སྨིན་གླིང་ལོ་ཆེན་གྱི་མཛད་བསྡུས།

སྨིན་གླིང་ལོ་ཆེན་གྱི་མཛད་བསྡུས།

སྨིན་གླིང་ལོ་ཆེན་གྱི་མཛད་བསྡུས།

སྤྱང་ཚ།

 

 

དང་པོ་སྐུ་འཁྲུངས་ཚུལ་སོགས་ཀྱི་སྐོར།

སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ནི། ཕྱི་ལོ་1654ལོར་ཡབ་སྨྱོས་སྟོན་གསང་བདག་ཕྲིན་ལས་ལྷུན་གྲུབ་དང་།  ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་སྲས་སུ་ལྷོ་ཁ་གྲྭ་ནང་དུ་སྐུ་འཁྲུངས།  མིང་སྲིང་བདུན་ལས་ལྔ་པ་ཡིན།

མཚན་གྱི་རྣམ་གྲངས་ལ།  ལེགས་པ་དོན་གྲུབ།  པདྨ་ཕྲིན་ལས་རྒྱལ་མཚན།  ཨོ་རྒྱན་གྲགས་པ་བཟང་པོ①།  བསྟན་འཛིན་འཇམ་དབྱངས་དབང་པོ།  ངག་དབང་ཆོས་དཔལ་རྒྱ་མཚོ②།  དྷརྨ་ཤྲཱི།  སྨིན་གླིང་ལོ་ཆེན།  ལོ་ཆེན་དྷརྨ་ཤྲཱི་སོགས་སུ་འབོད།  དགོང་ལོ་གསུམ་(1656)ཙམ་གྱི་སྐབས་སུ་བུ་རྫིའི་གདོལ་སྤྱོད་ཀྱི་གྲིབ་ཕོག་སྟེ་ལྗགས་མི་བདེ་བར་གྱུར།   རང་ལོ་བདུན་(1660)གྱི་བར་དུ་ཕལ་ཆེར་རང་གི་གཞིས་དགོན་དང་ཞང་པོའི་ཁྱིམ་དུ་བསྡད། དགོང་ལོ་བརྒྱད་པའི་(1661)སྐབས་གཅེན་རྒྱལ་བའི་སྲས་ཀྱི་ཞབས་ཕྱིར་འབྲངས་ཏེ་དགུན་དཔྱིད་གཉིས་ལ་འཕྱོངས་རྒྱས་དཔལ་རི་དང་།  དབྱར་མཆིམས་ཕུར་བསྡད།  སྐབས་དེར་མ་ཡུམ་དང་ལྷན་དུ་དཔལ་གྱི་བསམ་ཡས་སུ་གནས་མཇལ་དུ་བྱོན།   དགོང་ལོ་དགུའི་(1662)ཐོག་ཡབ་སྐུ་གཤེགས། ཀརྨ་པ་ཡབ་སྲས་ལ་ཆུང་དུས་ནས་བཅོས་མིན་གྱི་དད་པ་མངའ།

སྨིན་གླིང་དགོན།

 

གཉིས་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཚུལ།

དགོང་ལོ་བཅུ་གསུམ་(1666)ཐོག་དགེ་བསྙེན་གྱི་སྡོམ་པ་བཞེས།  དགོང་ལོ་བཅོ་ལྔའི་(1668)ཐོག་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་།  དགོང་ལོ་ཉི་ཤུའི་(1673)ཐོག་ལྔ་པ་ཆེན་པོ་ལས་བསྙེན་པར་རྫོགས།  དགོང་ལོ་ཉེར་བདུན་(1680)ཐོག་ལྔ་པ་ཆེན་པོའི་བཀའ་གསུང་ལྟར་དཀོན་མཆོག་བསྟན་འཛིན་གྱི་མདུན་ནས་སྨད་འདུལ་གྱི་སྡོམ་རྒྱུན་ལས་བསྙེན་རྫོགས་ཡང་ཞུ་བྱས།

