རས་ཆུང་པའི་སྒྲུབ་གནས་བྱར་པོ་ནགས་ཀྱི་དགོན་པའི་ལོ་རྒྱུས་མདོར་བསྡུས།

རས་ཆུང་པའི་སྒྲུབ་གནས་བྱར་པོ་ནགས་ཀྱི་དགོན་པའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ། ཙ་སྨྱུག་དམར་པོ།

རས་ཆུང་པའི་སྐུ་འདྲ།

རྒྱུད་སྡེའི་མངའ་བདག་དགྱེས་མཛད་ལོ་ཙཱ་བ། །གངས་ཅན་སྒྲུབ་པའི་སྲོལ་འབྱེད་མི་ལ་རྗེ། །གསང་བདག་སྒྱུ་མའི་གར་བསྒྱུར་རས་ཆུང་པ། །བཀའ་བརྒྱུད་གོང་མ་རྣམས་ལ་གུས་ཕྱག་འཚལ། །གྲུབ་པའི་གཙུག་རྒྱན་རྗེ་བཙུན་རས་ཆེན་གྱིས། །ཐུགས་སྲས་ཟླ་བ་ལྟར་གྲགས་རས་ཆུང་ཞབས། །ཉིད་ཀྱི་སྒྲུབ་གནས་བྱར་པོ་ནགས་དགོན་འདིའི། །ངོ་མཚར་ལོ་རྒྱུས་ཅུང་ཙམ་གླེང་བར་སྤྲོ། །

༈ རབ་དཀར་གངས་རིའི་འཕྲེང་བས་ཡོངས་སུ་བསྐོར་ཞིང་འཛམ་གླིང་གོ་ལ་ཆེན་པོའི་ཡང་རྩེར་ཆགས་པའི་མཐོ་སྒང་བོད་ཅེས་གྲགས་པའི་ས་ཡི་ཐིག་ལེ་འདིར། ཐུབ་བསྟན་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་ཏེ་འདུལ་བྱའི་པད་མོའི་ཞིང་དུ་འཕྲོས་པ་ལས། དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པ་ཞེས་པའི་མཚན་སྙན་བ་དན་དཀར་པོ་སྲིད་པའི་བླ་ན་སྒྲེང་བའི་ཆོས་བརྒྱུད་ཆེན་པོ་འདི་ཉིད་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་བཀའ་བརྒྱུད་ཡོངས་ཀྱི་སྤྱི་མེས་རྗེ་བཙུན་ཆེན་པོ་རས་ཆུང་རྡོ་རྗེ་གྲགས་གང་ཉིད་ཀྱི་སྒྲུབ་གནས་ཁྱད་པར་ཅན། རྗེ་བཙུན་རས་ཆུང་པའི་རིགས་བདག་རྗེ་བཙུན་མི་ལ་རས་པས་ལུང་གིས་ཟིན་པའི་གནས་མཆོག་ཁྱད་པར་ཅན་བྱར་ནགས་དགོན་འདི་ཉིད་ཀྱི་ལོ་རྒྱུས་དཀར་ཆག་ཁ་གསལ་ཞིག་མཐོང་ཆོས་སུ་དཀོན་པས།  དེར་དམིགས་ནས་ཁོ་བོས་ཅུང་ཙམ་ཞིག་གླེང་བར་བྱ།

Image

Image

དེ་ཡང་བྱར་ནགས་དགོན་ནི། དེང་སང་གི་གནས་ཡུལ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཁོངས་མདོ་ཡུལ་ཤང་ཞེས་པ། ཡིག་རྙིང་དག་ལས་ལྡན་ཡུལ་ཞེས་བྲིས་འདུག