ཞང་ཞུང་གི་རྒྱལ་སྲས་གཞོན་ནུ་དོན་གྲུབ།

ཞང་ཞུང་གི་རྒྱལ་སྲས་གཞོན་ནུ་དོན་གྲུབ།

ཞང་ཞུང་གི་རྒྱལ་སྲས་གཞོན་ནུ་དོན་གྲུབ།

ཁེར་འགྲོ།

 

གཅིག

 

ལོ་ངོ་ཁ་ཤས་གོང་དུ། མངའ་རིས་རྒྱལ་རབས། ཞེས་པའི་དེབ་ཐེར་དེ་དཔེ་བསྡུར་བྱེད་པའི་སྐབས་སུ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུན་མོང་མ་ཡིན་པའི་མཛད་པ་དག་ལ་ཐོག་མར་དོ་སྣང་བྱུང་ཞིང་། ཕྱིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་དང་། རྒྱལ་རབས་ཟླ་རིགས་མ་སོགས་ལ་ཞིབ་ཏུ་མཇལ་དུས་ཇེ་ཞིབ་ཇེ་གསལ་དུ་སོང་།

ཉེ་ལམ་དུས་རབས་ ༡༠ ནས་ ༡༣ བར་གྱི་གུ་གེའི་རྒྱལ་རབས་ཀྱི་སྲིད་རབས་ལོ་རྒྱུས་ཉམས་ཞིབ། ཅེས་པའི་རྒྱ་ཡིག་ཐོག་བྲིས་པའི་ཆེད་དེབ་དེ་ཀློག་པའི་ཚེ་ན། ཁོ་བོའི་ལག་ཏུ་ཆེ་ཤེལ་ཞིག་སྤྲད་པ་དང་འདྲ་བར་གསལ་ལྷང་ངེར་འདྲེན་བྱེད་དབང་པོར་འཆར་བར་གྱུར། གལ་ཏེ། ཁ་བ་གངས་ཅན་ལྗོངས་སུ་འཁྲུངས་པའི་མེས་པོ་གཡུ་རལ་ཅན་དག་ཚོམས་ཆེན་གཅིག་ཏུ་འཛོམས་ནས་བཞུགས་གྲལ་དུ་འཁོད་པའི་དབང་དུ་བཏང་ཚེ། ལྷ་བླ་མ་ཡེ་ཤེས་འོད་ཅེས་གྲགས་པའི་སྐྱེས་མཆོག་དེ་ནི་གྲལ་འགོར་བཞུགས་མཁན་ཞིག་ཡིན་པ་ལས། གྲལ་མཇུག་ཏུ་སྡོད་མཁན་ཞིག་ཡིན་མི་སྲིད་ཅེས་བདག་གིས་ཞུའོ།།
དེ་ལྟ་ཡིན་མོད་ཀྱི། སྐད་ཆ་དེ་ཁྱེད་ཀྱི་ཐུགས་སུ་མ་ཆུན་ཚེ། དེ་ནི་རྒྱུན་ལྡན་གྱི་རྒྱུན་ལྡན་ཞིག་ལས་མ་འདས་ཏེ། ལོ་རྒྱུས་ཀྱི་མི་སྣ་གྲགས་ཆེན་ཞིག་ལ་ཉམས་ཞིབ་བྱེད་པའི་ཚེ་ན། དྲང་ལྡོག་གི་ལྟ་ཚུལ་ཐ་དད་ཡོང་བ་ནི་རང་བྱུང་གི་ཆོས་ཉིད་ཡིན་པར་མ་ཟད། ཡོང་དགོས་ངེས་ཤིག་ཀྱང་རེད། རྣམ་ཀུན་གང་ཟག་ཅིག་གི་སྐུ་ཚེའི་ལོ་རྒྱུས་ལ་གདེང་འཇོག་བྱེད་དུས། གཅིག་ནས་ད་ལྟའི་ཐིག་ཤིང་ཁྱེར་ནས་དེའི་རིང་ཚད་འཇལ་རྒྱུ་མ་ཡིན་པར། དུས་སྐབས་དེའི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་རྒྱ་མའི་ཐོག་བཞག་ནས་ལྗིད་ཚད་འདེགས་རྒྱུ་དེ་གནད་འགག་ཅིག་ཡིན་པ་དང་། གཉིས་ནས་བྱེ་བྲག་གི་གནས་ཚུལ་ལ་བྱེ་བྲག་ཏུ་དབྱེ་ཞིབ་བྱས་ནས་བསྡོམས་ཚིག་བཀོད་རྒྱུ་དེ་རྩ་དོན་གལ་ཆེན་གཉིས་ཡིན་ནོ། །དེ་འདྲའི་བྱུང་བ་རིག་པའི་མཛུབ་སྟོན་འོག་ཏུ། གུས་པས་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བསྟན་པའི་མེ་རོ་སྟོད་ནས་གསོས་ཏེ་དར་ཞིང་རྒྱས་པར་མཛད་པའི་ངོས་དེ་དང་། ཡང་སྟོད་མངའ་རིས་སུ་བོན་ཀྱི་བསྟན་པ་བསྣུབས་ནས་མིང་གི་ལྷག་མར་བཏང་བའི་ཟུར་དེ་གཉིས་གླེང་རྒྱུ་མ་ཡིན་པར། རྒྱལ་པོའི་ལམ་ལུགས་ཀྱི་སྲིད་ལུགས་ལ་དངོས་ཡོད་གནས་ཚུལ་དང་འཚམ་པའི་བསྒྱུར་བཅོས་གནང་སྟེ། མངའ་ཐང་གཅིག་གྱུར་ཡོང་བར་བཞག་པའི་མཛད་པ་དེ་དག་དྲན་པར་འདོད་དོ།།