ཆུང་དུས་ནས་དབང་དུ་མ་ཞུས་མོད།  བརྡ་དོན་འཕྲོད་ནས་རྒྱུད་སྨིན་པར་བྱས་པའི་དབང་ནི་རང་ལོ་བཅུ་གཉིས་པར་ཐོབ་པའི་ཐུགས་ཐིག་གི་དབང་ཡིན་པར་གསུངས།  དགོང་ལོ་ཉི་ཤུ་པར་(1673)གྲྭ་ཚང་གི་དགེ་སྐོས་བྱས།  ཉེར་གཅིག་པར་(1674)གཅེན་རྒྱལ་བའི་སྲས་སྐུ་གཤེགས་རྗེས་གྲྭ་ཚང་གི་རྒྱུན་ཚོགས་དང་སྐུ་རིམ་སོགས་ཀྱི་སྐབས་རྡོ་རྗེ་སློབ་དཔོན་བྱས།

 

གསུམ་པ་སློབ་གཉེར་ཇི་ལྟར་མཛད་ཚུལ། 

1661ལོར་རང་ལོ་བརྒྱད་པའི་ཐོག་གཅེན་རྒྱལ་བའི་སྲས་དང་དགེ་སློང་ལེགས་པ་གཉིས་ལས་ཀློག་བསླབ།  མ་ཡུམ་དང་གཅེན་རྒྱལ་བའི་སྲས་ཀྱི་ཤུགས་རྐྱེན་གྱིས་ཆུང་དུས་ནས་ཆོས་ལ་མོས་པ་ཐོབ།   རྩ་རྒྱུད་གསང་སྙིང་ལ་སློབ་གཉེར་བྱེད་སྐབས་རོག་པའི་ཡིད་ཆ་མཐོང་བ་ཙམ་གྱིས་གོ་བ་རྙེད།  ཆུང་ངུའི་དུས་སུ་ངག་མི་བདེ་ཞིང་ཤེས་རིག་མི་བཀྲ་བས་ཡོན་ཏན་ཅན་ཡོང་བའི་རེ་བ་ཆེར་མེད་ཅེས་གསུངས།   དགོང་ལོ་བཅུ་(1663)ནས་བཅུ་གཉིས་(1665)བར་དུ་ཡི་གེ་འབྲི་ཀློག་དང་།  དགོན་པའི་འདོན་ཆོག་འགའ་བློ་ལེན་མཛད།

དགོང་ལོ་བཅུ་གཉིས་(1665)ཐོག་གུང་ཐང་པཎ་ཆེན་གྱི་མདུན་ནས་ཀ་ལཱ་པའི་མཚམས་སྦྱོར་ལྔའི་རི་མོ་བསླབ།  གཅེན་རྒྱལ་བའི་སྲས་ཀྱི་ཞལ་ཏ་དང་ཕྱག་འབེབས་ཀྱི་འོག་ནས་ཡི་གེ་ཚུགས་མ་དང་ཤར་བྲིས་གཉིས་ཀ་བྱང་བར་བྱས།

ཕྱི་ལོ་1666ལོར་གུང་ཐང་པཎ་ཆེན་གྱི་མདུན་ནས་ཀ་ལཱ་པའི་བཤད་པ་དང་ས་རིས་ཞུས།   རི་མོའི་རྒྱུགས་ཡོངས་རྫོགས་བློ་ཐོག་ནས་ཕུལ་བའི་ཉིན་ནི་ས་པཎ་སྐུ་བལྟམས་པའི་དུས་ཚེས་དང་མ་བསྒྲིགས་རང་འགྲིག་ཏུ་གྱུར་པས།  པཎ་ཆེན་གྱིས་ཐུགས་དགྱེས་དགྱེས་མཛད་དེ་རྒྱུན་སྐྱོང་དགོས་པའི་ཞལ་ཏ་གནང་།   ལཉྩ་དང་ཝརྟུ་སོགས་ཡིག་སྣ་འགའ་ལ་སྦྱངས།