ཡུལ་དེ་ནི་རྗེ་བཙུན་རས་ཆུང་པའི་དངོས་སློབ་ཉེ་གནས་རིན་ཆེན་གྲགས་ཀྱི་སྐུ་ཡུལ་ཡང་ཡིན། ཉེ་གནས་རིན་ཆེན་གྲགས་ལ་རྗེ་བཙུན་རས་ཆུང་པས་ཡུལ་གང་ནས་ཡིན་ཞེས་དྲིས་པས། ཉེ་གནས་རིན་ཆེན་གྲགས་ན་རེ། ཡུལ་ནི་ཙ་རི་གསང་སྔགས་ཕོ་བྲང་གི་ནུབ་སྒོ་བྱར་ཞེས་བྱ་བ་ཡུལ་དགེ་བཅུ་ཚང་བ། ཉི་མ་སྦས་པ་ལ་སོགས་རྒྱ་གར་གྲུབ་ཆེན་གྱིས་བྱིན་གྱིས་བརླབས་པ། སློབ་དཔོན་པདྨའི་སྒྲུབ་གནས་ལྡན་ཡུལ་ཨ་ཤུ་བྲག་ལ་སོགས་པ་གནས་ཆེན་མང་པོའི་སྒོ །དཔའ་བོ་དང་དཔའ་མོ་འདུ་ཞིང་བཀྲ་ཤིས་པའི་ཡུལ་ཞིག་ཡིན་ལ། ཡུལ་དེའི་སྨད་ཀྱི་ཆ་ཁུལ་དུ་བྱུང་བ་ཁོད་སྙོམས་ཤིང་། དང་སྤྲོ་བའི་ས་སྐྱིད་པོ་ཞིག་ཡོད་རབས་ཞུས། ཁོང་རྗེ་བཙུན་མི་ལ་རས་པར་དད་པ་ཆེ་བས་དེའི་སྐུ་མདུན་ནས་ཆོས་རེ་ཐོབ་རེ་འཆང་ནས་འགྲོ་སྐབས་ལམ་བར་ནས་རྗེ་བཙུན་རས་ཆུང་པ་མཇལ་བས་རྗེ་མི་ལ་དང་དབྱེར་མེད་དུ་ཤེས་ནས་དད་པ་སྐྱེ་སྟེ་རྗེ་དེའི་རྗེས་སུ་འབྲངས། ཕྱིས་རྗེ་བཙུན་རས་ཆུང་པའི་སློབ་མ་གྲགས་ཆེ་ཤོས་ཤིག་དང་། རྗེ་ཉིད་ཀྱིས་གདམས་ངག་མ་ལུས་པ་དེར་གནང་ནས། ཕྱག་ན་རྡོ་རྗེའི་བཀའ་བབས་ཀྱི་སློབ་མ་ཞིག་ཏུའང་གྱུར།  ཡུལ་དེ་ནས་བྱར་སྨད་གྲོང་ཚོ་བརྒྱུད་དེ་ཅུང་ཙམ་སོང་བས་ལམ་གཞོར་གྱི་གཡས་ངོས་སུ་བྱར་སྨད་ཇོ་བོ་བེའུ་ཁ་ཞེས་པའི་དགོན་རྙིང་ཉམས་གསོ་ཆེར་ཞུ་མི་ཐུབ་པ་ཞིག་མཇལ་རྒྱུ་ཡོད།  དགོན་རྙིང་འདི་ནི་རྒྱལ་དབང་འབྲུག་པ་སྐུ་འཕྲེང་གསུམ་བ་གོང་མ་ཆོས་ཀྱི་གྲགས་པས་ཕྱག་བཏབ་པར་གྲགས།  དགོན་རྙིང་འདི་ནི་ལོ་རྒྱུས་ཀྱི་ཀྱོག་མཚམས་ན་ཉམས་སྨད་ཆེས་ཆེ་བའི་དགོན་པ་ཞིག་ཆགས་ཡོད།   ཡིན་ན་ཡང་དེང་སང་དགོན་རྙིང་དེར་མང་ཚོགས་ཚོས་ཉམས་གསོ་ཕྲན་བུ་ཞིག་ཞུས་ཡོད།  དགོན་སྡེ་དེའི་ནང་བརྟེན་གཙོ་བོ་ཐུགས་རྗེ་ཆེན་པོའི་རྡོ་སྐུ་རང་བྱོན་བྱིན་རླབས་ཅན་ཞིག་མཇལ་རྒྱུ་ཡོད་པ་དེ་མཇལ་ནས་དེའི་ཞབས་འོག་ནས་ཐད་ཀར་ལུང་པ་དེའི་ཕུར་སོང་ན་ལམ་ཟུར་ན་རྩེད་རོང་ཞེས་པའི་ས་དེར། རྡོ་ལེབ་ཆེན་པོ་ཞིག་ཡོད་པ་དེར་རྗེ་བཙུན་ཉིད་ཀྱིས་སྐུ་རྩེད་གནང་བའི་རང་བྱོན་དང་ཞབས་རྗེས་གསལ་བར་མཇལ་རྒྱུ་ཡོད།  