གསང་ཕུར་འཆད་ཉན་མཛད་མྱོང་བའི་བོད་ཀྱི་མཁས་པ་ཁག་གཅིག

གསང་ཕུར་འཆད་ཉན་མཛད་མྱོང་བའི་བོད་ཀྱི་མཁས་པ་ཁག་གཅིག
(གངས་ཅན་བོད་ཀྱི་ནཱ་ལེནྡཱ་དང་པོ་)གསང་ཕུ་བཤད་གྲྭ་ཆེན་མོ་ནས་དངོས་སུ་འཆད་ཉན་མཛད་མྱོང་ཞིང་། བོད་གངས་ཅན་གྱི་ཆོས་རིག་ལོ་རྒྱུས་ཁྲོད་སྐད་གྲགས་ཆེ་བའི་མཁས་པ་ཁག་གཅིག་ངོ་སྤྲོད།
༡ རྔོག་ལེགས་པའི་ཤེས་རབ། ཁོང་ནི་བོད་ཀྱི་བཤད་གྲྭ་ཆེན་མོ་གསང་ཕུ་ནེའུ་ཐོག་དགོན་པ་ཐོག་མར (༡༠༧༣) ཕྱག་འདེབས་པ་པོ་ཡིན།
༢ རྔོག་བློ་ལྡན་ཤེས་རབ། ཁོང་ནི་ (༡༠༥༩-༡༡༠༩) གསང་ཕུ་དགོན་པའི་གདན་རབས་གཉིས་པ་དང་། བོད་ཀྱི་གཞུང་ཆེན་འཆད་ཉན་སློབ་གཉེར་ཐམས་ཅད་ཀྱི་རྩ་བའི་འབྱུང་ཁུངས་ (སམ་སྲོལ་གཏོད་པ་) ལྟ་བུ་ཡིན།
༣ གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁོང་ནི་རྔོག་ལོའི་སློབ་མ་བུ་ཆེན་བཞིའི་ཡ་གྱལ་ཏེ། གསུང་རབ་ཀུན་ལ་མཁས་པ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཞེས་གྲགས།
༤ པ་ཚབ་ལོ་ཙཱ་བ་ཉི་མ་གྲགས། ཁོང་ནི་ ༡༠༥༥ ལོར་འཁྲུངས་ཤིང་། བོད་ཀྱི་ཆོས་རིག་སྤྱི་དང་། ཁྱད་པར་དུ་བོད་དུ་དབུ་མ་ཐལ་འགྱུར་བའི་གཞུང་ལུགས་འཆད་ཉན་སྒྱུར་གསུམ་གྱི་རྩ་བའི་སློབ་དཔོན་ཆེན་མོ་ཡིན།
༥ འབྲེ་ཤེས་རབ་འབར། ཁོང་ནི་རྔོག་ལོའི་སློབ་མ་བུ་ཆེན་བཞིའི་ཡ་གྱལ། ཕར་ཕྱིན་གྱི་བཤད་རྒྱུན་གཙོ་བོར་འཛིན་པ་ཡིན།
༦ ཁྱུང་རིན་ཆེན་གྲགས། ཁོང་ནི་རྔོག་ལོའི་སློབ་མ་བུ་ཆེན་བཞིའི་ཡ་གྱལ། དབུ་མའི་བཤད་རྒྱུན་གཙོ་བོར་འཛིན་པ་ཞིག་ཡིན།
༧ རྒྱ་དམར་བ་བྱང་ཆུབ་གྲགས།ཁོང་ནི་ཁྱུང་རིན་ཆེན་གྲགས་དང་། གངས་པ་ཤེའུ་བློ་གྲོས་བྱང་ཆུབ་གཉིས་ཀྱི་དྲུང་ནས་དབུ་ཚད་ཀྱི་གཞུང་ལ་སྦྱངས་ཏེ་མཁས་པར་གྱུར། ཁོང་གི་སློབ་མ་ལའང་ཕྱྭ་བ་ཆོས་སེང་དང་། ཕག་གྲུ་རྡོ་རྗེ་རྒྱལ་པོ་སོགས་མཁས་པ་ཆེན་པོ་མང་པོ་བྱུང་ཡོད།
