༸མི་རྗེ་ཟུར་ཁང་ས་དབང་ཆེན་མོ་གླེང་བ།

༸མི་རྗེ་ཟུར་ཁང་ས་དབང་ཆེན་མོ་གླེང་བ།
༸མི་རྗེ་ཟུར་ཁང་ས་དབང་ཆེན་མོ་གླེང་བ།
ངས་པོ་རྒྱལ་མཚན།
༦༽ བླ་ན་མེད་པའི་རྣམ་དཔྱོད་དང་མཛད་རྗེས།
རྒྱ་དམར་ཇག་པས་བོད་ལ་བཙན་འཛུལ་སྐབས། སྤྱི་ ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་གཡོ་ཐབས་གང་ཡོད་སྤྱད་ནས་༸གོང་ས་མཆོག་སྐུ་བཀྲོང་རྒྱུའམ་རྒྱ་ནག་ཏུ་བཙན་ཁྲིད་བྱ་རྒྱུའི་ངན་ཇུས་གང་ནུས་འདོན་བཞིན་པའི་སྐབས་སུ། མི་མང་གིས་ཞུ་འབོད་ལྟར་༸གོང་ས་མཆོག་རྒྱའི་དམག་སྒར་ལ་ཕེབས་རྒྱུ་མིན་པའི་བཀའ་ཕེབས་པ་བཞིན།” བཀའ་བློན་ཁྲི་པ་ཟུར་ཁང་དབང་ཆེན་དགེ་ལེགས་མཆོག་གིས་མི་དམངས་འགོ་འཁྲིད་ཚོར་བཀའ་བགུགས་ཀྱིས།

ྋགོང་ས་མཆོག་བཀའ་བློན་བགྲེས་པ་ཟུར་ཁང་དབང་ཆེན་དགེ་ལེགས་ནས་མི་དམངས་ཀྱི་འགོ་འཁྲིད་ཚོར་༸གོང་ས་ཆེན་པོ་དེ་ཉིན་རྒྱ་མིའིདམག་སྒར་དུ་ཆིབས་བསྒྱུར་མི་གནང་རྒྱུར་ཐུགས་གཏན་གཙང་འཁེལ་ཟིན་པས། ད་ཆ་མི་མང་རྣམས་རང་ཁྱིམ་སོ་སོར་ཕྱིར་ལོག་གིས་ཞི་ལྷིང་གང་ཆེ་བྱ་རྒྱུའི་སྐོར་གསུངས་པས། འགོ་འཁྲིད་མང་ཚོགས་རང་ལ་བཀའ་གནང་དགོས་ཞུ་བ་བཞིན། ནོར་གླིང་གཞུང་སྒོའི་ཡང་སྟེང་ནས་རྒྱང་བསྒྲགས་ཁ་པར་ཐོག་མི་མང་གི་རེ་འདུན་གསོལ་འདེབས་ཞུས་པ་ལྟར་དེ་རིང་༸གོང་ས་མཆོག་རྒྱ་མིའི་དམག་སྒར་ལ་ཆིབས་བསྒྱུར་གནང་རྒྱུ་མིན་པ་དང༌། དེའི་སྐོར་གསལ་བཤད་བྱེད་པར་ང་ཚོ་བཀའ་བློན་ཚོ་རྒྱ་མིའི་སར་འགྲོ་མཁན་ཡིན། ད་ཆ་མི་མང་རྣམས་རང་ཁྱིམ་སོ་སོར་ཕྱིར་ལོག་བྱེད་དགོས་ཞེས་ཁྱབ་བསྒྲགས་གནང་བར། ལྕགས་རིའི་ཕྱི་ལོགས་སུ་ཡོད་པའི་མི་མང་རྣམས་དགའ་ཚོར་ཆེན་པོ་བྱུང་བའི་རྣམ་འགྱུར་དང་བཅས་དེ་རིང་རྒྱ་མིའི་དམག་སྒར་དུ་ཆིབས་བསྒྱུར་མི་མཛད་པའི་ཞལ་བཞེས་ཐོབ་པ་བཀའ་དྲིན་ཤིན་ཏུ་ཆེ་ཡང༌། མ་འོངས་པ་ལ་ཡང་རྒྱ་མིའི་སྡོད་སྒར་དུ་ཆིབས་བསྒྱུར་ནམ་ཡང་མི་མཛད་པའི་ཞལ་བཞེས་དགོས་ལུགས་རེ་འབོད་ཞུས་པར། དེ་ཡང་ཞལ་བཞེས་གནང་བར་བརྟེན་འགོ་འཁྲིད་འགའ་ཤས་འདོད་པ་ཁེངས་པའི་རྣམ་འགྱུར་ཐོན་ན་ཡང༌། མི་མང་ཕལ་ཆེ་བས་རྒྱ་མིས་གདན་ཞུར་ཡོང་ན་ཉེན་འགན་མི་བཟོད་པས་ང་ཚོ་ལོག་པས་ག་ལ་འགྲིགས་ཞེས་ཕོ་བྲང་ལྕགས་རིའི་ཕྱི་ནས་ལོག་འདོད་མ་བྱས་པར་བསྡད། “དེ་སྐབས་སུ་བཀའ་བློན་ཁྲི་པ་ཟུར་ཁང༌དང་། བཀའ་བློན་བཤད་ཟུར། བཀའ་བློན་སྣེའུ་ཤར་བཅས་ཁོང་རྣམ་པ་གསུམ་རྒྱ་མིའི་དམག་སྒར་དུ་ཕེབས་པ། དམག་དཔོན་ཐན་ཀོན་སན་དང༌། དམགདཔོན་གཞན་འགའ་ཤས། བཀའ་བློན་ང་ཕོད་བཅས་འབྱོར་འཛོམས་སར། བཀའ་བློན་ཁྲི་པ་ཟུར་ཁང་དབང་ཆེན་དགེ་ལེགས་ནས་ཡར་བཞེངས་ཏེ་གུས་ཚུལ་དང་བཅས་ྋགོང་ས་མཆོག་དེ་རིང་དམག་སྒར་ཟློས་གར་གཟིགས་མོར་ཕེབས་རྒྱུ་དེ་ལྟར་ཡང༌། དེ་རིང་སྔ་དྲོ་གྲོང་ཁྱེར་ལྷ་སའི་མི་མང་ཕོན་ཆེ་ནོར་གླིང་དུ་བཅར་ཏེ། གཟིགས་མོར་ཕེབས་ན་མི་འགྲིགས་པའི་ངོ་རྒོལ་ཤུགས་ཆེས་ཕེབས་བཀག་ཞུས་པའི་རྐྱེན་གྱིས་ཕེབས་མ་ཐུབ་པའི་གནས་ཚུལ་ཞུ་བར་ང་ཚོ་ཆེད་གཏོང་གནང་བ་ལྟར་བཅར་ཚུལ་གནས་ལུགས་གསལ་བཤད་གནང་བར་དམག་དཔོན་ཐན་ཀོན་སན་རབ་ཏུ་ཁྲོས་ཏེ། རྐུབ་སྟེགས་ཐོག་སྡོད་མ་ཐུབ་པར་ཧར་ལངས་ཡར་མར་རྐང་འཆག་བྱེད་བཞིན་དུ་བཀའ་བློན་གསུམ་ལ་ཁྲོ་ཚུགས་སུ་བལྟས་ཏེ། སྐད་ཤུགས་ཆེན་པོས་ཚིག་རྩུབ་མང་དག་བརྗོད་པའི་སྙིང་པོར། ཁྱོད་ཚོས་ལྐོག་ཏུ་མི་མང་སྒྲིག་འཛུགས་བཟོས་ཏེ་ང་ཚོར་ངོ་རྒོལ་བྱེད་བཅུག་གི་འདུག་ཅེས་བརྗོད། སྐབས་དེ་མི་མང་གིས་བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕྱིར་ལོག་བྱེད་དགོས་སོགས་ཀྱི་འབོད་ཚིག་འདྲ་མིན་བསྒྲགས་རྐྱེན། ཐན་ཀོན་སན་གྱིས་བཀའ་ཤག་ལ། མི་མང་ངོ་ལོག་པ་ཚོས་ལྷ་སའི་བྱང་རྒྱུད་གཞུང་ལམ་ཉེ་འགྲམ་དུ་འཛིང་རགས་བཟོས་འདུག་པ་དེ་དག་མེད་པ་བཟོ་དགོས་བཀའ་ཤག་ནས་བཀོད་འདོམས་མ་བྱས་ན། ཛ་དྲག་གི་རྐྱེན་ངན་ཡོང་རྒྱུར་དེའི་འགན་ཁག་ཟུར་ཁང་དང༌། བཤད་ཟུར། སྣེའུ་ཤར། མགྲོན་ཆེ་བཅས་ནས་འཁུར་དགོས་ཞེས་པའི་འཁོད་པའི་སྡིག་སྐུལ་གྱི་ཡི་གེ་ཞིག་བཏང་འབྱོར་བྱུང་། ཡང་སྐྱར་དམག་སྤྱི་ཐན་ཀོན་སན་གྱིས་ལྷ་སའི་ཕྱི་ལོགས་སུ་ཡོད་པའི་རྒྱ་ནག་ཏུ་འགྲོ་སའི་ལམ་ཆེན་ཁར་མི་དམངས་ནས་འཛིང་རགས་བཟོས་འདུག་པ་དེ་དག་མེད་པ་བཟོ་དགོས་བཀའ་ཤག་ནས་བཀོད་ཁྱབ་དགོས་ཚུལ་དང༌། གལ་སྲིད་དེ་ལྟར་མ་བྱས་ན་ཛ་དྲག་གི་རྐྱེན་ངན་ཡོང་རྒྱུར་དེའི་འགན་ཟུར་ཁང་དང༌། བཤད་ཟུར། སྣེའུ་ཤར། མགྲོན་ཆེ་བཅས་ནས་འཁུར་དགོས་ཞེས་འཁོད་པའི་ཡི་གེ་གཉིས་པ་བཏང་འབྱོར་བྱུང་།” (7)མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། དེབ་ཕྲེང་ལྔ་པ། ཤོག་གྲངས་ ༢༧༣ ནས་༢༧༨ བར་དུ་གསལ། མཛད་པ་པོ་༸གོང་ས་མཆོག༽ བཀའ་ཤག་ནས་བྱ་བའི་ཁེ་གྱོང་ལ་བསམ་གཞིགས་ཀྱིས་མི་མང་འགོ་ཁྲིད་འགུགས་འབོད་ཀྱིས་ལམ་ཁའི་འཛིང་རགས་ཕྱིར་འཐེན་བྱས་ན་ལེགས་པ་དང༌། དེ་ལྟར་བྱས་ན་རྒྱ་མིས་བཙན་གནོན་བྱེད་པའི་རྒྱུ་མཚན་རྙེད་དཀའ་ཡོད་ལུགས་སློབ་སྟོན་གནང་བ་སོགས་རྒྱ་དམར་གྱི་བྱ་སྤྱོད་ལ་མོས་འདུན་ཡོད་པ་ལྟ་བུའི་རྣམ་འགྱུར་བསྟན་ཡང་། ནང་དོན་དུ་ “བཀའ་བློན་ཁྲི་པ་ཟུར་ཁང་དབང་ཆེན་དགེ་ལེགས་མཆོག་གིས་མགྲོན་གཉེར་ཆེན་མོ་ཕ་ལྷར་བཀའ་ཁྱབ་ཏུ། རྒྱ་མིས་སྔ་ས་སྔོན་ཚུད་ནས་ལྷ་སར་དྲག་གནོན་བྱེད་རྒྱུའི་དམག་དོན་གྲབས་གཤོམ་ཆ་ཚང་བྱས་ཟིན་པས་མ་ཚད། ད་ཆ་མངོན་སུམ་འཛེམ་མེད་ཀྱི་སྒོ་ནས་༸རྒྱལ་བའི་གཟིམ་ཆུང་རང་ལ་ཐད་ཀར་ཚད་བསྒྲིགས་མེ་སྒྱོགས་ཚོད་བལྟ་བྱེད་བབས་དང་། རྒྱ་དམར་འགོ་དམག་ཆེ་ཕྲ་ཚང་མའི་བྱེད་སྤྱོད་སྔ་སོར་མ་གནས་པའི་ཉིན་རེ་བཞིན་གནས་སྟངས་ཇེ་སྡུག་ཕྱིན་དང་འགྲོ་མུས། བཀའ་ཤག་ཏུ་ཕྱི་ནང་《ཆོ་དཔྱོད་》གསང་སྙན་ཕུལ་འབྱོར་བྱུང་བ་ཁག་གི་འབྲུ་དོན། ལྷོ་ཁ་བར་སྐུ་ཕྱྭའི་ཉེན་གཡོལ་སླད་གདན་ཞུ་ཆིགས་སྒྱུར་གནང་གཏན་འཁེལ་སོང་བ། འདི་ཐད་གསང་བ་ཧ་ཅང་དམ་པོའི་ཐོག་ནས་ཆིབས་སྒྱུར་གནང་ཕྱོགས་ཕེབས་སྒྲིག་མཛད་འཆར་རྒྱས་བསྡུས་རན་འཚམས་ཇི་འོས་བཀའ་ཤག་ལ་བཀའ་སྐོར་གྲོས་བསྡུར་རྩ་བ་ནས་གནང་མ་དགོས་པར་མགྲོན་གཉེར་ཆེན་མོ་ཕ་ལྷ་ཁྱེད་རང་ནས་ཐུགས་འགན་གཙང་མ་བཞེས་ཏེ་རྣམ་དཔྱོད་བློས་བཅད་ཀྱིས་ཐག་གཅོད་གནང་འཐུས། དེ་ཡང་། ས་ཕག་བོད་ཟླ་ ༢ ཚེས་ ༨ ནང་ཚུད་གྲ་སྒྲིག་ཆ་ཚང་གནང་ཟིན་པ་དགོས་རྒྱུའི་བཀའ་ཁྱབ་གནང་།” ༼༡༩༥༩ ལོའི་བྱུང་རྐྱེན་ལས་འཕྲོས་པའི་མི་ལོ་ལྔ་བཅུའི་གནས་བབ་ལ་ཕྱིར་ལྟ། ཤོག་གྲངས་ ༡༥ ནས་༡༧བར་གསལ།༽ ཡོད། མདོར་ན་༸གོང་ས་མཆོག་གི་སྐུ་ཚེའི་གནོད་འཚེའི་ཆ་ཙམ་ཡང་མེད་པར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཐུབ་པ་དེ་ཡང་། མི་དབང་འདིས་སྔོན་ཚུད་ནས་འཆར་གཞི་ཞིབ་ཚགས་བཀོད་པ་མ་ཟད། ཕེབས་ལམ་ས་མཚམས་ལ་དབྱེ་ཞིབ་དང་། ས་གནས་གང་དང་གང་དུ་ཞག་ཚུགས་གནང་དགོས་མིན་སོགས་ལའང་བཀའ་བཀོད་ཞིབ་ཚགས་གནང་ཡོད་སྟབས། ཁོང་ནི་བོད་མི་རིགས་ཀྱི་རླབས་ཆེ་ཞིང་བརྗེད་ན་ཕངས་པའི་སྐྱེས་བུ་དམ་པ་ཞིག་ཡིན།