དེ་ནས་ཅུང་ཙམ་སོང་ན་ཁྱིམ་མ་བུ་ཞེས་པའི་གྲོང་ཚོ་དེའི་ཁོངས་གཏོགས་ཚིགས་མདོ་ཞེས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡོད་པ་དེར། སྲིད་པའི་ལྷ་ཆེན་ཇོ་བོ་དམག་དཔོན་ཆེན་པོ་ཞེས་པའི་བླ་རི་བརྗིད་ཆགས་ཤིང་ཉམས་དགའ་བ་དབུ་རྩེ་སྲིད་པའི་གངས་ཀྱིས་གཡོག་པ་དེའི་ནུབ་འདབས་སུ་བྱར་པོ་ནགས་དགོན་ཆགས་ཡོད།  གནས་འདི་ནི་རྗེ་མི་ལས་རས་ཆུང་པར་ལུང་སྟོན་གནང་བའི་གནས་ཁྱད་པར་ཅན་ལྔའི་ཡ་རྒྱལ་བྱར་པོའི་ནགས་ཞེས་པ་དེ་ཡིན།  རྗེ་མི་ལས། གནས་ཤམ་པོའི་གངས། བྱར་པོའི་ནགས། ལོ་རོའི་རྡོ་བོད་མཚམས་སུ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་གསུངས་པ་དང་། ཡང་། ཤམ་པོའི་གངས་ལ་སྒོམ་དུ་སོང་། །རྡོ་བོད་མཚམས་སུ་དགོན་པ་ཐོབ། །ཞེས་དང་། ཡང་། ཁྱོད་ཀྱི་སྒྲུབ་གནས་འདི་ནས་ཤར་གྱི་ཕྱོགས་རོལ་ན། ནོར་བུ་འབར་བ་ལྟ་བུའི་རི་ལ་རྩེ་མོ་ཁྱོད་རང་གི་ཞྭ་འདི་ལྟ་བུ། ནང་ལྕང་ལོ་ཅན་དང་ཁྱད་པར་མེད་པ་ཞིག་ཡོད། སྐལ་ལྡན་མང་པོ་སྨིན་གྲོལ་ལ་འཁོད་པ་དང་། སྒྲུབ་པའི་རྒྱལ་མཚན་ཚུགས། མཚན་གཞན་ཡང་དགེ་བསྙེན་ཤམ་པོའི་བཞུགས་གནས་གསང་སྔགས་ཀྱི་ལྷ་ཆིག་སྟོང་ཆིག་བརྒྱའི་ཕོ་བྲང་། གངས་ཤེལ་གྱི་མཆོད་རྟེན་འདྲ་བའི་བྱང་ཕྱོགས་ན། འཁོར་ལོ་བདེ་མཆོག་གི་ཕོ་བྲང་དེ་ན་སྒྲུབ་གནས་ཀ་པ་ལི་ཁ་སྦུབས་པ་འདྲ་བ་ཡོད་ཅིང་། དེར་སྒྲུབ་པའི་རྒྱལ་མཚན་ཚུགས། ཐེ་ཚོམ་ཐམས་ཅད་དེར་ཆོད་པར་འགྱུར་གྱིས། དེ་ནས་སྔར་ལུང་བསྟན་པ་བཞིན་རྡོ་རྗེ་ཕག་མོའི་ཕོ་བྲང་། ཨོ་རྒྱན་གྱི་གནས་དང་ཁྱད་མེད་པ་ཞིག་རྡོ་བོད་ཀྱི་མཚམས་ན་ཡོད་པས་དེར་སྒྲུབ་པ་གྱིས་ལ་ལུང་བསྟན་པའི་སློབ་མ་རྣམས་ཀྱང་དེར་སྨིན་པར་གྱིས། དེ་ནས་ཡང་དགེ་བསྙེན་གསལ་རྗེའི་བྱང་འདབས། རྡོ་རྗེ་གཞོན་ནུའི་ཕོ་བྲང་། སྒྲུབ་ཕུག་ཉི་ཟླ་ཁ་སྦྱོར་ཞེས་བྱ་བར་སྒྲུབ་པ་གྱིས་དང་། ཁྱོད་ལ་ཐུན་མོང་མ་ཡིན་པའི་རྟོགས་པ་ཁྱད་པར་ཅན་སྐྱེ་ཞིང་། ངོ་བོ་མངོན་གྱུར་གྱི་སངས་རྒྱས་དེར་མཇལ་བ་འདུག་གིས་དེ་ཙ་ན་མི་རྒན་ང་དང་ཁྱད་མེད་པར་གྱུར་བ་ཡིན་ནོ། །ཁྱོད་ཀྱི་གདུལ་བྱའི་ཕྱི་མ་གནས་དེ་ནས་རྒྱང་གྲགས་ཉི་ཤུ་འདས་པའི་ས་ན། དཔལ་འཁོར་ལོ་བདེ་ཆོག་གི་ཕོ་བྲང་། བདེ་ཆེན་གསང་བའི་བྲག་ཕུག་ཅེས་བྱ་བ་ཡོད་ཀྱིས།  