མཁས་གྲུབ་ནོར་བཟང་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

མཁས་གྲུབ་ནོར་བཟང་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

མཁས་གྲུབ་ནོར་བཟང་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

 

དེ་ཡང་མཁས་གྲུབ་ནོར་བཟང་རྒྱ་མཚོ་མཆོག་ནི། གཙང་རྟ་ནག་རང་བྱུང་དུ་ཡབ་ནམ་མཁའ་དཔལ་བཟང་དང་། ཡུམ་ཆོས་སྐྱབས་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པ་ཆུ་ཡོས་ཕྱི་ལོ་ ༡༤༢༣ ལོར་སྐུ་འཁྲུངས། དགུང་ལོ་ཆུང་ངུ་བྱིས་པའི་དུས་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས།

 

དགུང་ལོ་བཅུ་གསུམ་པ་ལ་ཕེབས་པ་ཕྱི་ལོ་ ༡༤༣༥ ལོར་བྲག་དམར་ཆོས་སྡིངས་སུ་ཕེབས་ཏེ་ཆོས་རྗེ་བློ་གྲོས་མགོན་པོས་མཁན་པོ་དང་། བྱང་སེམས་ཆོས་འཕེལ་རྒྱལ་མཚན་གྱིས་ལས་སློབ་མཛད་དེ་རབ་བྱུང་བསྒྲུབས་ཤིང་བཀའ་ཆོས་ཀྱང་གསན།

དེ་ནས་རི་ཁུད་ཆོས་སྡེར་ཕེབས་ཤིང་། སློབ་དཔོན་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོའི་ཞབས་ལ་གཏུགས་ཏེ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་། རི་ཁུད་ཆོས་སྡེར་བཞུགས་པའི་དུས་སུ་མཁས་གྲུབ་ཤེས་རབ་སེངྒེ་དང༌། ༸རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ། འདུལ་འཛིན་བློ་གྲོས་སྦས་པ་རྣམས་ཀྱང་ཆོས་རྗེ་གྲགས་པ་བཟང་པོ་དང་། ཡོན་བདག་དཀར་པོ་དགེ་སྦྱོང་སོགས་ཀྱིས་གདན་དྲངས་ཏེ་ཞལ་འཛོམས་ནས་སྡེ་སྣོད་གསུམ་དང་། དེ་དག་གི་དགོངས་འགྲེལ་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ཀྱི་ཆོས་སྒྲ་སྒྲོག་པར་མཛད། དེ་དུས་རི་ཁུད་ཆོས་སྡེ་ན་མཁས་གྲུབ་ཆེན་པོ་གོང་དུ་སྨོས་པ་དེ་དག་དང་། དེ་དག་གི་ཐུགས་སྲས་སེམས་དཔའ་ཆེན་པོ་མང་པོ་ལྷན་དུ་འཚོགས་ཏེ་ཐམས་ཅད་ཀྱང་ཚུལ་ཁྲིམས་རྣམ་པར་དག་ཅིང་། ཚེ་འདིའི་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པ་སྡེ་སྣོད་གསུམ་གྱི་ཆོས་སྒྲ་བརྒྱུད་མར་སྒྲོག་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་འདྲ་བ་ཞིག་ཡོད། ཅེས་དམ་པ་སྐུ་ཉིད་ཀྱིས་གསུང་ཞེས་འབྱུང་།

དེ་ནས་དབུས་སུ་ཕེབས་ནས་གྲྭ་ཚང་ཆེན་མོ་སོགས་ལ་སློབ་གཉེར་དུ་བྱོན་ཏེ་གཞུང་ལུགས་ལ་སྤྱངས་པས་རིང་པོར་མི་ཐོགས་པར་རིགས་ལམ་ལ་མཁས་པར་གྱུར། དེ་ནས་འཆུམས་བདེ་ཆེན་དང་། ཆོས་འཁོར་སྒང་སོགས་སུ་བྱོན་ཏེ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་བཤེས་གཉེན་དུ་མ་ལས་གཞུང་ལུགས་ལ་ཐོས་བསམ་རྒྱ་ཆེ་གནང༌ཞིང་། དབང་ལུང་མན་ངག་ཀྱང་མང་དུ་གསན།

དེ་ནས་གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་རྗེ་དགེ་འདུན་གྲུབ་པ་ལས་བྱང་ཆུབ་ལམ་རིམ་དང་། བསྐྱར་དུ་ཕར་ཕྱིན། དབུ་མ། འདུལ་བ། མངོན་པ་མཛོད་མངོན་པ་སོགས་ཞིབ་ཏུ་སྦྱངས། ལྷག་པར་ཚད་མ་རྣམ་འགྲེལ་ལ་སྦྱངས་པ་མཐར་ནན་གནང་ནས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་གྱུར། གསང་ཕུ་སོགས་དབུས་ཀྱི་གདན་ས་འགའ་ཞིག་ཏུ་གྲྭ་སྐོར་ཡང་མཛད།

