཅུ་གསུམ་གྱི་བཅས་ཁྲིམས་ལས། །རྨི་ལམ་དུ་ཡང་འདའ་བའི་གོ་སྐབས་དབྱུང་། །ཚུལ་ཁྲིམས་ཕུང་པོ་རྫོགས་ལ་གསོལ་བ་འདེབས། །སྨོན་དང་འཇུག་པའི་བྱང་ཆུབ་ཐུགས་བསྐྱེད་ནས། །རྒྱལ་སྲས་བཅས་པའི་མཚམས་ལས་མི་འདའ་བར། །རླབས་ཆེན་སྤྱོད་པ་མཆོག་ལ་ཐུགས་གཞོལ་བའི། །རྒྱལ་སྲས་བརྩེ་བའི་གཏེར་ལ་གསོལ་བ་འདེབས། །སྙིགས་དུས་ཚེ་ལ་སངས་རྒྱས་བསྒྲུབ་པའི་ཕྱིར། །སྨིན་བྱེད་དབང་དང་གྲོལ་བྱེད་རིམ་གཉིས་ཁྲིད། །གཞུང་བཤད་ལུང་དང་སྙན་རྒྱུད་མན་ངག་ནོད། །དཀྱིལ་འཁོར་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །སྐུ་གསུམ་ལམ་དུ་འཁྱེར་བའི་རྣལ་འབྱོར་གྱིས། །སྐྱེ་ཤི་བར་དོའི་དྲི་མ་སྦྱངས་པ་ན། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་མངོན་སུམ་གཟིགས། །བར་གཅོད་མཚན་མ་བྲལ་ལ་གསོལ་བ་འདེབས། །དེ་ཚེ་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། །གང་གི་མགྲིན་པར་ཆགས་པའི་རྣམ་དཔྱོད་ཀྱིས། །གསུང་རབ་རྒྱ་མཚོའི་དགོངས་པ་འགྲེལ་པ་ལ། །བློ་གྲོས་ལྷག་པར་འཕེལ་ལ་གསོལ་བ་འདེབས། །མེ་ཏྲིའི་མཚན་ལས་འདུས་པའི་དབང་ནོད་ཚེ། །བླ་མ་ཞེ་སྡང་རྡོ་རྗེར་མངོན་སུམ་གཟིགས། །གསང་བའི་ལམ་ནས་བྱང་སེམས་དངོས་སུ་མྱང་། །བདེ་ཆེན་དགའ་བཞི་འབར་ལ་གསོལ་བ་འདེབས། །འབྲོག་རི་ཆེན་པོར་བསག་སྦྱང་མཛད་པའི་ཚེ། །བར་ཆད་ཟུག་རྔུའི་སྡུག་བསྔལ་གྱིས་གཙེས་ཀྱང་། །རྣམ་དག་ཚུལ་ཁྲིམས་གཙང་མར་མཛད་པའི་ཕྱིར། །དམ་པའི་དྲུང་དུ་གཤེགས་ལ་གསོལ་བ་འདེབས། །དལ་བ་དོན་ཡོད་བྱ་ཕྱིར་དབེན་པའི་སར། །དཀའ་སྤྱད་དྲག་པོས་སྒྲུབ་པ་མཛད་པའི་ཚེ། །དབང་ཕྱུག་མི་ལ་རས་པའི་བརྟུལ་ཞུགས་བཟུང་། །སྙིང་སྟོབས་རྨད་དུ་བྱུང་ལ་གསོལ་བ་འདེབས། །དེ་ཚེ་ཕྱོགས་དེའི་དད་ལྡན་འགའ་ཞིག་གིས། །འདི་ནི་སྐྱེས་བུའི་མཆོག་ཅེས་བསྙེན་བཀུར་བ། །བདུད་ཀྱི་བསླུ་བྲིད་དག་ཏུ་རབ་དགོངས་ཏེ། །སླར་ཡང་དབེན་པ་བརྟེན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕུག་ཏུ་འཇིག་རྟེན་དབང་ཕྱུག་དང་། །དམ་པའི་དཔལ་སོགས་གྲུབ་ཆེན་མང་པོ་ཡིས། །མངོན་སུམ་ཞལ་གཟིགས་བྱིན་རླབས་དབང་བསྐུར་པས། །མི་རྟོག་ཏིང་འཛིན་འཁྲུངས་ལ་གསོལ་བ་འདེབས། །གྲུབ་ཆེན་དུ་མས་བྱིན་གྱིས་བརླབས་པའི་སར། །དྲིལ་བུ་པ་སོགས་བླ་མ་མང་པོ་དང་། ལྷ་ལྔའི་དཀྱིལ་འཁོར་མངོན་སུམ་གཟིགས་གྱུར་པ། །དག་པའི་སྣང་བ་བརྙེས་ལ་གསོལ་བ་འདེབས། །མཚན་ལྡན་བླ་མ་ངག་དབང་བྱམས་པ་ལས། །མདོ་རྒྱུད་ཟབ་དོན་དཀའ་གནད་གསན་པའི་ཆེད། །ཐག་རིང་ལམ་གྱི་ཚ་གྲང་ཁྱད་བསད་དེ། །དམ་པའི་ཞབས་རྡུལ་བསྟེན་ལ་གསོལ་བ་འདེབས། །དེ་ཚེ་ཁྱོད་ཐུགས་རིན་ཆེན་འབྱུང་བའི་གནས། །ལུང་རྟོགས་ཡོན་ཏན་ནོར་བུས་གང་བ་ན། །ད་ནི་འགྲོ་ལ་བདུད་རྩི་སྦྱིན་ཅིག་ཅེས། །རང་གི་བླ་མས་བསྐུལ་ལ་གསོལ་བ་འདེབས། །གཞུང་ལུགས་རྒྱ་མཚོའི་འཇིངས་ན་གནས་བཅས་པའི། །གདེངས་ཅན་མཁས་གྲུབ་ཀླུ་དབང་མ་ལུས་པར། །སྙན་རྒྱུད་གཙུག་རྒྱན་ཐོག་མ་རབ་བཀྱེ་ནས། །སླར་ཡང་དབེན་པར་གཤེགས་ལ་གསོལ་བ་འདེབས། །མཐའ་ཡས་འགྲོ་ལ་ཕན་པ་མཛད་པའི་ཆེད། །ནེ་པ་ལ་ཡི་ཡུལ་དུ་ཞབས་བཀོད་དེ། །བདེ་གཤེགས་མཆོད་རྟེན་གཉིས་ལ་ཕྱག་འབུམ་གྱིས། །འགྲོ་བའི་སྒྲིབ་སྦྱོང་མཛད་ལ་གསོལ་བ་འདེབས། །ཐུབ་བསྟན་ཕྱོགས་བརྒྱར་སྤེལ་བར་བྱ་བའི་ཕྱིར། །འབེབས་བྱེད་རི་ལ་དར་ཆེན་བཙུགས་པ་ན། །མྱུར་མཛད་ཡེ་ཤེས་མགོན་པོས་མངོན་སུམ་དུ། །བདུད་དཔུང་བཅོམ་པར་གཟིགས་ལ་གསོལ་བ་འདེབས། །ཀླུ་སྒྲུབ་ཕུག་ཏུ་ཀླུ་ཡི་བྱང་ཆུབ་ཀྱིས། །ཀླུ་སྒྲུབ་ཐུགས་བཅུད་ཟབ་མོ་བསྟན་པ་ལ། །བདེན་འཛིན་འཁྲུལ་བའི་དྲི་མ་ཀུན་བཅོམ་སྟེ། །ཆོས་ཉིད་མངོན་སུམ་གཟིགས་ལ་གསོལ་བ་འདེབས། །མི་བསྲུན་སྐྱེ་བོས་ཉེས་མེད་འགྲོ་བ་ཡི། །སྲོག་ལ་རྒོལ་བའི་ངང་ཚུལ་གཟིགས་པ་ན། །བྱམས་པའི་སེམས་ཀྱིས་རང་གི་སྲོག་བཏང་ནས། །འགྲོ་བའི་སྲོག་སྐྱོབ་མཛད་ལ་གསོལ་བ་འདེབས། །བདེ་གཤེགས་བཀའ་དང་དེ་ཡི་སྣང་བརྙན་དང༌། །ཁྲིམས་ལྡན་འདུས་པའི་གནས་གཞི་བསྐྲུན་པའི་ཚེ། །གསེར་རིའི་དཔལ་འཕྲོག་རྣམ་མང་ཐོས་སྲས་ཀྱིས། །འདོད་རྒུའི་དངོས་གྲུབ་ཕུལ་ལ་གསོལ་བ་འདེབས། །གྲུབ་ཆེན་བརྒྱད་ཅུས་བྱིན་གྱིས་བརླབས་པའི་གནས། །ཤྲཱིའི་བྲག་ལ་བསྟོད་པ་མཛད་པའི་ཚེ། །བཅོམ་ལྡན་ཧེ་རུ་ཀཿདཔལ་མངོན་སུམ་གཟིགས། །ཉམས་རྟོགས་ལྷག་པར་འཕེལ་ལ་གསོལ་བ་འདེབས། །སྟོང་གསུམ་འོད་ཀྱིས་འགེངས་པའི་གཟི་བརྗིད་ཅན། །ཐུབ་པ་མཆོག་དང་གནས་བརྟན་བཅུ་དྲུག་གིས། །བསླབ་གསུམ་བསྟན་པ་སྤེལ་བའི་བྱེད་པོ་ཞེས། །དབུགས་དབྱུང་བྱིན་གྱིས་བརླབས་ལ་གསོལ་བ་འདེབས། །འབྲོག་རིའི་གནས་སུ་གཤིན་རྗེའི་རྒྱལ་པོ་ཡིས། །ཕྱི་ནང་ལུས་ཀྱི་རྣམ་འགྱུར་རབ་བསྟན་ནས། །ཁྱོད་བསྟན་སྐྱོང་བའི་སྲུང་མ་ངའོ་ཞེས། །གུས་པས་རྗེས་སུ་འབྲངས་ལ་གསོལ་བ་འདེབས། །དམ་པའི་བཀའ་བཞིན་དམ་པ་མཇལ་བའི་ཚེ། །བྲག་ནག་ངོས་ནས་འཇིགས་རུང་རླུང་དམར་དབུས། །དཔལ་ལྡན་དམག་ཟོར་རྒྱལ་མོས་མངོན་སུམ་དུ། །ཁྱོད་ཞབས་གུས་པས་བསྟེན་ལ་གསོལ་བ་འདེབས། །བདེ་མཆོག་འཁོར་ལོའི་ཟབ་བཤད་མཐར་ཕྱིན་ནས། །སྐུ་ལུས་མཆོད་པའི་ཚོགས་འཁོར་མཛད་པའི་ཚེ། །ཟག་མེད་བདེ་སྟེར་ཌཱ་ཀིའི་ཚོགས་རྣམས་ཀྱིས། །མཆོད་པ་བདག་གིར་མཛད་ལ་གསོལ་བ་འདེབས། །བལ་བོད་མཚམས་ཀྱི་སྐྱེ་འགྲོ་མ་ལུས་པར། །ཁམས་དང་འཚམ་པའི་དམ་ཆོས་ལེགས་བསྟན་ཏེ། །བསོད་ནམས་ཞིང་དུ་འཁོར་སློབ་ཁྲིམས་ལྡན་ཚོགས། །ཕྱོགས་དེར་གནས་པར་མཛད་ལ་གསོལ་བ་འདེབས། །དབུས་གཙང་ལྗོངས་ཀྱི་དགོན་སྡེ་ཕལ་མོ་ཆེའི། །ཆོས་ཀྱི་ཁྲི་ལ་ཞབས་པད་ཉེར་བཀོད་དེ། །ཐེག་གསུམ་གཏམ་གྱི་སྣང་བ་བརྒྱ་ཕྲག་གིས། །འགྲོ་བའི་མུན་སེལ་མཛད་ལ་གསོལ་བ་འདེབས། །ཡོངས་སུ་འཛིན་པའི་ཁྲི་ལ་མངའ་གསོལ་ཚེ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