དེར་གདུལ་བྱ་མཐའ་མ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ལ་ཚིམས་པར་གྱིས་ཤིག །ཅེས་གསུངས། རྗེ་བཙུན་རས་ཆུང་པ་གང་ཉིད་ཀྱི་དབུའི་རིགས་བདག་གངས་ཅན་ལྗོངས་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་ལེགས་པར་འབྱེད་མཁན་རྗེ་བཙུན་ཆེན་པོ་མི་རས་པ་འདི་ཉིད་ཀྱི་ལུང་གསལ་བར་བསྟན་པ་བཞིན་རྗེ་བཙུན་རས་ཆུང་པས་ཤམ་པོའི་གངས་ལ་བླ་མའི་བཀའ་བཞིན་སྒྲུབ་པ་སྙིང་པོར་མཛད་ནས་ཐེ་ཚོམ་ཐམས་ཅད་གནས་དེ་རང་ནས་ཆོད་པར་གྱུར་རྗེས།  མ་ཅིག་གྲུབ་པའི་རྒྱལ་མོའི་ལུང་བསྟན་དང་མཁའ་འགྲོ་བཙུན་ཆུང་མས་བསུ་བ་ལ་བྱོན་པ་རྣམས་རྟེན་འབྲེལ་གཅིག་ཏུ་འགྲིགས་པས། མཁའ་འགྲོ་བཙུན་ཆུང་མའི་སྐུ་ཡུལ་དཔའ་བོ་དང་མཁའ་འགྲོ་འདུ་བའི་གནས་ལོ་རོ་རློན་གྱི་བྱེས་འགོལ་དུ་ཕེབས། མཁའ་འགྲོ་མ་བཙུན་ཆུང་གི་བླ་མས་གནང་བའི་གདམས་པ་རྣམས་ཉམས་སུ་བླངས་བས་གནས་འདི་རང་ནས་མཁའ་སྤྱོད་ཀྱི་གནས་སུ་གཤེགས་སོ། །འཁོར་སློབ་མ་རྣམས་ལ་གང་ལ་གང་འཚམས་པའི་ཆོས་ཀྱི་ཆར་ཆེན་པོས་སྨིན་གྲོལ་ལ་འཁོད་པར་མཛད་ནས་གནས་འདིར་རྫེ་བཙུན་རིན་པོ་ཆེ་སྐུ་མཚམས་དམ་པར་བསྡམ་པའི་དགོངས་པ་ཡོད་པ་ལ།  ཉེ་གནས་རིན་ཆེན་གྲགས་གང་ཉིད་ཀྱི་སྐུ་ཡུལ་དུ་རྗེ་བཙུན་ཕེབས་རེ་ཞུས་ཀྱང་ཞལ་གྱི་མ་བཞེས་པར་གནས་དེ་རང་དུ་སྐུ་མཚམས་ལོ་བདུན་གྱི་བཅད་རྒྱ་མཛད་ནས་བཞུགས་པར་གནང་། དེར་སྐུ་མཚམས་ལ་བཞུགས་པའི་ནུབ་དང་པོར་མནལ་ལམ་དུ། བླ་མ་མི་ལའི་ཕྲིན་སྐྱེལ་ཡིན་ཟེར་བའི་གྲུབ་པ་མོ་གཅིག་བྱོན་ནས་དེ་ན་རེ། བླ་མ་མི་ལའི་ཞལ་ནས། བྱིན་རླབས་འབྱུང་བར་འདོད་ན་རྗེ་ལ་གསོལ་བ་ཐོབ། དངོས་གྲུབ་འབྱུང་བར་འདོད་ན་རང་ལུས་ལྷ་སྐུར་སྒོམས། གཞན་དོན་འབྱུང་བར་འདོད་ན་བྱམས་དང་སྙིང་རྗེ་སྦྱོངས། འོད་གསལ་འཆར་བར་འདོད་ན་གནས་ལུགས་ངང་ལ་ཞོག །སྒྲིབ་གཉིས་དག་པར་འདོད་ན་མཁྱེན་གཉིས་ཡུལ་ས་སྐྱོངས། །ཆོས་སྐུ་ཐོབ་པར་འདོད་ན་སྐུ་གསུམ་རང་ཞལ་ལྟོས། །དོན་གཉིས་འགྲུབ་པར་འདོད་ན་རི་ཁྲོད་དབེན་པ་ཟུངས། །དགོས་འདོད་འགྲུབ་པར་འདོད་ན་ལུང་བསྟན་གནས་སུ་རྒྱུགས། ཞེས་གསུང་གིན་འདུག་གོ་ཞེས་དང་། ཁྱོད་ཀྱི་དངོས་གྲུབ་ལེན་པའི་ས་འདི་ནས་ཉི་མ་བྱང་ཤར་གྱི་མཚམས་ཤིག་ན་ཡོད་པས་སོང་གསུང་ཞིང་མི་སྣང་བར་གྱུར་ཏོ། །དེ་འཕྲལ་ལ་མནལ་ཡང་སད། དེར་དགོངས་པ་ལ། དང་པོ་བླ་མའི་ཞལ་སྔ་ནས་སྒྲུབ་གནས་ཁྱད་པར་ཅན་ལྔ་ལུང་བསྟན་པས་རྡོ་རྗེ་གཞོན་ནུའི་སྒྲུབ་གནས་དེར་འགྲོ་བའི་དུས་ལ་བབ་པ་ཡིན་འདུག་དགོངས་པ་ཐུགས་ལ་ཤར། དེའི་ཐོ་རངས་མགོན་པོ་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་ཞལ་གཟིགས། གནས་འདི་ཚེའི་ཕོ་བྲང་ཐུན་མོང་མ་ཡིན་པ་ཡིན་གསུངས་ནས། ཚེའི་གདམས་པ་ལ་སོགས་རྗེ་བཙུན་ལ་གནང་། དེ་ནས་སྐུ་མཚམས་ལོ་བདུན་བཞུགས་རྒྱུ་ལ་ཞག་བདུན་དུ་བསྡུས་ནས་གྲོལ་བར་མཛད། སླར་ཉེ་གནས་རིན་ཆེན་གྲགས་ན་རེ། བླ་མ་རིན་པོ་ཆེ། བདག་གི་ཡུལ་དེ་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་གནས་བྱིན་ཆེ་ལ་བག་གྲོ་བའི་གནས་ཁྱད་པར་ཅན་དེ་འདྲ་ཡོད་པས་ཅིས་ཀྱང་འབྱོན་པར་ཞུ་ཞུས་པས། སྔ་ཕྱིའི་ལུང་བསྟན་དང་ཁོ་ཡང་ཞུ་ནན་ཤིན་ཏུ་ཆེ་ཞིང་། རྟེན་འབྲེལ་དུས་འཛོམས་པས། ཞལ་གྱིས་བཞེས་ཏེ་བྱར་སྨད་དུ་བྱོན། ལྡན་ཡུལ་ཨ་ཤུའི་བྲག་ལ་སྒྲུབ་པ་མཛད་ཅིང་བཞུགས། ས་འདི་ནས་རྗེ་བཙུན་རིན་པོ་ཆེ་གྲུབ་ཐོབ་ཀྱི་སྙན་གྲགས་ཆེ་བས་མཇལ་མཁན་ཤིན་ཏུ་མང་བས་ཐུགས་སུན་པའི་ཚུལ་གྱི་ནགས་དགོན་ལ་ཕེབས་རྒྱུའི་དགོངས་པ་གཏད། སློབ་མ་སྣོད་ལྡན་འགར་ཕྱག་རྒྱ་ཆེན་པོའི་ཁྲིད་བསྐྱངས་ཏེ་སྨིན་གྲོལ་ལ་འཁོད་པར་མཛད། སྤུ་དྲོའི་དགོན་པར་བྱོན། འདི་ནི་བྱར་ནགས་དགོན་གྱི་མཚན་ཞན་ཞིག །རྗེ་བཙུན་གྱིས་གནས་འདི་ཉིད་དུ་ལོ་བདུན་སྒྲུབ་པ་མཛད་པར་དམ་བཅས། སྒྲུབ་གནས་དི་ནི་ཁྱད་པར་དུ་འཕགས་པ་ཡིན་ཞིང་། རྡོ་རྗེ་གཞོན་ནུའི་བྲག་ཕུག་ཏུ་གྲགས་པའམ།  རྡོ་རྗེ་ཕག་མོའི་ཕོ་བྲང་། ཨོ་རྒྱན་གྱི་ཡུལ་དང་དབྱེར་མེད་པ། རྡོ་བོད་གཉིས་ཀྱི་ས་མཚམས་ཡིན་པ་བྱར་པོའི་ནགས་ཀྱི་དགོན་པ་འདིར་སྒྲུབ་པའི་རྒྱལ་མཚན་ཚུགས་པར་མཛད་ནས་གདུལ་བྱ་འཕྲིན་ལས་ཀྱང་གནས་འདི་ནས་རྒྱས།  