 

གཉིས།

 

འགྲོ་བ་མིའི་སྲིད་ཀྱི་ཆུ་རྒྱུན་རིང་མོ་གཞུང་རྒྱུད་དུ་དེད་དེ་སོང་ཚེ། སྔར་སྲིད་པ་ཆགས་པ་ནས་བཟུང་སྟེ། གོས་སུ་ལྕང་ལོ་གྱོན་ཞིང་ཟས་སུ་མ་རྨོས་ལོ་ཏོག་ཟ་བའི་བསྐལ་པ་ཡ་ཐོག་དུས་སྐབས་དང་། མངའ་མཛད་ཀྱི་དུས་སྐབས། བཀའ་བཀོད་རྒྱུད་འཛིན་གྱི་དུས་སྐབས། མ་རྩ་རིང་ལུགས་ཀྱི་དུས་སྐབས། དེ་བཞིན་སྤྱི་ཚོགས་རིང་ལུགས་སོགས་སྲིད་ཀྱི་རྣམ་པ་ཅི་རིགས་རླབས་ཀྱི་ཟེགས་མ་ཇི་བཞིན་གཅིག་འཇགས་གཅིག་ལངས་ཚུལ་དུ་བྱུང་ཡོད་མོད། དེང་དུས་ཀྱི་འགྲོ་བ་མི་བྱུང་ནས་མི་ལོ་འབུམ་ 1.5 ལྷག་སོང་བའི་ཆུ་རྒྱུན་རིང་མོ་དང་བསྡུར་ཚེ། སྲིད་ཀྱི་རྣམ་པའི་འགྱུར་བག་ནི་ཤིན་ཏུ་ནས་དལ་བའི་རང་བཞིན་ཅན་ཞིག་ཡིན། དེ་འདྲའི་དལ་ཞིང་རིང་བའི་འགྱུར་ལྡོག་ཁྲོད་ཏུ། ཕ་ཤུལ་བུ་འཛིན་གྱི་རྒྱལ་པོའི་ལམ་ལུགས་དེ་ས་གནས་འདི་གའི་དོན་དངོས་གནས་ཚུལ་དང་སྦྱར་ནས་འཐུས་ཚང་ཅན་དང་། ཚད་ལྡན་ཅན། རྒྱུན་མཐུད་ཅན། ལམ་ལུགས་ཅན་དུ་གཏོང་བར་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད་པའི་མི་བུ་ཞིག་ཡོད་པར་དེར་ལྷ་བླ་མ་ཡེ་ཤེས་འོད་ཅེས་འབོད་ལ། ལྷ་ནི་རྒྱལ་པོ་དང་། བླ་མ་ནི་ཆོས་བྱེད་ཀྱི་སློབ་དཔོན། ཡེ་ཤེས་འོད་ནི་རབ་ཏུ་བྱུང་བའི་མཚན་ཡིན་པས། མདོར་བསྡུས་ནས་རྒྱལ་པོ་བླ་མ་ཡེ་ཤེས་འོད་ཅེས་པའི་དོན་ཡིན། ཁོང་ནི་མངའ་རིས་ཀྱི་རྒྱལ་པོ་བཀྲ་ཤིས་མགོན་གྱི་སྲས་ཆེ་ཆུང་གཉིས་ལས་ཆུང་བ་ཡིན། ཐོག་མར་ཆུང་དུས་ཀྱི་མཚན་ལ་སྲོང་ངེ་ཟེར། རྗེས་སུ་རྒྱལ་པོ་བྱས་པའི་མཚན་ལ་ཁྲི་ལྡེ་སྲོང་གཙུག་བཙན་ཟེར། རྗེ་འདི་ཉིད་སྤྱི་ལོ་947ལོར་སྐུ་འཁྲུངས་ཤིང་། སྐུ་ཚེའི་སྟོད་ལ་བཙུན་མོ་སེང་དཀར་མ་ཁབ་ཏུ་བཞེས་ཏེ་སྲས་ཆེ་བ་ཁྲི་ལྡེ་མགོན་བཙན་དང་། ཆུང་བ་ལྷ་འཁོར་བཙན་འཁྲུངས་པ་དང་། བཙུན་མོ་གཅིག་ཤོས་ལ་སྲས་མོ་ལྷའི་མེ་ཏོག་བྱ་བ་འཁྲུངས་སོ།།