༨ ཕྱྭ་པ་ཆོས་ཀྱི་སེང་གེ་ (༡༡༠༩-༡༡༦༩) གསང་ཕུ་དགོན་གདན་རབས་དྲུག་པ་དང་། བོད་ཀྱི་གཞུང་ཆེན་སློབ་གཉེར་ལམ་ལུགས་ལ་འབུར་དུ་དོན་པའི་གསར་གཏོད་ཀྱི་མཛད་རྗེས་རླབས་པོ་ཆེ་འཇོག་མཁན་ཡིན།
༩ ཀརྨ་པ་དུས་གསུམ་མཁྱེན་པ། ཁོང་ནི་ (༡༡༡༠-༡༡༩༣) ཀརྨ་པ་སྐུ་ཕྲེང་དང་པོ་དང་། ཀརྨ་བཀའ་བརྒྱུད་ཀྱི་གདན་ས་ཆེན་མོ་མཚུར་ཕུ་དགོན་ཕྱག་འདེབས་པ་པོ་ཡིན།
༡༠ ཕག་གྲུ་རྡོ་རྗེ་རྒྱལ་པོ། ཁོང་ནི་ (༡༡༡༠-༡༡༧༠) ཕག་གྲུ་བཀའ་བརྒྱུད་ཀྱི་གཏོད་པ་པོ་དང་། ཕག་གྲུའི་གདན་ས་ཆེན་པོ་ཐེལ་དགོན་པ་ཕྱག་འདེབས་པ་པོ་ཡིན།
༡༡ ཞང་བརྩོན་འགྲུས་གྲགས་པ། ཁོང་ནི  (༡༡༢༣-༡༡༩༣) ཚལ་པ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ་དང་། གདན་ས་ཆེན་མོ་ཚལ་གུང་ཐང་དགོན་པ་ཕྱག་འདེབས་པ་པོ་ཡིན།
༡༢ ས་ཆེན་བསོད་ནམས་རྩེ་མོ། ཁོང་ནི  (༡༡༣༣-༡༡༨༢) ས་སྐྱ་གོང་མ་རྣམ་ལྔའི་གྲས་དང་། ཕྱྭ་པ་ཆོས་སེང་གི་སློབ་མ་ཇོ་སྲས་བཞིའི་ཡ་གྱལ་ཡིན། དགུང་ལོ་བཅུ་བདུན་སྟེང་གསང་ཕུ་དགོན་དུ་ཕེབས་ནས་སྒྲ་ཚད་འདུལ་མངོན་སོགས་ལ་བྱང་ཆུབ་པར་སྦྱངས།
༡༣ ཆོས་རྗེ་སྨར་བ་ཤེས་རབ་ཡེ་ཤེས། ཁོང་ནི་ (༡༡༣༥-༡༢༠༣) སྨར་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་པོ་ཡིན། དགུང་ལོ་ཉེར་གཅིག་སྟེང་གསང་ཕུ་དགོན་དུ་ཕེབས་ཏེ། གཙང་ནག་པ་བརྩོན་འགྲུས་སེང་གེའི་མདུན་ནས་དབུ་ཚད་སོགས་ལ་མཁས་པར་སྦྱངས།
༡༤ འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ། ཁོང་ནི་ (༡༢༤༣-༡༢༡༧) འབྲི་གུང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ་དང་། གདན་ས་ཆེན་མོ་འབྲི་གུང་མཐིལ་དགོན་པ་ཕྱག་འདེབས་མཁན་ཡིན།
༡༥ ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཁོང་ནི་ (༡༡༨༢-༡༢༥༢) ས་སྐྱ་གོང་མ་རྣམ་ལྔའི་གྲས་དང་། བོད་ཀྱི་གནས་ལྔ་རིག་པའི་སྲོལ་འབྱེད་མཁན་ཡིན། གསང་ཕུ་དགོན་དུ་ཕེབས་ནས་ཐོས་བསམ་མཛད།