བླ་མ་རྗེ་བཙུན་མི་ལས། སློབ་མ་ལོ་སུམ་མིང་གི་ཐོག་དྲངས་བརྒྱུད་པ་ཟིན་ངེས་པའི་ནུས་པ་ཅན་མང་དུ་འབྱུང་ཞེས་ལུང་བསྟན་པ་ལྟར། སྐལ་ལྡན་སྣོད་རུང་གི་སློབ་མ་ཙའི་རྒྱལ་བ་ལོ་དང་ཇོ་མོ་གཡང་མགོས་མ་སོགས་གནས་འདི་ནས་སློབ་མ་མང་པོ་འདུས། རྗེ་བཙུན་གནས་འདི་ན་སྐུ་མཚམས་ཤིན་ཏུ་དམ་པར་བཞུགས་པས་བླ་མ་ཡི་དམ་མཁའ་འགྲོ་མང་པོས་ཞལ་གཟིགས་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དྲན་པ་དང་བསྐུལ་བྱེད་མི་དགོས་པར་བདེ་གསལ་དུ་ཁྲིལ་ལེ་བྱུང་ཞིང་། ཁྱད་པར་དུ་བླ་མའི་ཐུགས་འོད་གསལ་དང་དབྱེར་མེད་འདྲེས། བླ་མས་ཀྱང་དེ་ལྟར་དུ་མཁྱེན་ཏེ། ཆོས་གསུང་བའི་ཐོག་མར་ངའི་རས་ཆུང་བདུད་ཀྱིས་ཁྱེར་ཡང་ཡང་གསུངས། དེ་ནས་རྣལ་འབྱོར་པ་གཅིག་ལ་བླ་མ་རྗེ་བཙུན་གྱིས་ཀ་ར་དང་ཨ་རུ་ར་ཁ་ཅིག་བསྐུར་ནས། རས་ཆུང་བདུད་ཀྱིས་ཁྱེར་ལུགས་དྲིས་ཤོག་གསུངས་ནས་བཏང་བས། རས་པ་དེ་བྱར་སྨད་དུ་སླེབས་ནས། བླ་མ་གར་བཞུགས་དྲིས་པས། ཡ་གི་ན་ཡོད་ཟེར་ནས་བླ་མ་བཞུགས་པའི་རི་དེ་བསྟན། བླ་མ་སྐུ་མཚམས་དམ་པར་བཞུགས་ཡོད་པས།  བྲག་ཕུག་འོག་ནས་བླ་མ་རྗེ་བཙུན་གྱི་བསྐུར་བའི་ཀ་ར་དང་ཨ་རུ་ར་ཁོང་ལ་ཕུལ། བླ་མས་ངའི་བུ་རས་ཆུང་བདུད་ཀྱིས་ཁྱེར་འདུག་པས། བདུད་ཀྱིས་ཇི་ལྟར་ཁྱེར་ལུགས་རྣམས་དྲིས་ལ་ཤོག་གསུངས་པས། ཁྱོད་བདུད་ཀྱིས་ཁྱེར་ལུགས་ང་ལ་བསྐུར་ཞིག་ཞུས་པས།  རས་ཆུང་པས། བྱར་པོ་ནགས་ཀྱི་དགོན་པ་ན། །གཅིག་པུར་བསྡད་ནས་གཉིས་མེད་བསྒོམས། །སྙན་རྒྱུད་ཡེ་ཤེས་སྒྲོན་མེ་ཡིས། །བླ་མ་ཡི་དམ་ཞེན་མེད་མཐོང་། །ལྟ་བ་སྣང་སྟོང་བརྗོད་བྲལ་གྱིས། །བག་ཆགས་རྒྱུན་གྱི་རྟ་རྔ་ཆད། །སྒོམ་པ་བདེ་གསལ་རྟ་པོ་ཡིས། །རང་སྣང་ཤེས་པ་ཐུག་ཕྲད་མཐོང་། །སྤྱོད་པ་གཟུང་འཛིན་ཀུན་བྲལ་གྱིས། །འཁྲུལ་སྣང་ཤེས་པ་སྨིག་རྒྱུ་རྟོགས། །འབྲས་བུ་རང་གསལ་ཉི་མ་ཡིས། །རེ་དོགས་མ་རིག་མུན་པ་གསལ། །རས་ཆུང་བདུད་ཀྱིས་དེ་ལྟར་ཁྱེར། །བླ་མ་རྗེ་ལ་འདི་སྐད་ཞུས། །ཞེས་གསུངས། བདུད་ཀྱི་ཁྱེར་ལུགས་ཀྱི་མགུར་འདི་བླ་མ་མི་ལར་ཕུལ་བས།  