 

གསུམ།

 

གནམ་གྱི་ནི་དབུས། ས་ཡི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ། ས་གཙང་། མི་མཛངས་ཤིང་དཔའ་རུ་སྐྱེས། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའི་གནས། ཞེས་བསྔགས་པའི་གངས་ཅན་ལྗོངས་ཀྱི་བྱུང་རབས་ལོ་རྒྱུས་ལ་བལྟས་ན། པུར་རྒྱལ་གྱི་གདུང་རྒྱུད་ལས་དབང་ཟིལ་ཆེ་བ་ཞིག་དང་སྲིད་ཀྱི་འཁོར་ལོ་སྐོར་ཡུན་རིང་བ་ཞིག་མེད་དེ། པུར་རྒྱལ་ཀྱི་དུས་སྐབས་དང་བཙན་པོའི་རྒྱལ་རབས་ཁོ་ན་བརྩིས་ནའང་ལོ་ངོ་ 1000 ལྷག་ཙམ་རིང་ཆབ་སྲིད་བསྐྱངས་ཤིང་། སྨད་སིལ་ཆད་ཀྱི་དུས་སྐབས་དག་བརྩིས་ན་དེ་ལས་ཀྱང་རིང་བ་ཡོད། འདི་འདྲ་ནི་འཛམ་བུ་གླིང་ན་མཐོང་དཀོན་པ་ཞིག་ཏུ་གདའོ། །
འོ་ན་རྒྱུ་རྐྱེན་རྟེན་འབྲེལ་གང་ཞིག་གིས་པུར་རྒྱལ་གྱི་གདུང་རྒྱུད་དག་གི་ཆབ་སྲིད་གནམ་ལས་མཐོ་ཞིང་། དབུ་རྨོག་རི་རབ་ལས་བཙན་པའི་གཟི་དཔལ་བྱུང་ངམ་ཞེ་ན། སྤྱིར་ན་ཕྱི་ནང་གི་རྟེན་འབྲེལ་སྣ་ཚོགས་མ་འགྲིག་ལྷུན་གྱིས་གྲུབ་པ་དང་འབྲེལ་བ་ཞེས་བརྗོད་སྲིད་མོད། དེའི་ནང་ནས་ཆེས་གལ་འགངས་ཆེ་བ་ཞིག་ནི། བཙན་པོའི་མི་རྒྱུད་ནི་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་མར་མི་ཡུལ་དུ་མགོ་ནག་མིའི་རྗེ་བོ་བྱེད་པར་ཕེབས་པའི་གཏམ་རྒྱུད་དེ་ཀུན་ལ་རླུང་ལྟར་གྲགས་ཤིང་། འབངས་ཀྱི་དད་པའི་ངོ་བོར་འདྲེས་པའི་འཇིག་རྟེན་ལྟ་ཚུལ་ཏུ་གྱུར་པ་དང་འབྲེལ་བ་ཡོད་ལ། གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་མཛད། མྱི་རྗེ་ལྷའི་སྤྲུལ་པ། གནམ་གྱི་ལྷ་ལས་འགྲེང་མྱིའི་རྗེ་དང་། དུད་རྔོག་ཆགས་ཀྱི་རྐྱེན་དུ་བསྐྱོད་པའི་སྤུ་རྒྱལ་གྱི་ལྷ་བཙན་པོ། ཞེས་པའི་གཏམ་དེ་རྡོ་རིང་དང་། བཀའ་གཙིགས། རྒྱལ་རབས་སོགས་བརྒྱུད་ནས་བོད་ཡུལ་སྟོད་སྨད་བར་གསུམ་དྲིལ་ཞིང་བསྒྲགས་པས། རྗེ་བོ་ནི་ནམ་ནམ་ཞར་ཞར་རྗེ་བོ་དང་། འབངས་ནི་ཚེ་ཚེ་རབས་རབས་འབངས་སུ་ཡིན་ཤག་ཤག་བྱེད་པ་ལས། ས་སྟེང་གི་མགོ་ནག་མི་སུ་ལའང་བཙན་པོའི་མི་རྒྱུད་ལ་འགྲན་འཛུགས་པའི་སྤོབས་པ་མེད་ཅིང་། བཙུགས་པའི་དབང་དུ་བཏང་ཡང་འབངས་གཞན་གྱིས་ཁས་ལེན་མི་སྲིད་པའི་ཚད་དུ་གྱུར། དེས་ན། གལ་སྲིད་སྤུར་རྒྱལ་བཙན་པོའི་ཐོབ་ཐང་ལ་རྙོག་གྲ་ཡོང་ན། ཕྱི་ནས་མི་ཡོང་བར་ནང་ནས་ཡོང་གི་ཡོད། དེ་ཡང་རྒྱལ་སྲས་མང་པོ་ཡོད་པ་དང་། ལྷག་པར་དུ་དེ་དག་གི་མ་རྒྱུད་མི་འདྲ་བ་ཡིན་དུས། རྒྱལ་སྲིད་འཕྲོག་རྩོད་ཀྱི་རྙོག་གྲ་ཡོང་ཞིང་། སིལ་བུར་ཐོར་བའི་ཉེན་ཁ་མེད་པ་མིན་སྟབས། གནད་དོན་དེར་དམིགས་ཏེ། རྒྱལ་སྲས་ལས་འོས་པ་ཞིག་ཁྲི་ལ་བསྐོས་རྗེས། གཞན་རྣམས་ཐང་མཚམས་སུ་ཕབ་པའི་སྲོལ་བཏོད་ཡོད། ཐང་མཚམས་སུ་ཕབ་ཅེས་པ་ནི་འབངས་ཀྱི་གྲལ་དུ་ཕབ་པ་ཞེས། དུང་དཀར་ཚིག་མཛོད་དུ་གསུངས་ཤིང་། ཕྱིས་ཀྱི་རྒྱལ་རབས་འགའ་ཤས་མངའ་མཛད་བསྙུང་བའི་ཐབས་ཞེས་བཀོད་འདུག་ལ། ཞིབ་ཕྲ་ཇི་འདྲ་ཡིན་ད་དུང་དཔྱད་པའི་གནས་སོ།།

 

