༄༅། །སྤུ་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་གཤེགས་ཡུལ་ཕོ་བྲང་ཟལ་མོ་སྒང་གི་སྔོན་བྱུང་ལོ་རྒྱུས་དང་ངག་རྒྱུན་གླེང་སློང་།

༄༅། །སྤུ་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་གཤེགས་ཡུལ་ཕོ་བྲང་ཟལ་མོ་སྒང་གི་སྔོན་བྱུང་ལོ་རྒྱུས་དང་ངག་རྒྱུན་གླེང་སློང་།

༄༅། །སྤུ་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་གཤེགས་ཡུལ་ཕོ་བྲང་ཟལ་མོ་སྒང་གི་སྔོན་བྱུང་ལོ་རྒྱུས་དང་ངག་རྒྱུན་གླེང་སློང་།

རྩོམ་པ་པོ། ཉི་བསྟན། བསོད་ནམས་དཔལ་མོ།

 

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ལོ་རྒྱུས་ཀྱི་བག་ལ་ཞ་བའི་བཙན་པོ་སྲོང་བཙན་སྒམ་པོའི་གཤེགས་ཡུལ་གང་དུ་ཡིན་མིན་ལ་གསལ་ཁ་ཡོང་ཆེད། ལོ་རྒྱུས་དངོས་གཙོ་སྨྲ་བའི་མཛུབ་སྟོན་འོག ཡིག་ཚང་གྱི་རྒྱབ་རྟེན་དང་།

ས་ཡུལ་དངོས་ཀྱི་བརྟག་དཔྱད། དམངས་ཁྲོད་ཀྱི་ངག་རྒྱུན་བཅས་གསུམ་ཟུང་དུ་འབྲེལ་ཏེ། བཙན་པོ་སྲོང་བཙན་སྒམ་པོའི་གཤེགས་ཡུལ་གྱི་ཕོ་བྲང་ཟལ་མོ་སྒང་ཞེས་ད་ལྟ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་སྡེ་དཀར་གྲོང་ཚོ་བྲག་ཞོལ་རྫོང་རི་ཞེས་པའི་གནས་དེར་ཡིན་ཚུལ་གྱི་གླེང་སློང་བྱས་འདུག

 