་ས་དབང་གིས། །རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏར། །མཚན་གསོལ་དོན་དང་ལྡན་ལ་གསོལ་བ་འདེབས། །ཆེ་རྒུ་ཀུན་གྱི་གཙུག་ན་མངོན་མཐོ་ཡང་། ཁེངས་པའི་ཀུ་མུད་ཅུང་ཟད་མི་མངའ་བས། །ལུས་ཅན་སྤྱི་བོར་ལེན་པའི་དག་སྣང་གིས། །དུལ་བའི་དཔལ་མངའ་ཁྱོད་ལ་གསོལ་བ་འདེབས། །ལྗོངས་འདིར་སྔགས་ལ་བསྙད་པའི་མུ་ཅོར་གྱིས། །བསྟན་པའི་ནང་མཛོད་བསྣབ་ལ་མངོན་ཕྱོགས་ཚེ། །མདོ་སྔགས་གྲོགས་སུ་འཆར་བའི་ཟབ་གནད་ཀྱི། །བསྟན་པ་གསལ་མཛད་ཁྱོད་ལ་གསོལ་བ་འདེབས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །བདེ་བར་གཤེགས་པའི་གསུང་རབ་རྒྱ་མཚོ་ལ། །རྟག་ཏུ་མཁས་པའི་བྱ་བ་རྣམ་གསུམ་གྱིས། །ཐུབ་བསྟན་རྒྱས་མཛད་ཁྱོད་ལ་གསོལ་བ་འདེབས། །འཇམ་མགོན་སྙན་རྒྱུད་འཛིན་ཅིང་སྤེལ་བ་ལ། །བློ་བཟང་གྲགས་པ་དག་དང་མཚུངས་སོ་ཞེས། །སྙན་པའི་གྲགས་པས་ས་སྟེང་མ་ལུས་ཁྱབ། །གྲགས་པ་དོན་ལྡན་ཁྱོད་ལ་གསོལ་བ་འདེབས། །སྙན་རྒྱུད་ཆེ་བ་བཞི་ལྡན་དམ་པའི་ཆོས། །ལྷར་བཅས་འགྲོ་བའི་ཉེར་འཚོར་གནས་པའི་ཆེད། །འཁོར་ལོ་གསུམ་ལྡན་ཁྲིམས་གཙང་འདུས་པའི་སྡེ། །ཕྱོགས་འདིར་འཛུགས་པར་མཛད་ལ་གསོལ་བ་འདེབས། །ལུས་སྲོག་ལོངས་སྤྱོད་དུས་གསུམ་དགེ་རྩ་རྣམས། །འགྲོ་ལ་གཏོང་དང་དེ་ཡི་སྡུག་བསྔལ་ཀུན། །མངོན་སུམ་ལེན་ལ་ཞུམ་པ་མི་མངའ་བའི། །སྙིང་རྗེའི་གཏེར་གྱུར་ཁྱོད་ལ་གསོལ་བ་འདེབས། །རླབས་ཆེན་སྤྱོད་པ་མཐའ་དག་སྨོས་ཅི་དགོས། །ཞལ་གྱི་འབྱུང་འདུག་རླུང་གི་རྒྱུ་བ་ཡང་། །ལུས་ཅན་ཀུན་གྱི་གསོས་སུ་སྨིན་མཛད་པའི། །འགྲོ་བའི་གཉེན་གཅིག་ཁྱོད་ལ་གསོལ་བ་འདེབས། །སྙིགས་མའི་རྒུད་པ་ཆེས་ཆེར་བདོ་བ་ན། །བསྟན་བསྲུང་རྒྱ་མཚོར་བཀའ་བསྒོས་གཉེར་གཏད་པས། །མུ་སྟེགས་འབྱུང་པོའི་གདུག་རྩུབ་རབ་ཞི་ནས། །བདེ་བའི་སྣང་བ་སྩལ་ལ་གསོལ་བ་འདེབས། །འབྲོག་རི་ཆེན