བཞི།

ཕྱི་ལོ་ ༨༤༦ ལོར། ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་པའི་བཙུན་པ་དེའི་མདའ་མོའི་འོག་ཏུ། རྒྱལ་པོ་ཁྲི་དར་མའམ་གླང་དར་མའི་སྐུ་ཚེའི་འདུ་བྱེད་རྫོགས་པ་དང་མཚུངས་སུ། ནོར་འཛིན་ས་གཞིའི་ཁྱོན་དུ་སྟོབས་འབྱོར་དཔལ་གྱིས་སྙེམས་པའི་བཙན་པོའི་རྒྱལ་རབས་དེ་ཕྲེང་ཐག་ཆད་པའི་ཕྲེང་བ་ཞིག་དང་འདྲ་བར། ཕྲེང་རྡོག་སྟོད་སྨད་བར་གསུམ་དུ་འཐོར་སོང་། མ་གཞི་རྒྱལ་རབས་ཤིག་མཇུག་སྒྲིལ་བར་རྒྱུ་རྐྱེན་སྣ་ཚོགས་ཤིག་འཛོམས་ཡོད་སྲིད་མོད། ཐད་ཀའི་རྐྱེན་ནི་རྒྱལ་སྲས་གཉིས་བར་དུ་སྲིད་དབང་འཕྲོག་རྩོད་རྒྱུན་མར་བྱུང་བ་དེ་ཡིན། དེ་ཡང་ཁ་གསལ་གོ་བདེར་བརྗོད་ན། རྒྱལ་ཚབ་ཕུད་གཞན་རྣམས་ཐང་མཚམས་སུ་ཕབ་པའི་ལམ་ལུགས་ལག་བསྟར་ལེགས་པོ་མ་བྱུང་བ་དང་འབྲེལ་འདུག་སྙམ།

