ས་ཆེན་ཀུན་དགའ་སྙིང་པོའི་རྣམ་ཐར་མདོར་བསྡུས།

ས་ཆེན་ཀུན་དགའ་སྙིང་པོའི་རྣམ་ཐར་མདོར་བསྡུས།

ས་ཆེན་ཀུན་དགའ་སྙིང་པོའི་རྣམ་ཐར་མདོར་བསྡུས།

 

ས་ཆེན་ཀུན་དགའ་སྙིང་པོ་ནི་གཙང་སྟོད་གྲོམ་པའི་ཡུལ་གྱི་སྟོད་དུ།  འཁོན་དཀོན་མཆོག་རྒྱལ་པོའི་བཙུན་མོ་ཆུང་བ་མ་གཅིག་ཞང་མོའི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཕོ་སྤྲེལ(༡༠༩༢)ལོ་ལ་སྐུ་འཁྲུངས།  མི་རིང་བར་སྐུ་སྐྱེད་ཤིན་ཏུ་མགྱོགས་ཤིང་ཀུན་གྱིས་མཐོང་ན་དགའ་བས་མཚན་ལ་ཀུན་དགའ་སྙིང་པོར་གསོལ།

ནར་སོན་པ་ན་ཡབ་ཀྱི་མདུན་ཡི་གེ་སྦྱོར་ཀློག་དང་།  སྨན་རྩིས་སྒྲ་དང་སྙན་ངག་སོགས་ལ་སློབ་གཉེར་གནང་།  དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་ན་ཡབ་བཤེགས།  ཡུམ་གྱི་ཞལ་ནས་ཉིད་ཀྱི་ཡབ་ཀྱང་ལོ་ཙཱ་བ་དང་འབྲེལ་བ་ཆེ།  ཁྱེད་རང་ཡང་ལོ་ཙྭ་བ་གཅིག་བསྟེན་ནས་ཆོས་སློབ་དགོས།  ད་ལྟ་ཁྱོད་ལོ་ཆུང་བས་འོ་ཅག་གི་དགོན་པ་མི་ཟིན།  གདན་ས་འདི་བ་རི་ལོ་ཙཱ་བ་ལ་གཏད་ན་དྲག་གསུངས།

དེ་ནས་ཡུམ་གྱི་བཀའ་བཞིན་པ་རི་ལོ་ཙཱ་བ་སྤྱན་དྲངས་ཏེ་འཕྲང་དང་བྲག་དམར་གཉིས་ཀྱི་སྡེ་པ་བསྡུས་ནས།  ཆོས་འཆད་པ་དང་།  དགོན་པའི་འགྲམ་འདིང་བ།  བ་རི་བ་གདན་སར་བཀོད་པ་རྣམས་ཉིན་གཅིག་ལ་གྲུབ་པར་མཛད།  བ་རི་ལོ་ཙཱ་བས་ཁྱོད་ཕ་ཇོ་སྲས་ཀྱི་བུ་ལ་སློབ་གཉེར་བྱེད་དགོས་པའི་ཡིན།  སློབ་གཉེར་བྱེད་པ་ལ་ཤེས་རབ་དགོས།  ཤེས་རབ་ཅན་གྱི་ལྷ་འཇམ་དབྱངས་ལ་བསྟེན་དགོས་གསུང་ཏེ།  ཨ་ར་པ་ཙའི་སྒྲུབ་ཐབས་གནང་།  ཟླ་བ་དྲུག་ལ་བསྙེན་མཚམས་བཞུགས་པས་འདོད་དོན་གེགས་མེད་ཏུ་གྲུབ།