༡༦ ཡར་ཀླུང་བ་གྲགས་པ་རྒྱལ་མཚན། ཁོང་ནི་ས་པཎ་གྱི་སློབ་མ་གྲགས་ཅན་བརྒྱད་ཀྱི་གྲས་དང་། སྟོད་ལུང་སྡིངས་ཀ་དགོན་ཕྱག་འདེབས་མཁན་ཡིན།
༡༧ འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན། ཁོང་ནི་ (༡༢༣༥-༡༢༨༠) ས་སྐྱ་གོང་མ་རྣམ་ལྔའི་གྲས་དང་། གསང་ཕུའི་གྲྭ་ཚང་བཅུའི་ཡ་གྱལ་རྣམ་རྒྱལ་གསེར་ཁང་ཕྱག་འདེབས་པ་པོ་ཡིན།
༡༨ དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ཁོང་ནི་ (༡༢༧༦-༡༣༤༢) བསྟན་བཅོས་བརྩམས་པ་དང་བསྒྱུར་བ་མང་བའི་ལོ་ཙཱ་བ་སྐད་གྲགས་ཅན་ཞིག་ཡིན་ལ། གསང་ཕུ་དགོན་ནས་འཆད་ཉན་མཛད་དེ་བསྐྱངས།
༡༩ རྟོགས་ལྡན་གྲགས་པ་སེང་གེ། ཁོང་ནི་ (༡༢༨༣-༡༣༤༦) ཞྭ་དམར་སྐུ་ཕྲེང་དང་པོ་ཡིན་ལ། སྟོད་ལུང་གནས་ནང་དགོན་པ་ཕྱག་འདེབས་པ་པོ་ཡིན། གསང་ཕུ་དགོན་པར་ཕེབས་ནས་ངོ་ལོ་བདུན་རིང་སློབ་གཉེར་མཛད།
༢༠ འུ་ཡུག་པ་རིག་པའི་སེང་གེ། ཁོང་ནི་གསང་ཕུའི་གླིང་སྟོད་གདན་རབས་བཅུ་བ་གཉལ་ཞིག་འཇམ་དཔལ་རྡོ་རྗེའི་སློབ་མ་དང་། རྗེས་སུ་ས་སྐྱ་པཎ་ཆེན་གྱི་སློབ་མར་གྱུར་ཏེ། ས་སྐྱའི་བཤད་གྲྭ་བསྐྱངས།
༢༡ རྗེ་དབོན་བློ་བཟང་ཉི་མ། ཁོང་ནི་ (༡༤༢༩-༡༥༠༠) རྭ་སྟོད་དགོན་པའི་འཆད་ཉན་སློབ་དཔོན་ཐོག་མ་དེ་ཡིན།
༢༢ དོལ་པོ་བ་ཤེས་རབ་རྒྱལ་མཚན། ཁོང་ནི་ (༡༢༩༢-༡༣༦༡) རྒྱལ་བ་ཇོ་ནང་པའི་གྲུབ་མཐའ་གསར་དུ་སྤེལ་བ་པོ་ཡིན་ལ། གསང་ཕུར་ཕེབས་ཏེ་གཞུང་ཆེན་གྱི་འབེལ་གཏམ་མང་པོ་མཛད།
༢༣ གཡག་སྡེ་པཎ་ཆེན་བརྩོན་འགྲུས་དར་རྒྱས། ཁོང་ནི་ (༡༢༩༩-༡༣༧༨) ཨེ་ཝམ་དགོན་ཕྱག་འདེབས་པ་པོ་ཡིན་ལ། གསང་ཕུ་བ་བློ་གྲོས་མཚུངས་མེད་སོགས་ཀྱི་སློབ་མར་གྱུར་ཏེ། སྙན་གྲགས་ཆེ་བའི་མཁས་པར་གྱུར།
༢༤ ཀློང་ཆེན་རབ་འབྱམས་པ། ཁོང་ནི་ (༡༣༠༨-༡༣༦༣) དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དགོན་དུ་ཕེབས་ཏེ་ངོ་ལོ་དྲུག་རིང་གཞུང་ཆེན་སློབ་གཉེར་མཛད་དེ་མཁས་པའི་གྲགས་པ་ཐོབ།