ཕྱི་ལོ་ ༩༠༦ 6ལོར་རྒྱལ་པོ་གླང་དར་མའི་ཡང་ཚ་སྟེ། སྐྱིད་བདེ་ཉི་མ་མགོན་བྱ་བ་དེ་དབུ་གཡོའི་འཁྲུག་རྩོད་ཀྱི་དབལ་མ་ཟུག་པར། ཞང་ཞུང་དུ་ཕེབས་ཤིང་སྟོད་མངའ་རིས་ཀྱི་སའི་དཀྱིལ་འཁོར་ཆེན་པོར་དབང་བསྒྱུར། དེ་ལ་སྲས་གསུམ་ཡོད་དེ། སྲས་ཆེ་བ་དཔལ་གྱི་མགོན་པོས་མར་ཡུལ་ཏེ་ལ་དྭགས་ཀྱི་ཕྱོགས་བཟུང་། སྲས་འབྲིང་པོ་བཀྲ་ཤིས་མགོན་གྱིས་པུ་རང་བཟུང་། སྲས་ཆུང་བ་ལྡེ་གཙུག་མགོན་གྱིས་ཟངས་དཀར་བཟུང་། འདི་གསུམ་ལ་སྟོད་ཀྱི་མགོན་གསུམ་ཞུ་ཞིང་། དེ་དག་གིས་དབང་སྒྱུར་བའི་མངའ་ཞབས་ལ་མངའ་རིས་སྐོར་གསུམ་ཞེས་འབོད། འབྲིང་པོ་བཀྲ་ཤིས་མགོན་ལ་སྲས་གཉིས་ཡོད་པ་ལས། གཅེན་ཁོ་རེས་པུ་ཧྲངས་སུ་མངའ་སྒྱུར་བ་དང་། གཅུང་སྲོང་ངེས་གུ་གེའི་ (དེང་གི་རྩ་མདའ་རྫོང་གི་རྒྱུད་) རྒྱལ་པོ་མཛད། དེ་ལྟར་དབོན་སྲས་མང་དུ་འཕེལ་བ་དང་བསྟུན་ནས། མངའ་མཛད་ཀྱི་དབུ་གྲངས་ཇེ་མང་དང་། མངའ་ཞབས་ཀྱི་གཞི་ཁྱོན་ཇེ་ཆུང་། ཕྱོགས་རིས་ཀྱི་སྡང་ཟུག་ཇེ་དྲག །འབངས་ཀྱི་ཁུར་པོ་ཇེ་ལྕི། གཅིག་གྱུར་གྱི་སྟོབས་ཤུགས་ཇེ་གཉོམ་དུ་འགྲོ་བའི་གནས་ཚུལ་དེ། རྒྱལ་པོའི་སྲོང་ངེའི་སྤྱན་ལ་གསལ་ལེར་གཟིགས་དུས། ཐུགས་ལ་སྐྱོ་ཤས་ཚད་མེད་པ་ཞིག་བྱུང་། ཁོང་གིས་པུ་ཧྲངས་དང་གུ་གེའི་ཡུལ་གྱི་གཙོ་བོ་དང་། འབངས་དྲ་མ། གྲོས་ལ་དབང་བ་རྣམས་གཅིག་ཏུ་བསྡུས་ནས་ཚོགས་འདུ་ཚོགས་ཤིང་། ཆོས་ཁྲིམས་དང་རྒྱལ་ཁྲིམས་ཀྱི་སྲོལ་མང་པོ་བཙུགས། དེ་དག་མདོར་བསྡུས་ན། གཅིག་ནི་རྒྱལ་པོར་སྐུ་སྲས་མང་ན། རྒྱལ་སྲིད་སིལ་བུར་ཐོར་བའི་རྐྱེན་རྩ་ཡོད་ཅིང་། གལ་སྲིད་སྔར་ཀྱི་ལུགས་བཞིན་རྒྱལ་སྲས་ཐང་མཚམས་སུ་ཕབ་པའི་བྱ་ཐབས་མཛད་ན་སྡུག་རྩུབ་ཆེ་བས། གནད་དོན་དུ་དམིགས་ཏེ། རྒྱལ་ཚབ་གཅིག་མ་གཏོགས་པ་གཞན་རྣམས་གྲ་པ་བྱེད་པ་དང་། གལ་སྲིད་བཙན་པོ་མི་སྐྱའི་གདུང་ཆད་ན་བཙུན་པ་ནས་གསོ་བའི་ཁྲིམས་མཛད་པར་མ་ཟད། རྒྱལ་པོ་སྲོང་ངེ་ཡིས་འགོ་རང་ཉིད་ནས་བཙུགས་ཏེ། སྔོན་ཤཱཀྱའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་རྒྱལ་སྲིད་བློས་བཏང་བ་ལྟར། ཕྱི་ལོ་ ༩༨༩ ལོར་རྒྱལ་སྲིད་བཙན་དྲག་ཐམས་ཅད་མི་རྟག་སྒྱུ་མར་གཟིགས་ཤིང་། མངའ་རིས་དབང་ཐང་མཐའ་དག་གཅེན་འཁོར་རེར་ཕུལ་ནས་རབ་ཏུ་བྱུང་སྟེ། མཚན་ལ་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ་པ་དང་། སྲས་སྐུ་མཆེད་གཉིས་དང་སྲས་མོ་ལྷའི་མེ་ཏོག་ཀྱང་སྔ་ཕྱིར་རབ་བྱུང་བསྒྲུབས་ཏེ་གདུང་བཅད་པ་རེད།
གཉིས་པ་ནི་རྒྱལ་པོ་སྐུ་ན་སྨིན་ཆེ་བའི་སྟབས་ཀྱིས་སྲིད་ཀྱི་བྱ་བར་འཐུས་ཤོར་འགྲོ་བའི་གནས་ཚུལ་སྔོན་འགོག་བྱ་ཆེད་དུ། སྔར་ཡབ་རྒྱལ་པོ་མ་གྲོངས་པར་རྒྱལ་སྲས་ཁྲི་ལ་མི་བཀོད་པའི་ཁྲིམས་ཡོད་མོད། ཁོང་གིས་ཡབ་བླ་ཆེན་དུ་བཏོན་ཞེས་རྒན་ཆོས་བྱས་ཏེ། སྲས་མངའ་བདག་ཏུ་བཀུར་བའི་སྲོལ་བཏོད། གསུམ་ནི་བཙན་པོ་རབ་ཏུ་བྱུང་བ་རྣམས་ཀྱིས་འདུལ་ཁྲིམས་ལ་འབྱུང་བ་ལྟར། དམ་པའི་ཆོས་ཀྱི་གཞུང་བཞིན་དུ་སྦྱར་ཞིང་། བསྟན་པ་དར་བར་བྱེད་དགོས་ཞེས་ཁྲིམས་བཏོད་པས། པུ་ཧྲངས་དང་གུ་གེའི་རྒྱལ་རྒྱུད་ནས་ལྷ་བཙུན་རིམ་བྱོན་བར་མ་ཆད་པར་བྱུང་མྱོང་བར་མ་ཟད། དེ་དག་གིས་ཕྱོགས་དང་རིས་སུ་མ་དབྱེ་བར་མངའ་ཞབས་ཡོངས་ཀྱི་ཆོས་ཕྱོགས་ཀྱི་བྱ་བའི་ཐུགས་འགན་གཙང་མར་བཞེས་པ་རེད། འདིས་འབངས་ཀྱི་དད་མོས་དང་སྲིད་ཀྱི་དབང་ཚད་ཁྱིམ་རྒྱུད་གཅིག་གིས་འཛིན་པས། སྲིད་དབང་སྲ་ཞིང་བརྟན་པར་གནས་པའི་མཐུན་རྐྱེན་བཟང་པོར་གྱུར་ལ། གུ་གེའི་རྒྱལ་རབས་ཞེས་པ་འདི་མི་ལོ་ ༧༠༠ ལྷག་ཙམ་གནས་པར་ཙམ་མ་ཟད། ཤེས་དཔལ་གྱི་ཉིང་ཁུ་མངའ་རིས་ཀྱི་སའི་ལྟེ་བར་སྣུམ་ཤིག་གེར་བསྐྱིལ་བ་འདི་ཡང་ཚད་ངེས་ཅན་ཞིག་ནས་བརྗོད་ཚེ། ལྷ་བླ་མའི་སྲིད་ལུགས་བསྒྱུར་བཅོས་དང་འབྲེལ་བ་མེད་དམ་སྙམ་མོ།།