དགུང་ལོ་བཅུ་གཉིས་པར་པུ་རོང་ངུར་སྨིག་ཏུ་བྱོན།  བཞུགས་གནས་བྲག་ཕུག་ལ་མཛད་དེ།  དགེ་བཤེས་བྲག་ཏིའི་སྐུ་མདུན་ནས་ཆོས་མངོན་པ་གསན།  དེའི་ཚེ་ཁང་མཚེས་སུ་ཡར་འབྲོག་པའི་གྲྭ་པ་གཅིག་ལ་འབྲུམ་ནག་ན་བ་ལ།  ཐུགས་ཀྱིས་མ་བཟོད་ནས་ནད་གཡོག་མཛད་པས།  འབྲུམ་ནད་འགོས་ཏེ་སྙུན་གཞི་ཆེན་པོ་བྱུང་།  དེར་མ་ཡུམ་གྱིས་གསེར་ལ་སོགས་པ་ཁྱེར་ནས་སྐུ་མདུན་དུ་ཕེབས་བྱུང་བ་ལ།  སྐུ་ན་གཞོན་པ་དང་།  ཐག་རིང་དུ་སྙུན་གཞི་ཐེབས་སྟབས་ཀྱིས་བཤུམས་པས།  ཡུམ་གྱིས་ཕ་ཇོ་སྲས་ཀྱི་བུ་ལ་སྙིང་རུས་དགོས།  ཁྱེད་དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས་སུ་ཆོས་ལ་སློབ་གཉེར་གནང་ནས་ཤི་ན་ལེགས་པ་ལས་སེམས་ཕངས་པ་ཅི་ཡོད་ཅེས་གསུངས།

དེས་བསྐུལ་མ་ཆེན་པོ་བྱུང་སྟེ་ས་སྡེ་ལྔ་དང་།  སྡོམ་རྣམ་གཉིས་སོགས་ཆོས་བཀའ་རྒྱ་ཆེར་གསན་པ་ལ་ཐུགས་རུས་བླ་ན་མེད་པར་མཛད།  ས་སྐྱར་ཕེབས་ནས་བླ་མ་བ་རི་ལོ་ཙཱ་བའི་མདུན་ཕར་ཕྱིན་ཐེག་པའི་སྐོར་སོགས་མདོ་སྔགས་ཀྱི་ཆོས་བཀའ་དུ་མ་གསན།  བ་རི་ལོ་ཙ་བས་གདན་ས་ལོ་བརྒྱད་བཟུང་ཞིང་།  དེ་བར་རྒྱ་གར་དང་བལ་བོད་ཀྱི་རྟེན་ཁྱད་འཕགས་དུ་མ་བསགས་ཏེ་ས་སྐྱར་རྣམ་རྒྱལ་མཆོད་རྟེན་བཞེངས།  དེ་ནས་ས་ཆེན་ལ་གདན་ས་གཏད་དེ་ཡུན་མི་རིང་བར་བར་ཕུག་ཏུ་སྐུ་གཤེགས་སོ།  །