༸གོང་ས་མཆོག་སྐུ་འཁོར་དང་བཅས་ལྷོ་ཁ་བརྒྱུད་བཙན་བྱོལ་དུ་ཕེབས་ཤིང་། གཡུལ་རྒྱལ་ལྷུན་རྩེར་ཕེབས་འབྱོར་བྱུང་བ་དང་། སྤྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༢༠ ཉིན་༸གོང་ས་མཆོག་དབུ་བཞུགས་དང་བཀའ་བློན་རྣམ་པ་དང་། ཆོལ་གསུམ་མི་མང་ཚང་འཛོམས་ཐོག “བཀའ་བློན་ཁྲི་པ་ཟུར་ཁང་དབང་ཆེན་དགེ་ལེགས་མཆོག་གིས་ཉེ་ཆར་རྒྱ་དམར་གྱིས་རྒྱལ་ས་ལྷ་སར་སྔར་མ་གྲགས་གྱིས་གདུག་རྩུབ་དང་བཙན་གནོན་ཇི་བྱས་སྐོར་དང་། དེ་རིང་ལྷོ་ཁུལ་གཡུལ་རྒྱལ་ལྷུན་པོ་རྩེའི་ཕོ་བྲང་དུ་གནས་སྐབས་ཀྱི་བོད་གཞུང་གནས་སྤོས་གསར་འཛུགས་གནང་བའི་ཁྱབ་བསྒྲགས་དང་། བྱེད་སྒོའི་རྩ་ཚིག་སྒྲོག་སྦྱང་གནང་ཞིང་། རྒྱ་ཁྱབ་རྫོང་གཞིས་སོ་སོར་རྩ་ཚིག་ཞལ་བཤུས་རེ་དང་། རྒྱབ་སྣོན་བཀོད་རྒྱ་རེ་བཅས་གཏོང་བར་།”(9) ༼མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། དེབ་ཕྲེང་ལྔ་པ།༽ གནང་། ཉེ་དུས་“ཟླ་བ་དེའི་ཚེས་ ༢༠ ཉིན་བོད་ལ་དྲག་གནོན་བྱས་འདུག དེ་རྗེས་ཉིན་གཉིས་གསུམ་གྱི་ནང་པེ་ཅིང་དུ་རྒྱ་ནག་གཞུང་གིས་བོད་ས་གནས་སྲིད་གཞུང་མེད་པ་བཟོས་པ་ཡིན། ཞེས་ཐག་གཅོད་བྱས་འདུག དེར་བརྟེན་ང་ཚོས་གསར་འགྱུར་ནང་སྐད་ཆ་འདི་གོ་ནས་ལྷོ་ཁ་གཉན་གཡུལ་རྒྱལ་ལྷུན་པོ་རྩེ་ཞེས་པར་ཆེད་མངགས་ཕྱིན་ནས་དེར་ང་ཚོས་བོད་གཞུང་བསྐྱར་དུ་བཙུགས་པ་ཡིན་ཞེས་གཡུལ་རྒྱལ་ལྷུན་པོ་རྩེ་རྫོང་གི་སྐས་འཛེགས་གསུམ་པའི་ཐོག་ནས་ཟུར་ཁང་ས་དབང་ཆེན་མོས་སྐད་ཆེན་པོས་ལྷ་སར་བོད་གཞུང་མེད་པ་བཟོས་པ་ཡིན་ཟེར་གྱི་ཡོད། ང་ཚོས་འདིར་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་བོད་གཞུང་གསར་དུ་བཙུགས་པ་ཡིན་ཞེས་བསྒྲགས་གནང།” (10) ༼སྤྱི་ལོ་༢༠༡༣ ༸གོང་ས་མཆོག་གིས་ལ་དྭགས་སུ་བསོད་ནམས་གཞིས་ཆགས་སུ་སྩལ་བའི་བཀའ་སློབ།༽ པའི་སྐབས་དེ་དུས་ཆོལ་གསུམ་ཆུ་སྒང་དྭངས་བླངས་དམག་མི་སོགས་ཆོལ་གསུམ་བོད་མི་ཁྲི་ཕྲག་ཁ་ཤས་གནས་འདིར་༸གོང་ས་མཆོག་གི་སྐུ་བཅར་གྱི་ཆེད་དུ་འཛོམས་ཡོད། སྐབས་དེ་དུས་ཀྱང་མཁྱེན་རླབས་ཀྱི་རྣམ་དཔྱོད་བསྒྲུན་དུ་མེད་པའི་མི་རྗེ་སྐུ་ངོ་ཟུར་ཁང་ས་དབང་ཆེ་མོ་མཆོག་འཆར་གཞི་གང་ལེགས་བཀོད་ཡོད། སྨྲ་བོ་ལྕོག་བསྟན་འཛིན་རྒྱ་མཚོས་རྣམ་དཔྱོད་ཅན་གྱི་“ཟུར་ཁང་མལ་ནང་ཙོག་པུར་བསྡད་དེ་ཡང་ལཱ་བདུན་སྤར་ནས་ཡི་གེ་འབྲི་གི་འདུག་དུས་ངས་སྐུ་བསིལ་ཡོང་ཞེས་ཞུས་པ་དང་བཀའ་ཟུར་ཟུར་ཁང་གིས་ང་ལ་གསུངས་དོན་ང་ཚོས་ཧིན་རྡུར་ཕེབས་འཐུས་ཆོག་པ་ཞུ་མི་སྐྱ་སེར་གཉིས་སྔོན་ལ་བཏང་ཡོད་པས་ཉིན་གཉིས་ཙམ་ལས་མི་འགོར་བར་ཧིན་རྡུར་འབྱོར་རྒྱུར་རེད། འབུམ་དེ་ལ་བབས་ནས་ཧིན་རྡུའི་ས་སྣེ་དང་པོའི་རྫོང་ཏི་སི་སྦུག་ཟེར་བ་དེར་ཕེབས་རྒྱུ་དང་། རྒྱལ་བ་རིན་པོ་ཆེ་ནས་གསལ་བསྒྲགས་ཤིག་གནང་དགོས་པའི་དེའི་གསུང་བཤད་ཟིན་བྲིས་ཡིན་ཞེས་འགོ་བརྗོད་དུ་རྒྱ་མི་དང་བོད་མི་གཉིས་རྩ་བ་ནས་མི་འདྲ་ཞིང་ཞེས་མགོ་བརྗོད་དུ་འཁོད་པའི་ཤོག་གྲངས་བཅུ་གསུམ་ལྷག་བྲིས་འདུག” (11) ༼བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས། ༡༧ ཤོག་གྲངས་ ༢༨༢ ནས ༢༨༣ བར་གསལ།༽ ༸གོང་ས་མཆོག་རྒྱ་གར་དུ་ཕེབས་འབྱོར་བྱུང་མ་ཐག བོད་རང་བཙན་གྱི་རྒྱལ་ཁབ་ཡིན་ནའང་ད་ཆ་རྒྱ་དམར་གྱིས་དྲག་པོའི་བཙན་འཛུན་བྱས་པའི་སྐོར་དང་། བཙན་ཤེད་འོག་བཞག་ཏུ་བཅུག་པའི་ཆིངས་ཡིག་གྲོས་མཐུན་བཅུ་བདུན་ཐོག་ལ་དང་པོ་རྒྱ་དམར་གྱིས་རྩིས་མེད་བཏང་བར་བརྟེན། ངེད་ཚོས་ཀྱང་ད་ཆ་རྕིས་མེད་བཏང་བ་ཡིན་ཞེས་འཁོད་པའི་གསར་འགོད་གསལ་བསྒྲགས་གྲགས་ཅན་དེའི་སྒྲོམ་གཞི་ལྟ་བུ་དེ་ཡིན་འདུག།

བརྒྱུད་སྐུལ།

མཆན་སྤེལ།