བརྡ་ཆད་གཙོ་བོ། སྲོང་བཙན་སྒམ་པོ། ཟལ་མོ་སྒང་། ལོ་རྒྱུས། ངག་རྒྱུན།

སྤྱིར་ན་ཏུན་ཧོང་བོད་ཀྱི་ལོ་རྒྱུས་ཤོག་དྲིལ་དང་ཆོས་འབྱུང་རྒྱལ་རབས་སོགས་སུ་སྤུ་རྒྱལ་བཙན་པོའི་སྐུ་དུས་ཀྱི་ཕོ་བྲང་ཡིན་པའི་མཚན་གསལ་པོར་འཁོད་ཡོད་པ་ནི། གཉའ་ཁྲི་བཙན་པོའི་སྐུ་དུས་ཀྱི་མཁར་འཕྱིང་བ་སྟག་རྩེ། ཡུམ་བུ་བླ་མཁར། ཨི་ཤོ་ལེགས་སྐུ་དུས་ཀྱི་ཕོ་བྲང་རྒོད་རྩེ། ཕོ་བྲང་ཡང་རྩེ། ཕོ་བྲང་ཁྲི་རྩེ། ཕོ་བྲང་རྩེ་མོ་ཁྱུང་རྒྱལ། གྲི་གུམ་བཙན་པོའི་སྐུ་དུས་ཀྱི་ཕོ་བྲང་མཁར་ཁྲ་དང་བྱ་ར། མྱང་རོ་སྟག་ཙལ། སྤུ་དེ་གུང་རྒྱལ་སྐུ་དུས་ཀྱི་ཕོ་བྲང་ཁྲི་བརྩིགས་འབུམ་གདུགས།  སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན་སྐུ་དུས་ཀྱི་ཉེན་ཀར་རྙིང་པ། སྤུར་བའི་ཡུལ་སྣ། ཕོ་བྲང་བྱམས་པ་མི་འགྱུར་གླིང་། སྲོང་བཙན་སྒམ་པོའི་སྐུ་དུས་ཀྱི་ཕོ་བྲང་ཁྲི་རྩེ་དམར་པོ། སྐུ་མཁར་ཟལ་མོ་སྒང་། མ་རུ་སྐུ་མཁར། མང་སྲོང་མང་བཙན་སྐུ་དུས་ཀྱི་ཕོ་བྲང་མེར་ཀེ། ཕོ་བྲང་ཤངས་ཀྱི་རབ་ཀ་ཚལ། ཁྲི་ལྡེ་གཙུག་བརྟན་གྱི་སྐུ་དུས་སུ་བཞེངས་པར་གྲགས་པའི་ཕོ་བྲང་འཕང་ཐང་། བྲག་དམར་མགྲིན་བཟང་། ཕོ་བྲང་འོམ་བུའི་ཚལ། ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་བསམ་ཡས་གཙུག་ལག་ཁང་། ཕོ་བྲང་ཟུ་སྦུག ། ཕོ་བྲང་ལྡན་དཀར་མ། ཕོ་བྲང་མཆིམས་བུ་བ། ཁྲི་ལྡེ་སྲོང་བཙན་སྐུ་དུས་ཀྱི་སྐར་ཆུང་རྡོ་རྗེ་དབྱིངས། ཁྲི་གཙུག་ལྡེ་བཙན་སྐུ་དུས་ཀྱི་འོན་ཅང་རྡོ་དཔེ་མེད་དགེ་འཕེལ་གཙུག་ལག་ཁང་སོགས་བཙན་པོའི་སྐུ་མཁར་༣༠ཡས་མས་བཞེངས་ཡོད། དེ་རྣམས་ལས་ལྷ་སའི་སྐྱིད་ཆུའི་བཞུར་རྒྱུན་དུ་སྐུ་མཁར་ཟལ་མོ་སྒང་། ཟུ་སྦུག །འོད་ཟེར་དམ་པའི་ཕོ་བྲང་། ཕོ་བྲང་བྱམས་པ་མི་འགྱུར་གླིང་། ཕོ་བྲང་ཁྲི་རྩེ་དམར་པོ། གཙུག་ལག་ཁང་དང་ཕོ་བྲང་གཅིག་ཏུ་སྤྱོད་པའི་སྐར་ཆུང་རྡོ་རྗེ་དབྱིངས། འོན་ཅང་རྡོ་བཅས་སྐུ་མཁར་༡༡ཙམ་མཆིས།  ཡང་དེ་རྣམས་ལས། P.T༡༢༨༨དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་སོགས་སུ་གསལ་བའི་བཙན་པོ་མེར་ཀེ་ན་བཞུགས། ཉེན་ཀར་རྙིང་པ་ན་བཞུགས། སྤུར་བའི་ཡུ་སྣ་ལ་བཞུགས་ཞེས་པའི་བཤད་ལུགས་ལྟ་བུར་གཞིགས་ན།བཙན་པོའི་བཞུགས་གནས་ལ་ཕོ་བྲང་ཡོད་པ་དངོས་སུ་མ་བསྟན་ཞིང་། དེ་རྣམས་ཡང་ས་རྡོ་སོགས་ལས་བཞེངས་པའི་སྐུ་མཁར་ཡིན་པ་དེ་བས་སྒྲུབ་མི་ཐུབ་སྟེ། དེ་ཡང་སུང་རྒྱལ་རབས་བྱང་མའི་དུས་སུ་ཝང་ཕུའུ་སོགས་ཀྱིས་བརྩམས་པའི་ཐང་གི་ལམ་སྲོལ་གནད་བསྡུས་སུ་འཁོད་པའི་བོད། ཏང་ཞང་། བུད་མེད་རྒྱལ་ཁབ་སོགས་ཀྱི་སྐོར་ཞེས་པར། བོད་ཀྱི་རྒྱལ་པོ་ཡང་ན་པ་པུའུ་ཁྲོན་དང་སྐབས་རེར་ལོ་ཕོ་ཁྲོན་དུ་མཆིས། མཁར་ཆུང་ཡོད་ཀྱང་དེར་མ་སྡོད་པར་སྦྲ་གུར་ཆེན་པོར་སྡོད[1]ཅེས་པ་དང་། ཡང་ཐང་ཡིག་རྙིང་མའི་སྤུ་རྒྱལ་ལོ་རྒྱུས་(གླེགས་བབ་བརྒྱ་དང་གོ་དྲུག་པའི་སྟོད་ཆ་)ལས། མི་ཆེན་རྣམས་ཕྱིང་གུར་ཆེན་པོར་འདུག་ལ། དེའི་མིང་ལ་ཕོ་བྲང་ཞེས་བྱ།[2]ཞེས་པར་གཞིགས་ན། བཙན་པོའི་འདུག་གནས་ལ་སྦྲ་གུར་ཡང་ཡིན་སྲིད་པས། བཙན་པོའི་བཞུགས་གནས་ཀྱི་མིང་ཅན་དེ་རྣམས་ཚང་མ་ས་རྡོ་ལས་བཞེངས་པའི་སྐུ་མཁར་གྱི་མིང་ཡིན་ཞེས་མཐའ་གཅིག་ངོས་བཟུང་ན་མི་འཐད་པར་སེམས།