དེ་ནས་ཁོང་མི་ལྷང་ཚེར་དང་གནམ་ཁའུ་པ་སོགས་མཁས་གྲུབ་དུ་མའི་མདུན་ནས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན།  སྐབས་དེར་ས་སྐྱ་པའི་གྲོས་ལ་དབང་བ་རྣམས་ཚོགས་ཏེ།  ཁོང་ལ་ཕ་ཆོས་སློབ་དགོས་པའི་གྲོས་བཏོན་ནས་པུ་ཧྲང་པའི་སློབ་མ་འཁོན་སྒྱི་ཆུ་བ་དགྲ་ལྷ་འབར་མཁས་ཤིང་།  ཁོང་དང་རུས་ཀྱང་གཅིག་པས་དེའི་མདུན་ལ་ཕེབས་རྒྱུར་ཚང་མས་གྲོས་ཐག་བཅད་པ་ལྟར་ཕེབས།  དེར་ཀྱེེ་རྡོ་རྗེ་སོགས་བཀའ་ལུང་དུ་མ་གསན།  འཁོན་སྒྱེ་ཆུ་བ་ལ་སློབ་མ་མཁས་གྲས་བརྒྱད་ཅུ་ཡོད་པའི་ནང་ནས་རྗེ་འདི་ཡོན་ཏན་ཕུལ་དུ་བྱུང་ཞིང་ཞི་དུལ་བག་ཡོད་ལྡན་པ།  སྙིང་རུས་ལྷག་པར་ཆེ་བ་སོགས་ཀྱིས་ཐུགས་གཙིགས་ཆེན་པོ་མཛད།  མར་པའི་སློབ་མ་མེས་སྟོན་ཚོན་པོ་དང་བླ་མ་སེ་ཡི་ཞབས་ལ་གཏུགས།  རྒྱུད་བཞིའི་བཤད་པ་དང་།  ལམ་འབྲས་སྐོར་སོགས་གསན།  གདན་སར་བཞུགས་པ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་ས་སྐྱ་པའི་བསྟན་པ་སྤེལ་བའི་ཕྱིར་དུ་མདོ་རྒྱུད་ཀྱི་འཆད་ཉན་རྒྱུན་མི་ཆད་པར་མཛད།  གཞན་ཡང་གྲུབ་མཐའ་གཞན་དང་།  ས་ཆ་གཞན་དུ་བཞུགས་པའི་མཁས་གྲུབ་མང་པོ་ས་སྐྱར་གདན་དྲངས་ཏེ།  འཆད་ཉན་གྱིས་རིག་པའི་གནས་ལྔའི་གཞི་རྩ་ཚུགས་པར་མཛད།  སྐབས་ཤིག་ཏུ་བླ་མ་སྒྱི་ཆུ་བ་གདན་འདྲེན་དགོས་དགོངས་ཀྱང་།  སྒྱི་ཆུ་བ་སྐུ་གཤེགས་ནས་གདན་དྲངས་མ་ཐུབ།  བླ་མ་དེའི་ཞལ་ཆེམས་སུ་ཁྱེད་རབ་ཏུ་བྱུང་ལ་འཁོན་ཚོའི་སྡེ་འདི་སྐྱོངས་ཞེས་གསུངས་པ་ལ།  བླ་མ་གནམ་ཁའུ་པས་རབ་ཏུ་བྱུང་བཅུག་ཀྱང་འཁོན་ཚོའི་དཔོན་གྱི་ཁུར་བཞེས་གནང་།  ཕྱིས་བླ་མའི་མདུན་བྱོན་ནས་གསེར་སྲང་བཅུ་བདུན་ཕུལ་བས།  བླ་མས་མགོན་པོའི་སྒྲུབ་ཐབས་རྗེས་གནང་མན་ངག་བཅས་པ་གནང་བར་མ་ཟད།  མགོན་པོའི་སྒྲུབ་རྟེན་དར་ནག་དང་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིགམགོན་པོའི་འཆམས་སྐུ་བསེ་འབག་ནག་པོ་འཕུར་ཤེས་སོགས་གནང་།  དེ་དག་བསྣམས་ནས་ས་སྐྱར་ཚུར་ཕེབས།  ལྷོ་སྟོད་ཀྱི་བླ་མ་པུ་ཧྲང་ལོ་ཆུང་ལ་བདེ་མཆོག་གི་སྐོར་སོགས་ཆོས་མང་དུ་གསན།  ལོ་ཙཱ་བ་དེས་བྲམ་ཟེ་མཆོག་སྲེད་ཀྱི་པུར་སོལ་ལ་རང་བྱིན་དུ་འཁྲུངས་པའི་ཤིང་མགོན་ཡིད་བཞིན་ནོར་བུའང་རྗེ་འདི་ལ་གནང་།  རྟེན་འདི་དག་ཕྱིས་སུ་དཔལ་ས་སྐྱ་དགོན་གྱི་ནང་རྟེན་གལ་ཆེ་ཤོས་སུ་གྱུར།

དེ་ནས་བླ་མ་སེའི་སློབ་མ་ཞང་སྟོན་གྱི་སྐུ་མདུན་དུ་ཕེབས།  ཁྲབ་གཅིག་ཕྱག་རྟེན་དུ་ཕུལ་ནས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་དབྱར་དགུན་བཞི་ལྷག་ཙམ་དུ་ཞུས།  གདམས་ངག་མ་ལུས་པ་ཐུགས་ཀྱི་བུམ་པར་བྱོན།  དེ་ནས་གདམས་ངག་རྫོགས་ཏེ་སྒྲུབ་པ་ལུང་སྦྱིན་པའི་དུས་སུ་ལོ་བཅོ་བརྒྱད་བར་གཞན་དུ་བསྒྲགས་མི་ཆོག་པའི་བཀའ་རྒྱས་བསྡམས།  ལོ་བཅོ་བརྒྱད་སོང་བ་དང་།  བླ་མ་ཨ་སེང་གི་ལམ་འབྲས་ཁུངས་ཆོད་ནས་རྗེ་ས་ཆེན་ལ་གསུང་ངག་རིན་པོ་ཆེ་གསུང་བར་གསོལ་བ་བཏབ།  རྟེན་འབྲེལ་ལེགས་པར་འགྲིགས་སྟབས།  ཚེ་གཅིག་ལ་འཚང་རྒྱ་བའི་གདམས་པ་མཆོག་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆོས་ཀྱི་སྒོ་ཐོག་མར་ཕྱེས་ཏེ་ལམ་འབྲས་དོན་བསྡུས་མ་ཞེས་པ་དེ་ཡི་གེའི་ཐོག་ཏུ་བཀོད་པར་མཛད།  དེ་ནས་རིམ་བཞིན་ཇེ་མང་དུ་སྤེལ།  རྗེ་འདི་པས་སྔགས་ཕྱི་ལམ་འབྲས་ལ་འགྲེལ་པ་རྒྱས་བསྡུས་བཅུ་གཅིག་མཛད།

གུང་ཐང་དུ་བྱོན་པའི་ཚེ་སྐུ་ལ་སྙུན་བྱུང་ཡང་སྨན་གསོལ་བས་དྭངས།  གཡས་རུ་གྲོང་ཆུང་དགོན་པར་བྱོན་སྐབས་ནད་རོ་ལངས་ནས་ཟླ་བ་གཉིས་ཙམ་རིང་བསྙུང་བས།  ཆོས་ཐམས་བཅད་བརྗེད།  འདྲི་སར་གྲོགས་པོ་ཡང་མེད།  རྒྱ་གར་དུ་ཕྱིན་བསམ་ཡང་ཇི་འདྲ་ཡིན་ཆ་རྒྱུས་མེད་སྟབས།  ས་སྐྱར་བྱོན་ནས་བཞུགས་ཤག་རྙིང་པའི་ནང་སྐུ་མཚམས་བཞུགས་ཏེ་དཀོན་མཆོག་ལ་གསོལ་བ་བཏབ་པས།  ཚུལ་འགའ་རེ་དྲན་པ་བྱུང་།  དེ་ནས་རྗེ་དགོན་པ་བ་མནལ་ལམ་དུ་བྱོན་ནས་ཆོས་གསུངས་པས་སྔར་བཞིན་མདོ་སྔགས་ཀྱི་དོན་མ་ལུས་པ་སླར་ཡང་གསལ་བར་མཁྱེན།