དགོང་ལོ་བཅུ་དགུའི་(1672)ཐོག་མེས་དོན་གྲུབ་དབང་རྒྱལ་གྱི་མདུན་ནས་སྐར་རྩིས།   དབྱངས་འཆར་གྱི་བཤད་པ།  འཁོར་ལོའི་ངོ་སྤྲོད། འབྱུང་རྩིས་ཀྱི་རྡེའུ་འགྲེམ་པ་བཅས་བསླབ།  གཅེན་རྒྱལ་བའི་སྲས་ཀྱི་མདུན་ནས་རྩིས་ཀྱི་གོ་བ་དང་།  རྒྱ་སྟོན་ཀརྨ་ཀུན་མཁྱེན་གྱི་མདུན་ནས་དུས་འཁོར་འཇིག་རྟེན་བསྟན་ལེ་དང་།  རྩིས་ཀུན་བསྡུས་པའི་བཤད་པ།  སྡེབ་སྦྱོར་གྱི་ངོ་མཚར་བའི་སྦྱོར་བ་རྣམས་ཞུས།   རྗེས་སུ་སྟག་ལུང་པ་གྲུབ་ཆེན་ངག་དབང་གཟུངས་མཆོག་ལས་དབྱངས་ཅན་བྱཱ་ཀ་ར་ཎའི་ས་རིས།  ཙནྡྲ་པའི་ཡི་གེའི་བསྡུ་བ་དང་ཏིང་མཐའ་སོགས་ལ་ཞིབ་བཤད་དང་གཞུང་སྤྱི་ལ་བཤད་ཡམ་ཙམ་དང་།  སྡེབ་སྦྱོར་གྱི་ཡང་པའི་བྱ་བ་རྣམས་གསན།   སྨིན་གླིང་གཏེར་ཆེན་གྱི་མདུན་ནས་སྙན་ངག་མེ་ལོང་གསན་ཞིང་ལེའུ་གསུམ་ཀའི་རྩོམ་རྒྱུགས་ཕུལ།

དགོང་ལོ་བཅུ་བདུན་(1670)ཐོག་སྨིན་གླིང་གྲྭ་ཚང་གསར་འཛུགས་སྐབས་གྲྭ་ཚང་དུ་ཞུགས་ཏེ་གྲྭ་སའི་འདོན་ཆོག་བློ་འཛིན་དང་།  གར་དབྱངས་ཐིག་གསུམ་གྱི་ཕྱག་བཞེས་རྣམས་བྱང་བར་བསླབ།  དེ་དག་གི་སྐབས་སུ།  ཤེར་ཕྱིན་གྱི་འགྲིག་རྐང་དང་དོན་བདུན་ཅུའི་བཤད་པ།  སྡོན་གསུམ་རབ་དབྱེ།  བླ་མ་རྒྱལ་བའི་དགེ་སློང་གི་བསླབ་བྱ་རྣམས་བློ་ལ་བྱང་བར་བྱས།  གཅེན་རྒྱལ་བའི་སྲས་ཀྱི་མདུན་ནས་འདུལ་བའི་ལག་ལེན་དང་བརྡ་ཆད་རྣམས་བྱང་བར་བྱས།   དགོང་ལོ་ཉེར་གཅིག་(1674)ཐོག་གཅེན་སྐུ་གཤེགས་རྗེས་ཡུན་རིང་པོར་ཕྱག་ལས་ཀྱི་དབང་གིས་སློབ་གཉེར་ལ་འབད་ཁོམ་ཆེར་མ་བྱུང་།