གོང་དུ་གསལ་བའི་བཙན་པོ་རིམ་བྱོན་གྱི་སྐུ་མཁར་གནས་ཡུལ་ཀྱི་འཕོས་རིམ་ལ་བརྟག་ན།རྨ་ལ་ལ་བརྒྱུད་ཀྱི་ལྷོ་ནས་རིམ་བཞིན་བྱང་བརྒྱུད་དུ་འཕོས་ཏེ། སྤུ་རྒྱལ་ཆབ་སྲིད་གྱི་ལྟེ་བའང་ཡར་ལུང་ནས་སྐྱིད་ཆུའི་བཞུར་རྒྱུན་དུ་རིམ་པར་འཕེལ་བའི་ཆོས་ཉིད་ཅིག་གསལ་པོར་རྙེད་ཐུབ་ཅིང་།  སྐྱིད་ཆུའི་བརྒྱུད་དུ་གནས་པའི་སྔར་གྱི་བཙན་པོའི་སྐུ་མཁར་དེ་རྣམས་ཀྱི་ད་ལྟའི་གནས་ཚུལ་ལ་གཞིགས་ན། ལ་ལ་མཁར་ཤུལ་ཙམ་དང་། ལ་ལ་དགོན་སྡེར་གྱུར་བ། ལ་ལ་ནི་ཤུལ་ཙམ་ཡང་མེད་པར་རྩ་བརླག་ཏུ་སོང་ཟིན་སྟབས། དེང་གི་ཆར་ངོས་བཟུང་ཐུབ་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཡོད། དེ་དག་གི་གནས་ཡུལ་ད་ལྟའི་སྲིད་འཛིན་རྫོང་ཁག་གི་ཁྱབ་ཁོངས་ནས་བརྗོད་ན། ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་གཏོགས་པའི་ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྗོང་། སྟག་རྩེ་ཆུས། ཁྲེན་ཀོན་ཆུས། སྟོད་ལུང་ཆུས། ཆུ་ཤུལ་རྫོང་བཅས་ཀྱི་ཁོངས་སུ་གནས་ཡོད།

གོང་གི་བཙན་པོའི་སྐུ་མཁར་དེ་རྣམས་ལས་སྐབས་སུ་བབས་པར་ལྷ་སའི་སྐྱིད་ཆུའི་ཆུ་འགོའི་ཡན་ལག་ཏུ་གཏོགས་པ་འཕན་ཡུལ་ངན་ཆུའི་འགྲམ་དུ་གནས་པའི་སྐུ་མཁར་ཟལ་མོ་སྒང་གི་སྐོར་ལ་ཞིབ་འཇུག་བྱས་པ་ཡིན་ཏེ། དེ་ཡང་བཙན་པོ་སྲོང་བཙན་སྒམ་པོ་སྐུ་འཁྲུངས་ཡུལ་མལ་གྲོ་གུང་དཀར་རྒྱ་མ་ཁྲི་ཁང་དུ་གནས་པའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་ཡིན་ཚུལ། རྒྱལ་རབས་ཆོས་འབྱུང་རྣམས་ཀྱི་ཡོངས་གྲགས་ཀྱི་དགོངས་པ་ཡིན་མོད། འོན་ཀྱང་བཙན་པོ་དེ་ཉིད་སྐུ་འདས་ཡུལ་གང་དུ་ཡིན་མིན་ད་བར་ཤིན་ཏུ་ལྐོག་གྱུར་གྱི་ཚུལ་དུ་གནས་ཡོད་ཅིང་། ད་བར་ཞིབ་འཇུག་པའི་སྡེར་བཙན་པོའི་སྐུ་མཁར་རམ་ཕོ་བྲང་སྐོར་ལ་དམིགས་སུ་ཞིབ་འཇུག་བྱས་པའི་དཔེ་མཚོན་དཔྱད་འབྲས།《藏族传统建筑艺术—访谈著名藏族传统建筑艺术理论与设计家木雅•曲吉建才先生》[3]浅谈吐蕃时期的历史古迹文化资源及其价值》[4]西藏宫殿建筑的军事防御风格》[5]སོགས་ཀྱི་ནང་ཕོ་བྲང་ཟལ་མོ་སྒང་ལ་ཞིབ་འཇུག་གནང་ཡོད་པ་ནི་མཇལ་དུ་མེད། ད་ཐེངས་འདིར་གླེང་སློང་གི་ཚུལ་དུ་དཔྱད་རྩོམ་འདི་བགྱིས་པས་མཁྱེན་ལྡན་བློ་རིག་པ་རྣམས་ཀྱིས་བྱི་དོར་ཡོ་སྲང་ཡོད་པར་མཁྱེན། །