སྐབས་ཤིག་ན་སྔགས་ནག་བླ་ཆེན་སྟག་ཚ་དང་།  བོན་ནག་རེ་བ་འཛུ་གུ་གཉིས་ཀྱིས་ཕྲག་དོག་གི་བསམ་པས་རྗེ་འདི་པའི་སྐུ་སྲོག་ལ་གནོད་པ་བྱེད་མཁན་ཁམས་འདན་མ་ནས་འོངས་པ་རྡོར་རྒྱལ་ཟེར་བ་ཞིག་མངགས།  དེ་ཁོང་གི་མདུན་དུ་འོངས་ནས།  བདག་སྐྱེས་ས་ཁམས་ནས་ཡིན།  སྟོད་ཕྱོགས་སུ་ཕྱིན་ནས་ལོ་དུ་མ་སོང་།  ད་ལམ་ཁྱེད་ཀྱི་སྙན་པ་ཐོས་ནས་མཇལ་དུ་འོངས་པ་ལགས་སོ།  །ཞེས་རྫུན་སྨྲས་ནས།  རེ་ཞིག་སྐུ་འཁོར་གྱི་ཚུལ་དུ་བསྡད་ཁུལ་བྱས་ཏེ་རྗེ་ས་ཆེན་དགྲོང་རྒྱུའི་ཞེ་ངན་འཆང་།  ས་ཆེན་གྱི་སྐུ་ཡོན་དང་མཛད་སྤྱོད་བཟང་པོ་ལ་བཟློག་ཏུ་མེད་པའི་དད་པ་སྐྱེས་ནས།  བསམ་ངན་གྱི་བྱ་བ་ལ་འགྱོད་བཤགས་ཕུལ།  དེ་ནས་ཕྱིར་ལོག་ནས་སྟག་ཚ་དང་།  བོན་ནག་གཉིས་ལ་རྗེ་ས་ཆེན་བཀྲོང་ཟིན་ཞེས་རྫུན་བཤད་དེ།  ཁོ་ཚོའི་ཉེ་གནས་བྱས་ནས་ཟླ་བ་གཅིག་ཁ་མ་ལོངས་པར་ཉེར་དགུའི་ནུབ་མོར་སྔགས་བོན་གཉིས་ཀ་བསད་དེ།  སླར་ཡང་ས་ཆེན་གྱི་སྐུ་མདུན་དུ་ཕྱིན་ནས་ཞབས་ཞུ་བསྒྲུབས།  རྗེ་འདི་པས་ལྔ་ཕྱི་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལས།  སྔ་མ་ལ་སྲས་གཅེན་ཀུན་དགའ་འབར་བྱ་བ་དང་ཕྱི་མ་ལ་སྲས་བསོད་ནམས་རྩེ་མོ་སོགས་སྐུ་མཆེད་གསུམ་འཁྲུངས།

སྐུ་ཚེ་ཧྲིལ་པོར་འཆད་ཉན་སྒོམ་སྒྲུབ་ཀྱི་དུས་འདའ།  དགེ་བའི་བཤེས་གཉེན་ཉི་ཤུ་ཁ་ལྷག་བསྟེན།  གངས་རིའི་ཁྲོད་དུ་དཔལ་ལྡན་ས་སྐྱ་པ་ཞེས་སྙན་པའི་བ་དན་ཕྱོགས་བཅུར་གཡོ་བ་ཡང་།  རྗེ་འདི་ཉིད་ཀྱི་བཀའ་དྲིན་ལས་བྱུང་།  གཞན་ཡང་སྐུ་གསུང་ཐུགས་རྟེན་དང་གཙུག་ལག་ཁང་མང་པོ་བཞེངས།

དགུང་ལོ་ཉི་ཤུ་པ་རབ་བྱུང་གཉིས་པའི་ལྕགས་ཡོས་(༡༡༡༡)ལོ་ནས་དྲུག་ཅུ་རྩ་བདུན་པ་རབ་བྱུང་གསུམ་པའི་ས་སྟག(༡༡༥༨)ལོའི་བར་གདན་སར་ལོ་ཞེ་བརྒྱད་བཞུགས།

གསུང་ཆོས་ཀྱང་སྡེ་དགེའི་པར་མ་ལྡེབ་རིང་པོད་གཉིས་བཞུགས་ཡོད།  ཆོས་དང་རིགས་ཀྱི་སྲས་སུ་གྱུར་པ་དཔལ་ལྡན་བསོད་ནམས་རྩེ་མོ་དང་།  ཡུལ་གྲུ་གཞན་ནས་བྱོན་པའི་སེངྒ་ལའི་ཨ་ཙ་ར་སོགས་མཁན་གྲུབ་ཀྱི་སློབ་མ་མང་དུ་སྤེལ།  དེ་ལྟར་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་རིན་པོ་ཆེ་འཛིན་མའི་ཕྱོགས་ཀུན་ཏུ་སྤེལ་ཏེ།  རབ་བྱུང་གསུམ་པའི་ས་ཕོ་སྟག་གི་(༡༡༥༨)ལོ་ཟླ་བ་དགུ་པའི་ཚེས་བཅུ་བཞི་ལ་གཟུགས་སྐུ་ཞི་དབྱིངས་སུ་མནལ་བའི་ཚུལ་མཛད་དོ།  །

བརྒྱུད་སྐུལ།

མཆན་སྤེལ།