དགུང་ལོ་སོ་ལྔ་ལ་ཕེབས་པ་ཕྱི་ལོ་ ༡༤༥༧ ལོར་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ཏེ་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་གིས་མཁན་པོ་དང་། ཆོས་རྗེ་གྲགས་པ་འོད་ཟེར་གྱིས་ལས་སློབ། རོང་པོ་བློ་བཟང་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས་ཤིང་། ཁྲི་ཆེན་བློ་གྲོས་ཆོས་སྐྱོང་སོགས་ལས་རྗེ་ཙོང་ཁ་པའི་གསུང་རྣམས་ཀྱི་ལུང་སོགས་མདོ་སྔགས་ཀྱི་ཆོས་རྒྱུན་གང་མང་གསན།

དགུང་ལོ་སོ་བདུན་ལ་ཕེབས་པ་ཕྱི་ལོ་ ༡༤༥༩ ལོར་འོལ་ཁ་རིན་ཆེན་སྒང་དུ་ཕེབས་ནས་ཆོས་རྗེ་གྲགས་པ་ལ་ཆོས་མང་དུ་གསན་ཞིང་། གཞན་ཡང་དབེན་གནས་རིན་ཆེན་སྒང་དང་། ཨེའི་ཏེའུ་ (ཏིའུ། རྟེའུ)ར། འོལ་ཁ་ཆོས་ལུང་། རྒྱ་སོག་ཕུ། ལྷ་སྡིངས་སོགས་དབེན་གནས་རྣམས་འགྲིམས་ནས་ལོ་ངོ་བཞི་བཅུའི་རིང་ལ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཏེ་རིམ་ལྔ་དང༌། སྦྱོར་དྲུག་སོགས་བླ་མེད་ཀྱི་ལམ་རིམ་གཉིས་ལ་མྱོང་བ་ཕུལ་ཕྱིན་དུ་གྱུར། ཞར་ཞོར་ལ་དད་ལྡན་དོན་གཉེར་ཅན་གང་མང་ལ་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་སྩལ་བས། རྒྱུད་འཛིན་གྱི་སློབ་མ་ཡང་གྲགས་ཅན་གང་མང་བྱུང་ཞིང་། སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པའི་ཐུགས་སྲས་ནི། ༸རྒྱལ་བ་དགེ་འདུན་རྒྱ་མཚོ་ཡིན།

འཇམ་མགོན་བླ་མའི་མན་ངག་ལ་བརྟེན་ནས་ཟུང་འཇུག་སྒྲུབ་སྟེ་མཐར་དགུང་ལོ་གོ་གཅིག་ལ་ཕེབས་པ་ཕྱི་ལོ་ ༡༥༡༣ ལོར་སྐུ་ཞི་བར་གཤེགས། སྐུ་གདུང་རིལ་པོར་བཞུགས་པའི་འདྲ་སྐུ་འོལ་ཁ་རིན་ཆེན་སྒང་སྒྲུབ་སྡེའི་རྟེན་གྱི་གཙོ་བོར་བཞུགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་བདུན་པ་ཡིན།

ཁོང་གི་གསུང་རྩོམ་པོད་དང་པོར་ཆོས་ཚན་ ༡༢ ལ་ཤོག་གྲངས་ 429 དང་། པོད་གཉིས་པར་འགྲེལ་ཆེན་ལ་ཤོག་གྲངས་ 319 པོད་གསུམ་པར་ཆོས་ཚན་གཉིས་ལ་ཤོག་གྲངས་ 263 བཅས་པོད་གསུམ་ལ་ཁྱོན་བསྡོམས་ཤོག་གྲངས་ 1011 བཞུགས་པ་ནི། དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་དང་། རྩིས་གཞུང་པད་དཀར་ཞལ་ལུང་། [འདི་ཕུག་པ་ལྷུན་གྲུབ་རྒྱ་མཚོས་མཛད་ཅེས་ཀྱང་བརྗོད་སྲོལ་ཡོད།] དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་དོན་གསལ་བར་བྱེད་པའི་སྒྲོན་མེ། རིམ་པ་ལྔའི་དོན་ཡང་གསལ་སྒྲོན་མེ། ལེགས་པར་བཤད་པ་པདྨ་དཀར་པོའི་ཞལ་ལུང་ལས་རྩིས་འཕྲོ་གསལ་བར་བྱེད་པའི་སྒྲོན་མེ། ཞལ་ལུང་ལས་གཟའ་རྣམས་སྟོང་པ་ལ་འཇུག་པའི་ལྷན་ཐབས་བློ་གསལ་ཡིད་ཀྱི་མུན་སེལ། ཞལ་ལུང་ལས་རྩིས་ལ་ལོག་རྟོག་ཀུན་སེལ་སྒྲོན་མེ། ཞལ་ལུང་ལས་དུས་བཞི་གཡོན་སྐོར་བ་འགོག་ཅིང་གཡས་སྐོར་སྒྲུབ་པར་བྱེད་པའི་བསྟན་བཅོས་གཡས་སྐོར་རབ་ཏུ་གསལ་བའི་སྒྲོན་མེ། ཞལ་ལུང་ལས་གཟའ་ཉིའི་སྤྱི་ནོར་གསལ་བ་བྱེད་པའི་སྒྲོན་མེ། ཞལ་ལུང་ལས་ས་དུམ་བུ་བཅུ་གཉིས་སུ་དབྱར་དགུན་གྱི་ཉི་སྡོག་གསལ་བར་བྱེད་པ། ཞལ་ལུང་ལས་ཉི་ཤུ་བཅོ་ལྔ་འཆར་བའི་ས་ཆ་གང་ཡིན་དཔྱད་པ། ཞལ་ལུང་ལས་དུས་བཞི་གཡས་སྐོར་དག་པའི་ཡི་གེ །ཞལ་ལུང་གི་ལྷན་ཐབས་སྒོ་བརྒྱ་འབྱེད་པའི་ལྡེ་མིག །ཞལ་ལུང་ལས་བྱེད་པ་དང་གྲུབ་མཐའི་རྩིས་ཀྱི་ཚུལ་དལ་པར་འབྱེད་པ་རྩིས་ལ་མུན་པ་སེལ་བའི་སྒྲོན་མེ། ཞལ་ལུང་ལས་རང་ལུགས་རྣམ་པར་དག་པའི་བསྟན་རྩིས་དང༌། རྒྱུད་ཀྱི་དངོས་བསྟན་ཉུང་ངུའི་བྱེད་པ་མདོ་ཙམ་བཤད་པའི་ལེགས་བཤད་མཛེས་རྒྱན་རྣམས་ཡོད།