བླ་མ་ཐུགས་དགྱེས་ཏེ། བླ་མའི་ཞལ་ནས། ངའི་བུ་རས་ཆུང་པ་དེ་ཡི་དམ་རྣལ་འབྱོར་མ་དང་། ང་མི་ལའི་བདུད་ཀྱིས་བསླུས་ནས་འདུག །བསྒོམས་ན་ནི་འདི་ཙུག་འོང་བ་ཡིན་གསུངས་པས་སེ་བན་རས་པ་ལ་སོགས་པའི་འཁོར་རྣམས་ན་རེ། དེ་ཚོད་རེ་བསྒོམས་ན་ངེད་ཚོ་ལའང་ཡོང་ཟེར། བླ་མའི་ཞལ་ནས། བསྒོམས་ན་འོང་ཏེ་སྒོམ་མཁན་འདི་དཀའ་གསུངས། བླ་མ་རས་ཆུང་པ་ཉིད་སྒྲུབ་པ་གཙོ་བོར་གནང་ནས་སྐུ་མཚམས་ལ་བཞུགས་སྐབས།  རྟོགས་པ་མཐར་ཕྱིན་པའི་རང་རྟགས་སུ། དངོས་སྣང་ལ་རྡོ་རྗེ་རྣལ་འབྱོར་མ་ཉིད་མདུན་དུ་བྱོན་ནས་རིགས་ཀྱི་བུ། རང་དོན་རྟོགས་པ་མཐར་ཕྱིན་པས། །གཞན་དོན་ཐུགས་རྗེའི་འོད་ཟེར་ཉིད། །གདུལ་བྱའི་ཡུལ་ལ་འགྱེད་དགོས་པས། །སྐལ་ལྡན་སྐྱོང་བའི་དུས་ལ་བབ། །ཅེས་གསུངས། གནས་འདིར་ཐུགས་དམ་ནི་ཤིན་ཏུ་འཕེལ་ཞིང་།  འཁོར་འདས་དབྱེར་མེད་རྟོགས། མཁྱེན་པ་མཐར་ཕྱིན་པས་གཞན་རྒྱུད་ཐམས་ཅད་ས་ལེར་མཁྱེན། རྒྱུད་ཚོད་ཐམས་ཅད་མཁྱེན་པས་གཞན་དོན་གྱི་རྩལ་ཁ་ཕྱོགས་མེད་དུ་ཕྱེད་པར་གྱུར། དེ་ནས་ཡི་དམ་ལྷས་ལུང་བསྟན་པ་ལྟར་སྐུ་མཚམས་གྲོལ་བ་མཛད་ནས་དད་ལྡན་འགའ་ཞིག་དང་། འཁོར་སློབ་མ་རྣམས་ལ་གདམས་ངག་ཟབ་པ་རྣམས་གནང་། ར་ཤེར་སྣང་ངམ་ཉེ་གནས་རིན་ཆེན་གྲགས་ལ་རྗེ་བཙུན་ཉིད་ཀྱི་གདམས་ངག་མ་ལུས་པ་དང་། ལྷག་པར་དུ་ཕྱག་ན་རྡོ་རྗེའི་ཆོས་སྐོར་རྣམས་གནང་བས་ཕྱག་ན་རྡོ་རྗེའི་བཀའ་བབས་ཀྱི་སློབ་མ་ཞིག་ཏུ་གྱུར། གནས་འདི་ཉིད་དུ་རྗེ་བཙུན་རིན་པོ་ཆེ་གང་ཉིད།  རང་དོན་རྟོགས་པ་མཐར་ཕྱིན་ནས་གཞན་དོན་ཐུགས་རྗེའི་འོད་ཟེར་གྱིས་གདུལ་བྱའི་གཡུལ་ལས་རྒྱས་སའི་དབེན་གནས་འགངས་ཆེན་ཞིག་དང་། རྗེ་བཙུན་གྱི་སློབ་བརྒྱུད་མང་པོས་གནས་འདིར་སྒྲུབ་པའི་རྒྱན་མཚན་ཚུགས་ནས་གྲུབ་ཐོབ་ཀྱི་ཚང་ཆེན་བརྡོལ་མྱོང་བའི་གནས་མཆོག་ཁྱད་པར་ཅན་ཞིག་ཀྱང་ཡིན།  ཕྱིས་བཀའ་བརྒྱུད་ཡོངས་ཀྱི་བླ་མ་སྐྱེ་ཆེན་མང་པོས་གནས་འདིར། བཀའ་བརྒྱུད་གོང་མའི་རྣམ་པར་ཐར་པ་ཇི་བཞིན་བརྒྱུད་པའི་སྲོལ་ཁ་ཟིན་པར་བྱས་ནས་རིག་གསར་གྱི་དུས་འགྱུར་མ་བྱུང་བར་དུ་གྲུབ་ཐོབ་ཧ་ལམ་རྒྱུན་འཆད་མ་མྱོང་བ་ལྟ་བུ་ཡིན་མོད། མདོར་ན།  