༢༥ གཡག་ཕྲུག་སངས་རྒྱས་དཔལ། ཁོང་ནི་ (༡༣༤༨-༡༤༡༤) གསང་ཕུ་དགོན་དུ་ཕེབས་ནས་སློབ་གཉེར་མཛད་མྱོང་མཁན་ཡིན་ལ། མཁས་པ་ཆེན་པོར་གྱུར་ཏེ། ཕར་ཕྱིན་གཅིག་པུའི་གཞུང་འགྲེལ་པོད་བཅུ་གྲངས་ལྷང་བརྩམས་ལ། ཕར་ཕྱིན་གཡག་ལ་ཐུག་ཅེས་ཡོངས་སུ་གྲགས་ཡོད།
༢༦ མཉམ་མེད་ཤེས་རབ་རྒྱལ་མཚན། ཁོང་ནི་ (༡༣༥༦-༡༤༡༥) གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་གཙང་སྨན་རི་དགོན་ཕྱག་འདེབས་པ་པོ་ཡིན་ལ། གསང་ཕུ་དགོན་དུ་ཕེབས་ནས་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་མདུན་ནས་ཚད་མ་སོགས་གསན་ཏེ་མཁས་པ་ཆེན་པོར་གྱུར།
༢༧ རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། ཁོང་ནི་ (༡༣༥༧-༡༤༡༩) རི་བོ་དགེ་ལུགས་པའི་གྲུབ་མཐའ་སྲོལ་གཏོད་པ་པོ་ཡིན་ལ། དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དགོན་སོགས་སུ་གྲྭ་སྐོར་མཛད་དེ་མཁས་པའི་གྲགས་པ་རྒྱས།
༢༨ རྒྱལ་ཚབ་དར་མ་རིན་ཆེན། ཁོང་ནི་ (༡༣༦༤-༡༤༣༢) དགའ་ལྡན་ཁྲི་ཐོག་གཉིས་པ་ཡིན་ལ། གསང་ཕུ་དགོན་སོགས་སུ་ཕེབས་དཀའ་བཅུ་རབ་འབྱམས་པའི་མཚན་སྙན་ཐོག་མ་དེ་བཞེས།
༢༩ རོང་སྟོན་ཤཱཀྱ་རྒྱལ་མཚན། ཁོང་ནི་ (༡༣༦༧-༡༤༤༩) དཔལ་ནཱ་ལེནྡྲ་དགོན་པ་ཕྱག་འདེབས་པ་པོ་ཡིན་ལ། གསང་ཕུ་དགོན་དུ་ཕེབས་ཏེ། འཆད་ཉན་མཛད་དེ་སློབ་མ་མཁས་ཆེན་མང་པོ་བསྐྱངས།
༣༠ བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། ཁོང་གིས་ (༡༣༥༧-༡༤༥༡) དགུང་ལོ་ཉེར་གསུམ་སྟེང་གསང་ཕུ་དགོན་པར་གྲྭ་སྐོར་མཛད་དེ་མཁས་པའི་གྲགས་པ་འབར།
༣༡ འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། ཁོང་ནི་ (༡༣༧༩-༡༤༤) འབྲས་སྤུངས་དགོན་པ་ཕྱག་འདེབས་པ་པོ་ཡིན་ལ། གསང་ཕུ་དགོན་པར་ཕེབས་ཏེ་གཞུང་ཆེན་སློབ་གཉེར་མཛད་དེ། མཁས་པ་ཆེན་པོར་ཆགས་ཤིང་། ཕྱིས་རྗེ་ཙོང་ཁ་པའི་སློབ་མར་གྱུར།
༣༢ རྗེ་ཤེས་རབ་སེང་གེ། ཁོང་ནི་ (༡༣༨༣-༡༤༤༥) ལྷ་སའི་རྒྱུད་སྨད་གྲྭ་ཚང་ཕྱག་འདེབས་པ་པོ་ཡིན་ལ། གསང་ཕུ་དགོན་པར་ཕེབས་ཏེ་འཆད་ཉན་མཛད།
༣༣ གུང་རུ་རྒྱལ་མཚན་བཟང་པོ། ཁོང་ནི་ (༡༣༨༡-༡༤༥༩) སེ་ར་དགོན་པའི་ཁྲི་ཐོག་གསུམ་པ་ཡིན་ལ། གསང་ཕུ་སྤེ་སེར་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་མཛད།
༣༤ ༸རྒྱལ་བ་དགེ་འདུན་གྲུབ། ཁོང་ནི་ (༡༣༩༡-༡༤༧༤) ༸རྒྱལ་བ་སྐུ་ཕྲེང་དང་པོ་དང་། གཙང་བཀྲ་ཤིས་ལྷུན་པོ་ཕྱག་འདེབས་པ་པོ་ཡིན་ལ། གསང་ཕུ་དགོན་པ་ནས་ཤེས་རབ་སེང་གེ་ལས་ཚད་མ་སོགས་གསན།
༣༥ བ་སོ་བ་ཆོས་ཀྱི་རྒྱལ་མཚན། ཁོང་ནི་ (༡༤༠༢-༡༤༧༣) མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གཅུང་པོ་དང་། དགའ་ལྡན་ཁྲི་ཐོག་དྲུག་པ་ཡིན་ལ། གསང་ཕུ་རྭ་སྨད་གྲྭ་ཚང་དུ་འཆད་ཉན་མཛད།
༣༦ ཆོས་རྗེ་བློ་གྲོས་བརྟན་པ། ཁོང་ནི་ (༡༤༠༢-༡༤༧༨) དགའ་ལྡན་ཁྲི་ཐོག་བདུན་པ་དང་། གསང་ཕུ་དགོན་པར་འཆད་ཉན་སློབ་དཔོན་དུ་བཞུགས་མྱོང་།
༣༧ བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། ཁོང་ནི་ (༡༤༡༡-༡༤༨༥) གདན་ས་ཆེན་མོ་འབྲས་ཡུལ་སྐྱེད་མོས་ཚལ་ཕྱག་འདེབས་པ་པོ་དང་། བོད་ཀྱི་རབ་འབྱམས་པའི་མཚན་གནས་ཐོག་མ་བཞེས་མཁན་ཡིན་ལ། གསང་ཕུ་དགོན་པར་ཕེབས་ཤིང་། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་མཁས་པའི་སྙན་པ་འབར།
༣༨ རྗེ་སྨོན་ལམ་དཔལ་བ། ཁོང་ནི་ (༡༤༡༤-༡༤༩༡) དགའ་ལྡན་ཁྲི་ཐོག་བརྒྱད་པ་དང་། འབྲས་སྤུངས་དགོན་པའི་ཁྲི་རབས་བཞི་པ། སེ་ར་རྒྱ་གྲྭ་ཚང་གི་མཁན་ཐོག་དང་པོ་ཡིན་ལ། གསང་ཕུ་གླིང་སྟོད་པའི་གདན་ས་ལོ་གསུམ་རིང་བསྐྱངས།
༣༩ གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། ཁོང་ནི་ (༡༤༢༧-༡༥༡༤) སེ་ར་དགོན་པའི་ཁྲི་ཐོག་བརྒྱད་པ་ཡིན་ལ། སྐུ་ཆུང་དུས་ནས་གསང་ཕུ་དགོན་པར་རབ་ཏུ་བྱུང་ནས། རིམ་གྱིས་གཞུང་ལུགས་ལ་བསླབས་ཏེ་མཁས་པ་ཆེན་པོར་ཆགས་ཤིང་། གསང་ཕུའི་འཆད་ཉན་སློབ་དཔོན་མཛད།