དགོང་ལོ་ཉེར་བདུན་པར་(1680)སྨིན་གླིང་གཏེར་ཆེན་གྱིས་འདོན་ཆོག་དང་སྔགས་ཀྱི་ཕྱག་ལེན་གོམས་འགྲོས་སུ་སོང་བ་ཙམ་གྱིས་ཅི་ཡང་མི་ཡོང་བས་མདོ་སྔགས་ཀྱི་གཞུང་ལུགས་ལ་སློབ་གཉེར་དགོས་པའི་བཀའ་ཕེབས་པ་ལྟར།  སེམས་ཉིད་ངལ་གསོ་བློ་ལ་བཟུང་ཞིང་འགྲེལ་པ་ལ་ལྟ་རྟོག་ཞིབ་མོར་བྱས།  འདུལ་བ་ལུང་རིགས་གཏེར་མཛོད་ཀྱི་འཐོབ་བྱ་སོ་ཐར།  མ་ཐོབ་པ་འཐོབ་པར་བྱེད་པའི་གཞི།  སྡེ་ལྔའི་བསླབ་བྱ།  གཞི་གསུམ་གྱི་བཤད་པ་རྣམས་བློ་ལ་བཟུང་ཞིང་།  བསམ་པས་གཞིགས་པ་ན་གོ་བ་ཐལ་ཐོལ་སྐྱེས་པས་ཐོས་བསམ་སྒོམ་གསུམ་ལ་འདུན་པ་བླ་ལྷག་ཏུ་འཕེལ།   སྨིན་གླིང་གཏེར་ཆེན་པོ་ཏ་ལར་བཞུགས་པ་ལ་འཕྲིན་ཡིག་ཡུལ་ཏེ།  གྲྭ་ས་གཞན་དུ་སློབ་གཉེར་ལ་འགྲོ་བ་དང་།  རང་དགོན་ནས་སློབ་གཉེར་བྱེད་པ།   སྒོམ་པ་ལ་བརྩོན་པ་གསུམ་གང་དགའ་བཀའ་འདྲི་ཞུས་པའི་ལན་དུ།   དེང་དུས་སྔ་འགྱུར་བསྟན་པའི་བྱིན་རླབས་རྒྱུན།  །ཉམས་པ་མེད་ཀྱང་བཤད་པའི་དགའ་སྟོན་ལ།།སྤྱོད་ནུས་ཐུན་མཚམས་ཉིན་བྱེད་ལྟར་གྱུར་པ།  །ཞེས་དང་།  ཐོས་པའི་རྩ་བ་ཆོས་མངོན་མཛོད་ཉིད་དང་།  །སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་ལ།  །རྩ་པོད་བྱས་ནས་ཤེས་བྱ་གཞན་ལ་ཡང་།  །འབད་པས་བསྒྲུབས་ན་མཁས་པའི་གནས་འཐོབ་འགྱུར། །ཞེས་གསུངས།   དེ་ནས་གཏེར་ཆེན་གྱི་མདུན་ནས།  སྤར་ཁབ་དང་གཡུང་ཊིཀ་བཤད་སྦྱར་ཞུས་ཤིང་།  གཡུང་ཊིཀ་བློར་བཟུང་།  གཞུང་ལུགས་རབ་འབྱམས་སྨྲ་བ་སངས་རྒྱས་ཆོས་དར་ལས།  གཞུང་བརྒྱ་པའི་ཊཱི་ཀའི་ཐོག་ནས་མཛོད་ཚར་གཅིག་གསན།  ལུང་རིགས་གཏེར་མཛོད་དང་རྒྱ་མཚོའི་སྟེང་ནས་འདུལ་བ་དང་ཕར་ཕྱིན་ཞུས།  དེའི་ཡར་སྔོན་ནས་གུང་ཐང་པཎ་ཆེན་གྱི་མདུན་ནས་དབུ་མའི་སྟོང་ཐུན་དང་།  འདུལ་བ་སུམ་བརྒྱ་པ།   མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་ལས་ཟབ་མོ་ནང་དོན་རང་འགྲེལ་ཞུས།  ཀུན་མཁྱེན་ཀློང་ཆེན་པ་དང་།  རོང་ཟོམ།  ཟུར་པ་ཡབ་སྲས་བཅས་ཀྱི་གསུང་རྣམས་མཐར་ཆགས་སུ་ཞུ་རྒྱུ་མ་བྱུང་ཡང་གཏེར་ཆེན་གྱི་མདུན་ནས་དཀའ་གནད་ལ་དྲི་བ་དྲིས་ལན་གྱི་སྒོ་ནས་སྒྲོ་འདོགས་བཅད།   རང་ལོ་ཉེར་བདུན་པར་(1680)ཐུགས་ཐིག་གི་ཁྲིད་ཞུས་ཏེ་བསྒོམས་པ་ནས་བཟུང་ཉམས་ལེན་ལ་བརྩོན་ཚུལ་སྐོར་རང་རྣམ་དུ་གསལ།