སྔར་བོད་གངས་ཅན་གྱི་ལྗོངས་འདིར་མཚན་ཉི་ཟླ་ལྟར་གྲགས་པའི་གྲུབ་ཐོབ་ཆེན་པོ་རྗེ་བཙུན་རས་པ་འདི་ཉིད་ཀྱི་སྒྲུབ་གནས་བྱར་པོ་ནགས་ཀྱི་དགོན་པ་དེ་ནི།  དེང་སང་རྩིག་ཤུལ་ཙམ་ལས་མཐོང་རྒྱུ་མེད་མོད།  ཡིན་ན་ཡང་ངོ་མཚར་བའི་སྒྲུབ་གནས་འདིའི་ལོ་རྒྱུས་ནི་ནམ་ཡང་ནུབ་མེད་དུ་གནས་ཡོད་པས་ཁོ་བོས་དཔྱད་གཞིའི་ཡིག་ཆ་འདི་དག་ལ་གཞི་བཅོལ་ནས་ཅུང་ཙམ་ཞིག་གླེང་ཡོད།  དཔྱད་གཞིའི་ཡིག་ཆ་ནི།  རྗེ་བཙུན་ཆེན་པོ་མི་ལ་རས་པའི་རྣམ་པར་ཐར་པ། གཙང་སྨྱོན་ཧེ་རུ་ཀས་མཛད་པ།  རྗེ་བཙུན་རས་ཆུང་པའི་རྣམ་པར་ཐར་པ། རྒོད་ཚང་རས་པས་མཛད་པ་དེ་དང་རི་ཁྲོད་པ་དགའ་བདེ་རྒྱལ་མཚན་གྱིས་མཛད་པའི་རས་ཆུང་པའི་རྣམ་པར་ཐར་པ་སོགས་རྣམ་ཐར་ཁག་དང་ཆོས་འབྱུང་འགའ་བཅས་དཔྱད་གཞིར་བྱས་ནས་འབྲི་ཁུལ་བྱས་ཡོད་པ་དང་། ཡུལ་མི་རྒན་གཞོན་ཚོའི་བཤད་སྲོལ་ལ་ཅུང་ཙམ་དཔྱད་ནས་གནད་ལུགས་འདུག་བསམ་པ་དག་བྲིས་པ་མ་གཏོགས་མང་ཆེ་བ་ལྷ་སྒྲུང་ལྟ་བུར་འདུག་པས་དེར་གང་འདོད་ལྟར་བྲིས་ན་རྗེས་སུ་མ་དག་རྒྱུན་འབྱམས་སུ་སོང་ན་མི་འོས་པས་གཙོ་བོ་གོང་གི་དཔྱད་གཞི་དག་དཔང་པོར་བཞག་ནས་བྲིས་ཡོད་པས་འདིར་མཁས་པ་མགུ་བའི་ལེགས་བཤད་ལྟ་བུ་ཡིད་དབང་འཕྲོག་རིན་ཡོད་པ་ཞིག་མིན་ལ། འདི་ཡོད་པས་སྟོང་ཆ་ཁ་སྐོང་ཐུབ་པ་ཞིག་དང་མེད་པས་ཐབས་ཆག་སོང་བ་ཞིག་ཡེ་ནས་མིན་པས་རང་དང་མཉམ་པའི་བློ་དམན་པ་དག་ལ་ཕན་ཕྱིར་བྲིས་པ་ཡིན་པས་ཀློག་པོ་དག་གིས་ནོར་འཁྲུལ་ཡོད་པ་དག་ལ་དགོངས་བཞེད་དང་ཡོ་བསྲང་གནང་རྒྱུའི་རེ་བ་སྙིང་དབུས་ན་ཞུ་བ་དང་བཅས། རང་ཉིད་ཀྱི་མོས་པས་བསྐུལ་ཏེ་ཙ་རི་སྐྱིད་ཕུག་དགོན་དུ་བོད་ཆུ་སྟག་ལོའི་རྒྱལ་བས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་བཟང་ངམ་མཉམ་མེད་དྭགས་པོའི་འདས་མཆོད་ཟླ་དྲུག་བཅོ་ལྔའི་ཉིན་སྙོམས་ལས་པ་དོན་བརྒྱུད་བསྟན་འཛིན་དུ་འབོད་པ་དེས་མཇུག་རྫོགས་པར་བྲིས་པས་བཀྲ་ཤིས་པར་འགྱུར་ཅིག །   །།

བརྒྱུད་སྐུལ།

མཆན་སྤེལ།