༤༠ པཎ་ཆེན་ཤཱཀྱ་མཆོག་ལྡན། ཁོང་ནི་ (༡༤༢༨-༡༥༠༧) གཙང་གསེར་མདོག་ཅན་དགོན་པ་ཕྱག་འདེབས་པ་པོ་ཡིན་ལ། གསང་ཕུ་དགོན་པར་སློབ་གཉེར་མཛད་དེ་མཁས་པའི་སྙན་གྲགས་རྒྱས།
༤༡ འཇམ་དབྱངས་དགའ་བའི་བློ་གྲོས། ཁོང་ནི་ (༡༤༢༩-༡༥༠༣) འབྲས་སྤུངས་དགོན་པའི་གདན་རབས་བརྒྱད་པ་ཡིན་ལ། གཞོན་དུས་ནས་གསང་ཕུ་དགོན་པར་ཞུགས་ཏེ་སློབ་གཉེར་མཛད།
༤༢ གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ། ཁོང་ནི་ (༡༤༢༩-༡༤༨༩) གཙང་རྟ་ནག་ཐུབ་བསྟན་རྣམ་རྒྱལ་དགོན་ཕྱག་འདེབས་པ་པོ་ཡིན་ལ། གསང་ཕུ་དགོན་པ་ནས་སློབ་གཉེར་མཛད་ཅིང་། གསུང་རབ་སྤྱི་དང་། ཁྱད་པར་དུ་ས་པཎ་གྱི་སྡོམ་རིགས་གཉིས་ཀྱི་དགོངས་དོན་འཆད་པ་ལ་འགྲན་ཟླ་དང་བྲལ་བའི་གྲགས་པ་འབར།
༤༣ པཎ་ཆེན་བསོད་ནམས་གྲགས་པ། ཁོང་ནི་ (༡༤༧༨-༡༥༥༤) དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་དང་། སེ་ར་དགོན་པའི་གདན་རབས་བཅུ་གསུམ་པ་ཡིན་ལ། གསང་ཕུ་དགོན་པར་ཕེབས་ནས་སློབ་གཉེར་མཛད་མྱོང་།
༤༤ ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། ཁོང་ནི་ (༡༦༤༨-༡༧༢༢) མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་པ་པོ་ཡིན་ལ། གསང་ཕུ་དགོན་པར་ཕེབས་ནས་དཀའ་བཅུ་རབ་འབྱམས་པའི་མཚན་རྟགས་བཞེས།
༤༥ ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། ཁོང་གིས་ (༡༧༡༩-༡༧༩༤) དགུང་ལོ་སོ་གསུམ་ཐོག་གསང་ཕུ་དགོན་པར་ཕེབས་ནས་དཀའ་བཅུ་པའི་མཚན་རྟགས་བཞེས།
གུས་པ་དྲང་ཤེད་ནས་དཔེ་ཀློག་གི་ཞོར་དུ་སྡུད་སྒྲིག་བགྱིས་པའོ།། (ད་དུང་སྣོན་དགོས་པ་ཧ་ཅང་མང་པོ་ཡོད།)
བོད་ཁུལ་གྱི་ནང་ཆོས་རིག་པའི་འཕྲིན་སྟེགས་ལས་དྲངས།

 

བརྒྱུད་སྐུལ།

མཆན་སྤེལ།