 

བཞི་པ་དབང་ལུང་ཁྲིད་གསུམ་ཞུས་ཚུལ།   

སྨིན་གླིང་གཏེར་ཆེན་གྱི་མདུན་ནས་ཐོབ་པའི་སྐོར།  རྒྱུད་སྡེ་མདོ་སྒྱུ་སེམས་གསུམ་གྱི་མན་ངག་གི་བརྒྱུད་པ་ཐ་དད་པའི་རྒྱུན་བཞུགས་སོ་ཅོག་གི་དབང་དང་བཤད་ལུང་།   སྒྲུབ་སྡེའི་སྐོར་ལ།  བཀའ་བརྒྱད་སྤྱི་དང་།  ཡང་ཕུར་གཤིན་གསུམ་གྱི་སྐོར་ནང་གསེས་ཀྱི་ཁྱད་པར་དུ་མ་དང་བཅས་པ།  གཏེར་མའི་སྐོར་ལ།  སྨིན་གླིང་གཏེར་ཆེན་གྱི་གཏེར་གསར་ཡོངས་རྫོགས།  གྲུབ་ཐོབ་དངོས་གྲུབ།  གླིང་པ་བཅུ་གཉིས།  ལྡང་མ།  ལྕེ་བཙུན།  ཞང་ཁྲོམ།  གནུབས་ཆུང་།  ཉང་།  གུ་རུ་ཆོས་དབང་།  ལས་འབྲེལ་རྩལ།  དྲི་མེད་རྣམ་གསུམ།  བྱང་གཏེར་སྔ་ཕྱི་སོགས་གྲགས་ཆེ་བ་དུ་མའི་བླ་རྫོགས་ཐུགས་གསུམ་དང་།  བཀའ་བརྒྱད་སྤྱི་སྒོས་ཀྱི་སྐོར་དུ་མ།  ལྔ་པ་ཆེན་པོའི་རྒྱ་ཅན་སོགས་ཀྱི་དབང་ལུང་དང་མན་ངག་ཅི་རིགས་ཐོབ།  རྙིང་མ་རྒྱུད་འབུམ་གྱི་ལུང་ཆ་ཚང་།  གསར་མའི་དགྱེས་རྡོར།  ཀུན་རིག  །མི་འཁྲུགས་པ་སོགས་ཀྱི་དབང་དང་རྗེས་གནང་མང་པོ་ཐོབ།   ནཱ་རོ་མཁའ་སྤྱོད་ཀྱིས་མཚོན་དབང་ལུང་མན་ངག་ཚང་བ་དུ་མ་ཐོབ།   མདོ་སྐོར་ལ།   སྲོལ་གཉིས་ཀྱི་སེམས་བསྐྱེད་གདམས་ངག་དང་བཅས་པ།  བྱང་སའི་ལུང་།  མདོ་སྔགས་སྤྱིའི་བཤད་ཆོས།   ཀུན་མཁྱེན་ཀློང་ཆེན་པའི་བསྟན་བཅོས་སོགས་རྒྱ་བོད་ཀྱི་མན་ངག་གི་གཞུང་དུ་མའི་ལུང་ཐོབ།