ལྔ།
འདི་ལྟ་བུའི་སྲིད་ཀྱི་ལམ་ལུགས་ཀྱི་བསྒྱུར་བཅོས་དེ། ད་ལྟ་བལྟས་ན། ཤིན་ཏུ་ནས་ལས་སླ་པོ་ཞིག་ཏུ་དགོངས་སྲིད་མོད། ལོ་རྒྱུས་འཕེལ་རིམ་གྱི་གཞུང་རྒྱུད་དུ་བལྟས་ཀྱང་ཆོག་ལ། ཉེ་འབྲེལ་སྤྱི་ཚོགས་དང་འཕྲེད་དཀྱུས་སུ་བསྡུར་ཡང་རུང་སྟེ།  ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟར་དོར་ཏེ། ལམ་ལུགས་ལེགས་སྒྱུར་མཛད་པ་དེ་ནི་མདུན་བསྐྱོད་ཤིན་ཏུ་ཆེན་པོ་ཞིག་ཡིན་ལ། ལེགས་བྱས་འདིས་ལོ་ངོ་བརྒྱ་ཕྲག་ནང་ཐོན་པའི་ཕན་འབྲས་དེ་བསམ་ཡུལ་ལས་འདས་པ་ཞིག་ཡིན། ལམ་ལུགས་ལེགས་བཅོས་ཀྱི་ཕན་རླབས་ནི། གཟུགས་ཅན་དངོས་པོ་ཞིག་གསར་གཏོད་བྱས་པ་དང་བསྡུར་ཐབས་མེད་པ་ཞིག་ཡིན། སྐྱེས་མཆོག་འདིས་ཀྱང་ནང་གི་གཞོན་ནུ་ཕྱིར་སློབ་གཉེར་དུ་གཏོང་ཞིང་། ཕྱི་ཡི་མཁས་པ་ནང་དུ་གདན་དྲངས་པ་ནས་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱེད་པ་དང་། གཙུག་ལག་ཁང་གསར་སྐྲུན། འཆད་ཉན་གྱི་སྲོལ་འཛུགས་པ། འདུལ་བསྟན་ལ་དག་ཐེར་མཛད་པ། ཆོས་བྱེད་མི་སྣའི་འཚོ་བའི་མཐུན་རྐྱེན་སྦྱར་བར་སོགས་མཛད་ཅིང་། སྐུ་ན་ཤིན་ཏུ་བགྲེས་པའི་དུས་སུ་ཡང་ཉིད་ཀྱི་ཐུགས་དམ་གླིང་ལ་ཕྱག་འཁར་བསྣམས་ནས་བསྐོར་བ་མང་དུ་མཛད་པ་དང་། དེ་ཡི་ཚེ་ཡང་ཉེ་གནས་གཅིག་མ་གཏོགས་པ་སུ་ཡང་མི་མཇལ་བར་བཀའ་སྩལ་ནས། ལོ་གསུམ་གྱི་བར་དུ་སྐུ་མཚམས་བཅད་ནས་ཐུགས་དམ་མཛད་པ་སོགས་སྟོན་པ་ཤཱཀྱ་སེངྒེ་ཉིད་ཁོ་ན་ལྟར་རྣམ་ཐར་བསྐྱངས་མོད། རྩོམ་འདིར་སྲིད་ལུགས་ལེགས་བཅོས་གནང་བའི་ཟུར་འདི་ཁོ་ན་ལས། རྣམ་ཐར་ཐར་ཆགས་སུ་གླེང་རྒྱུ་མིན་པས། སྐུ་ཉིད་རང་མཛད་རྣམ་ཧྲིལ་པོར་མཇལ་བར་འདོད་ཚེ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པར་གཟིགས་པར་འཚལ་ལོ།། མཐར་ཕྱི་ལོ་ ༡༠༢༣ ལོར་མཐོ་གླིང་གཟིམ་ཁང་དུ་ཞི་བར་གཤེགས་སོ།།