་པོར་རྒྱལ་བའི་སྐུ་གདུང་ལ། །བསམ་ཡས་མཆོད་སྤྲིན་རྒྱ་མཚོས་མངོན་མཆོད་པས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་ལ་གསོལ་བ་འདེབས། །ལྷ་མིའི་འགྲོ་བ་སྐལ་ལྡན་གྲངས་མེད་ལ། །གྲུབ་པའི་གནས་དེར་ཆོས་འཁོར་བསྐོར་བའི་ཚེ། །བློ་བཟང་རྒྱལ་བ་གཉིས་པ་འཁོར་བཅས་ཀྱིས། །ནམ་མཁའ་གང་བར་གཟིགས་ལ་གསོལ་བ་འདེབས། །ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མཐར་སོན་ཏེ། །རྫུ་འཕྲུལ་མངོན་ཤེས་ཡོངས་ལ་དབང་འབྱོར་ཡང་། །བཀའ་གདམས་རྣམ་ཐར་གཙང་མ་སྐྱོང་བའི་ཕྱིར། །སྦས་པའི་བརྟུལ་ཞུགས་བཟུང་ལ་གསོལ་བ་འདེབས། །རབ་དགའ་དག་དང་མཚུངས་པའི་གདུལ་བྱ་ལ། །དམ་ཆོས་བདུད་རྩིའི་ཐ་མ་ལེགས་སྩལ་ཏེ། །སླར་ཡང་སྙན་རྒྱུད་མན་ངག་འདི་ཉིད་ལ། །བདག་པོ་འབྱུང་ཞེས་གསུང་ལ་གསོལ་བ་འདེབས། །རྡོ་རྗེའི་ལུས་ཀྱི་མགྲིན་པའི་འཁོར་ལོའི་ནང་། །རྩ་ཁམས་དག་པ་གསུང་གི་རྡོ་རྗེ་ཡིས། །ཨ་ཡིག་དོན་གྱིས་འགྲོ་བ་སྨིན་མཛད་པའི། །རླུང་སེམས་དབང་གྱུར་ཁྱོད་ལ་གསོལ་བ་འདེབས། །འཆི་བ་ཆོས་སྐུའི་རྣལ་འབྱོར་གཞོན་ནུ་མཆོག །འོད་གསལ་མ་མའི་ཕང་པར་ཞུགས་པ་ན། །དཀར་གསལ་ཟླ་བ་རྒྱས་འདྲའི་བཞིན་རས་ཀྱིས། །འགྲོ་བའི་གདུང་བ་སེལ་ལ་གསོལ་བ་འདེབས། །རྒྱུ་ཡི་རྡོ་རྗེ་འཛིན་པའི་དག་བྱེད་ཀྱིས། །ཐ་མལ་བར་དོའི་དྲི་མ་བཀྲུས་པ་ན། །མཚན་དཔེ་རབ་ཏུ་རྒྱས་པའི་ལང་ཚོ་ཅན། །ལོངས་སྤྱོད་རྫོགས་སྐུ་བརྙེས་ལ་གསོལ་བ་འདེབས། །ཉོན་མོངས་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བའི། །དཔའ་བོ་མཆོག་ལ་ཤ་རུས་མི་མངའ་ཡང་། །མ་འོངས་སྐྱེ་བོའི་བསོད་ནམས་ཞིང་མཆོག་ཏུ། །ཐབས་ཀྱིས་རིང་བསྲེལ་བཞག་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པའི་རྣམ་དཀར་ལུང་པོའི་ཚོགས། །གང་ཞིག་མཆིས་དེ་འགྲོ་བ་མ་ལུས་པ། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །བཀའ་བཞིན་སྒྲུབ་པ་ཁོ་ན་ལྷུར་བྱེད་ཤོག །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །རིམ་གཉིས་ཟབ་མོའི་ཉམས་ལེན་མཐར་ཕྱིན་ཏེ། །ཚེ་གཅིག་ཉིད་ལ་རྗེ་བཙུན་བླ་མ་དང༌། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །བདག་གི་བླ་མ་རྗེ་བཙུན་ཐུགས་རྗེ་ཅན། །བདག་དང་བདག་འདྲའི་འགྲོ་ལ་བརྩེར་དགོངས་ལ། །བདག་པས་གཞན་གཅེས་འབྱོངས་པའི་ཐུགས་རྗེ་ཡིས། །བདག་དང་སྐལ་བ་མཉམ་པའི་སྤྲུལ་སྐུ་སྟོན། །ཐུབ་བསྟན་ཉིན་བྱེད་ནུབ་རིའི་རྩེ་ལ་ཕྱོགས། །དམུ་རྒོད་འབྱུང་པོའི་བྱ་ཚོགས་ཅི་དགར་རྒྱུ། །བསམ་ངན་ལོག་སྤྱོད་ཀྱིས་ཁེངས་བོད་ཡུལ་འདིར། །བློ་གཏད་ཐུབ་པའི་བླ་མ་ཁྱེད་ལས་མེད། །དེས་ན་བཀའ་དྲིན་གསུམ་ལྡན་བླ་མ་རྗེ། །ཐུགས་བསྐྱེད་དམ་བཅའི་གོ་ཆ་ཆེར་བགོས་ཏེ། །ཉོན་མོངས་སྦྱིན་ཟ་འབར་བའི་སྙིགས་དུས་འདིར། །འཇམ་མགོན་བསྟན་པ་སྤེལ་ཕྱིར་རིངས་པར་བྱོན། །མྱུར་མཛད་མགོན་དང་དམ་ཅན་ཆོས་ཀྱི་རྒྱལ། །འདོད་ཁམས་དབང་ཕྱུག་རྣམ་མང་ཐོས་པའི་སྲས། །རྗེ་བཙུན་བླ་མའི་བཀའ་སྲུང་ཐམས་ཅད་ཀྱིས། །བདག་གི་རེ་འབྲས་འགྲུབ་པའི་བཀྲ་ཤིས་སྩོལ།། །།ཅེས་༸རྗེ་བཙུན་བླ་མ་དམ་པ་བཀའ་དྲིན་གསུམ་ལྡན་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་པཎི་ཏ་ཆེན་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱི་རྣམ་ཐར་ཕྱོགས་སྒྲིགས་རྩོམ་པའི་སྐབས་གང་གི་རྟོགས་བརྗོད་གསང་བ་བསམ་གྱིས་མི་ཁྱབ་པ་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། ཚིགས་སུ་བཅད་པའི་སྒོ་ནས་གསོལ་བ་འདེབས་པ་ཐུབ་བསྟན་མཛེས་པའི་པདྨོ་ཞེས་བྱ་བ་འདི་ནི། ༸ཤཱཀྱའི་དགེ་སློང་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ཉེ་འཁོར་པ་གསོལ་དཔོན་རྗེ་དྲུང་དགེ་ལེགས་རྒྱལ་མཚན་ནོ།།  །།

བརྒྱུད་སྐུལ།

མཆན་སྤེལ།