གཞན་ཡང་།  རྡོ་བྲག་རིག་འཛིན་ཆེན་པོ།  ས་སྐྱའི་བདག་ཆེན་ཀུན་དཀའ་བཀྲ་ཤིས།  རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ།  དིང་རི་ཀུན་སྤངས་པ་བློ་གྲོས་བརྟན་པ།  མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན།  གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱ་མཚོ།  མཁས་བཙུན་ངག་དབང་བསྟན་འཛིན།   རྡོ་རྗེ་འཛིན་པ་ཀུན་དགའ་བསྟན་པ་དར་རྒྱས།  བཤེས་གཉེན་བྱམས་པ་ཕུན་ཚོགས་རྣམ་རྒྱལ།  སྡོམ་བཙུན་ཀུན་དགའ་དར་རྒྱས།  ལུང་དང་རིགས་པའི་དབང་ཕྱུག་སངས་རྒྱས་ཆོས་དར།   སྐྱི་ཀུན་དགའ་བསྟན་གསལ།  གྲུབ་ཆེན་ཀུན་བཟང་ཆོས་རྒྱལ།  གྲུབ་པའི་དབང་ཕྱུག་ཀློང་ཡངས་འོད་གསལ།  འབྲས་བུ་གླིང་པ་ངག་དབང་ཨོ་རྒྱན།  ཞྭ་ལུ་བྱང་མ་པ་རིན་ཆེན་བཟང་པོ།  ཐུགས་སྲས་སྤྲུལ་པའི་སྐུ།  བཀའ་འགྱུར་བ་གྲུབ་པ་རྡོ་རྗེ།  འབྲི་གུང་སྤྲུལ་པའི་སྐུ།   ཏྲེ་བོ་སྤྲུལ་པའི་སྐུ་ཆོས་ཀྱི་དབང་པོ།  དཔའ་བོ་སྤྲུལ་སྐུ་སོགས་ལས་དབང་ལུང་ཁྲིད་གསུམ་དུ་མ་ཐོབ།  དེ་དག་དུས་ཚོད་དང་བཅས་པ་ཞིབ་པར་ཐོབ་ཡིག་ཏུ་གསལ།

 

ལྔ་པ་བསྟན་བཅོས་ཇི་ལྟར་བརྩམས་ཚུལ།

1685ལོར་རང་ལོ་སོ་གཉིས་པར་སྒྱུ་འཕྲུལ་དྲ་བའི་གཞལ་མེད་ཁང་གི་རྣམ་གཞག་གསལ་བའི་སྒྲོན་མེ་བརྩམས།1687ལོར་རང་ལོ་སོ་བཞི་པར་འབྱུང་རྩིས་ཟླ་བའི་འོད་ཟེར་བརྩམས། 1687ལོར་གསང་བདག་ཞལ་ལུང་སྟོད་དུམ་བརྩམས།1689ལོར་རང་ལོ་སོ་དྲུག་པར་སྨིན་གླིང་གཏེར་ཆེན་གྱི་ཕྱིའི་རྣམ་ཐར་སྟོད་དུམ་བརྩམས།   1690ལོར་རང་ལོ་སོ་བདུན་པར་གསང་བདག་ཞལ་ལུང་སྨད་དུམ་བརྩམས།  1693ལོར་རང་ལོ་བཞི་བཅུ་པར་གསང་བདག་དགོངས་རྒྱན་གྱི་ལེའུ་གསུམ་པ་ཡན་ཆད་བརྩམས།1696ལོར་རང་ལོ་ཞེ་གསུམ་པར་སྨིན་གླིང་གཏེར་ཆེན་གྱི་ཕྱིའི་རྣམ་ཐར་སྨད་དུམ་བརྩམས། 1697ལོར་རང་ལོ་ཞེ་བཞི་པར་བི་མ་སྙིང་ཐིག་གི་ཁྲིད་ཡིག་བརྗེད་བྱང་བརྩམས།1700ལོར་རང་ལོ་ཞེ་བདུན་པར་གསང་བདག་དགོངས་རྒྱན་གྱི་སྨད་ཕྱོགས་བརྩམས།1701ལོར་རང་ལོ་ཞེ་བརྒྱད་པར་བཟང་སྤྱོད་འགྲེལ་ཆུང་བརྩམས།   1701ལོར་སྔ་འགྱུར་སྡོམ་རྒྱུན་གྱི་མཁན་བརྒྱུད་རྣམ་ཐར་བརྩམས།  1701ལོར་རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས་བརྩམས།1702ལོར་རང་ལོ་ཞེ་དགུ་པར་རྡོར་སེམས་ཐུགས་སྒྲུབ་ཁྲིད་ཡིག་རབ་གསལ་སྣང་བ་བརྩམས།1703ལོར་རང་ལོ་ལྔ་བཅུ་པར་བཀའ་བརྒྱད་བདེ་འདུས་ཀྱི་བསྙེན་ཡིག་བརྩམས། 1708ལོར་རང་ལོ་ང་ལྔ་པར་སྡོམ་གསུམ་དཔག་སྙེ་བརྩམས།1709ལོར་རང་ལོ་ང་དྲུག་པར་ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེེར་གྱི་ཁྲིད་ཡིག་བརྩམས།1710ལོར་རང་ལོ་ང་བདུན་པར་འདུས་མདོའི་དབང་གི་སྤྱི་དོན་བརྩམས།1713ལོར་རང་ལོ་དྲུག་ཅུ་པར་རང་རྣམ་བརྩམས།  1713ལོར་རྩིས་གཞུང་ཉིན་བྱེད་སྣང་བ་བརྩམས།  1714ལོར་རང་ལོ་རེ་གཅིག་པར་སྨིན་གླིང་གཏེར་ཆེན་གྱི་ནང་གི་རྣམ་ཐར་བརྩམས།1714ལོར་ཁྲོས་ནག་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བརྩམས།