 

མཁས་གྲུབ་ནོར་བཟང་རྒྱ་མཚོའི་གསུང་འབུམ་གྱི་དཀར་ཆག

 

པར་པོད་ ༼ཀ༽ ཤོག་གྲངས།

ཀ ལེགས་པར་བཤད་པ་པདྨ་དཀར་པོའི་ཞལ་ལུང་ལ། 245

ཁ། ལེགས་པར་བཤད་པ་པདྨ་དཀར་པོའི་ཞལ་ལུང་ལས་རྩིས་འཕྲོ་གསལ་བར་བྱེད་པའི་སྒྲོན་མེ་ལ། 31

ག ཞལ་ལུང་ལས་གཟའ་དམས་སྟོང་པ་ལ་འཇུག་པའི་ལྷན་ཐབས་བློ་གསལ་ཡིད་ཀྱི་མུན་སེལ་ལ། 22

ང་། ཞལ་ལུང་ལས་རྩིས་ལ་ལོག་རྟོག་ཀུན་སེལ་སྒྲོན་མེ་ལ། 31

ཅ། ཞལ་ལུང་ལས་དུས་བཞི་གཡོན་སྐོར་བ་འགོག་ཅིང་གཡས་སྐོར་སྒྲུབ་པར་བྱེད་པའི་བསྟན་བཅོས་གཡས་སྐོར་རབ་ཏུ་གསལ་བའི་སྒྲོན་མེ་ལ། 22

ཆ། ཞལ་ལུང་ལས་གཟའ་ཉིའི་སྤྱི་ནོར་གསལ་བ་བྱེད་པའི་སྒྲོན་མེ་ལ། 6

ཇ། ཞལ་ལུང་ལས་ས་དུམ་བུ་བཅུ་གཉིས་སུ་དབྱར་དགུན་གྱི་ཉི་སྡོག་གསལ་བར་བྱེད་པ་ལ། 10

ཉ། ཞལ་ལུང་ལས་ཉི་ཤུ་བཅོ་ལྔ་འཆར་བའི་ས་ཆ་གང་ཡིན་པྱད་པ་ལ། 5

ཏ། ཞལ་ལུང་ལས་གི་ལས་དུས་བཞི་གཡས་སྐོར་དག་པའི་ཡི་གེ་ལ། 5

ཐ། ཞལ་ལུང་གི་ལྷན་ཐབས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། 14

ད། ཞལ་ལུང་ལས་བྱེད་པ་དང་གྲུབ་མཐའི་རྩིས་ཀྱི་ཚུལ་དལ་པར་འབྱེད་པ་རྩིས་ལ་མུན་པ་སེལ་པའི་སྒྲོན་མེ་ལ། 15

ན། ཞལ་ལུང་ལས་རང་ལུགས་རྣམ་པར་དག་པའི་བསྟན་རྩིས་དང༌།རྒྱུད་ཀྱི་དངོས་བསྟེན་ཉུང་ངུའི་བྱེད་པ་མདོ་ཙམ་བཤད་པའི་ལེགས་བཤད་མཛེས་རྒྱན་ལ། 23

 

པར་པོད་ ༼ཁ༽ ཤོག་གྲངས།

1 དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གསལ་བར་བྱེད་པ་དྲི་མེད་འོད་ཀྱི་རྒྱན་ཞེས་བྱ་བ་མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པ་ལ། 319

 

པར་པོད་ ༼ག༽ ཤོག་གྲངས།

1 དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་དོན་གསལ་བར་བྱེད་པའི་སྒྲོན་མེ་ལ། 180

2 རིམ་པ་ལྔའི་དོན་ཡང་གསལ་སྒྲོན་མེ་ལ། 83

 

བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།