ད་དུང་ཐུགས་ལ་མ་ཆུན་ཚེ། ང་ཚོ་མཉམ་དུ་དཔལ་ལྡན་ས་སྐྱའི་སྲིད་དབང་མཇུག་བསྒྲིལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་དེ་ཁ་ཕྱེ་ནས་རྩོམ་འདི་མཇུག་སྒྲིལ་བར་བྱེད་དོ། །དེ་ཡང་ས་སྐྱ་པའི་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞུ་བས་སྔ་རྟིང་དུ་ཆུང་མ་བདུན་ཁབ་ཏུ་བཞེས་ཤིང་། སྲས་སྲོས་མང་དུ་བྱུང་བས། རིགས་སྲས་རྣམས་ཡུམ་སོ་སོའི་ཕྱོགས་འཁྱེར་དང་བཅས་རིམ་བཞིན་ཐུགས་མཐུན་མི་ཤིས་ཡོང་གཞི་མངོན་པར་བརྟེན། ཕྱི་ལོ་ ༡༣༢༤ ལོ་སྟེ་ཡབ་བཟང་པོ་དཔལ་གཤེགས་པའི་ལོ་དེར་སྲས་བགྲེས་པ་གོང་མའི་ཏི་ཤྲི་ཀུན་དགའ་བློ་གྲོས་ཆེན་པོས་བླ་བྲང་ཁག་བཞིར་བགོས་པས། རང་རང་བླ་བྲང་གི་སྟོབས་འབྱོར་རྒྱས་ཐབས་སོགས་ཆགས་སྡང་ཇེ་ཆེར་གྱུར་ཞིང་། སྤྱི་པའི་བདེ་དོན་ལ་ཡང་ཚགས་སུ་མ་ཚུད་པར། བླ་ཆེན་དང་དཔོན་ཁག་ཇེ་མང་དུ་འཕེལ་བ། མི་སྡེར་ཁྲལ་འུལ་གྱི་གཟན་རྒྱགས་ལོ་རེ་བཞིན་ཆེ་རུ་སོང་བ་སོགས་ཀྱི་རྐྱེན་པས། ས་སྐྱ་པའི་དབང་ཇུས་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་འདུག་གོ །

བརྒྱུད་སྐུལ།

མཆན་སྤེལ།