གཞན་ཡང་གསུང་རྩོམ་མང་མོད། བརྩམས་ལོ་མི་གསལ་བ་དག་འདིར་བཀོད་མེད།

 

དྲུག་པ་འགྲོ་དོན་ཇི་ལྟར་མཛད་ཚུལ།

ཐུན་མོང་སྒྲ་སྙན་རྩིས་སོགས་དང་།  ཐུན་མིན་རྡོ་རྗེ་ཐེག་པ་སོགས་ཀྱི་དཔེ་ཁྲིད་དང་དབང་ལུང་དུ་མ་གནང་།  སྐྱེ་བོ་447བསྙེན་རྫོགས་སྒྲུབ།  1498དགེ་ཚུལ་སྒྲུབ།  ས་སྐྱ་བདག་ཆེན་ཀུན་དགའ་བཀྲིས་ལ་གཏེར་གསར་ཡོངས་རྫོགས་སོགས་ཀྱི་དབང་ལུང་ཕུལ།  དཔལ་རི་སྤྲུལ་སྐུ་སོགས་ལའང་དབང་ཁྲིད་དུ་མ་གནང་།  1712ལོར་འཕགས་པ་ལྷ་སྐུ་ཕྲེང་ལྔ་པ་རྒྱལ་བ་རྒྱ་མཚོས་(1644–1713)གདན་ཞུས་ལྟར་ཆབ་མདོ་བྱམས་པ་གླིང་དུ་ཕེབས།   འཕགས་པ་ལྷ་སྐུ་ཕྲེང་ལྔ་པ་དང་།  དེའི་ཐུགས་སྲས་ངག་དབང་མཆོག་སྤྲུལ།  ཕྱག་མཛོད་རྗེ་དབོན་རིན་པོ་ཆེ་སོགས་ཀྱིས་གཙོས་འདུས་སྡེ་དག་ལ་བཀའ་གཏེར་དང་རྒྱུད་གསར་རྙིང་དུ་མའི་དབང་ལུང་གནང་།  ས་སྐྱ་བདག་ཆེན་ཀུན་དགའ་བཀྲིས་དང་།  དཔལ་རི་སྤྲུལ་སྐུ།  འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ་སོགས་ཞལ་སློབ་མང་ངོ་། །

བདུན་པ་སྐུ་ཇི་ལྟར་འདས་ཚུལ།

མཐར་བོད་ཡུལ་དུ་ཆབ་སྲིད་ཀྱི་རླུང་ནག་འཚུབས་པས་རྐྱེན་བྱས་ཏེ།  ཕྱི་ལོ་1718ལོར་དགོང་གྲངས་རེ་ལྔའི་ཐོག་ཕོ་བྲང་པོ་ཏ་ལའི་མདུན་ཐད་དུ་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།  །

2023/1/2ཉིན་སྤྱང་ཚས་བླ་མ་རུང་དུ་སྦྱར་བའོ།  །

མཆན།

①གཙུག་ཕུད་ཕུལ་བའི་མཚན།

②རབ་ཏུ་བྱུང་བའི་མཚན།

 

བརྒྱུད་སྐུལ།

མཆན་སྤེལ།