 

དང་པོ། ཟལ་མོ་སྒང་ཞེས་སུ་འབོད་པའི་ས་མིང་གསུམ་གྱི་ཤན་འབྱེད།

དུང་དཀར་རིན་པོ་ཆེས་འཕན་ཡུལ་ཟལ་མོ་སྒང་ཞེས་པའི་ས་གནས་འདི་འཕན་པོར་ཡོད་ངེས་ཀྱང་། དེང་སང་འཕན་པོར་ས་མིང་དེ་འདྲ་བྱས་པའི་ས་ཆ་ཡོད་མེད་ཞིབ་འཇུག་བྱེད་དགོས་[6]ཞེས་གསུངས་པའི་བཀའ་ནན་ཕེབས་པའི་སྐུལ་སློང་གི་ས་བོན་ལས། མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་པར། །ཁྱིམ་དུ་མལ་དུ་དཔྱད་པས་མི་ཤེས་པའི། །ཕྲ་རགས་དོན་གྱི་ཁྱད་པར་ཇི་སྙེད་གཅིག རྣམ་གསལ་དཔེ་ཡི་ལམ་ནས་འདི་ལྟར་བཤད།[7]ཅེས་པའི་གསུང་སྒྲོས་བཞིན། འདིར་ལོ་རྒྱུས་ཀྱི་ཡིག་ཚང་དང་ས་ཡུལ་དངོས་ཀྱི་རྟོག་ཞིབ་བྱས་པའི་རྒྱུ་ཆ་དག་གཤིབ་བསྡུར་བྱས་ཏེ། སྐུ་མཁར་ཟལ་མོ་སྒང་གི་གནས་ཡུལ་ལ་འཚོལ་ཞིབ་གང་ཐུབ་བགྱིས་ཁུལ་ལ།

སྤྱིར་ཡུལ་ཁམས་ཆགས་དབྱིབས་ཀྱི་ཁྱད་པར་བརྗོད་པའི་སྐབས། སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་རྒྱལ་རབས་མང་པོ་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ་(སྤྱི་ལོ༡༤༣༤ལོར་གྲུབ)ལས། རྒྱ་དཀར་པོའི་ཡུལ་དེ། དར་དཀར་གྱི་ཡོལ་བ་བརྐྱངས་པ་དང་འདྲ། རྒྱ་ནག་པོའི་ཡུལ། མཁྲིས་པ་གཅོང་ལ་བསྐྱུར་བ་དང་འདྲ། བལ་པོའི་ཡུལ་གཞོང་པ་དང་འདྲ་བ། ཞང་ཞང་ཡུལ་བཤང་ཁའི་སྦུབས་འདྲ། ལྷོ་ཁ་བཞི་ར་སྐོར་འདྲ། ཀོང་པོ་ཡུལ་བྲེ་འདྲ། བོད་ཟལ་མོའི་སྒང་འདྲ་[8]ཞེས། ཡུལ་གྱི་དབྱིབས་དང་ཁ་དོག་ལ་དཔེ་དང་དཔེ་ཅན་ཐོགས་ནས། འབྲི་ཟལ་མོ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་བོད་ཡུལ་ཟལ་མོ་སྒང་ཞེས་སྤྱི་མིང་དུ་ཐོགས་ཡོད། བྱེ་བྲག་ཏུ་མདོ་སྨད་ཟལ་མོ་སྒང་ཞེས་པའང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྨད་ཕྱོགས་ཏེ། སྒང་དྲུག་ཅེས་ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་རབ་སྒང་[9]བཅས་རྣམས་ལས། འབྲི་ཆུའི་ཤར་རྒྱུད་ནས་ཟླ་ཆུའི་བར་གྱི་ཡུལ་གྲུ་འདི་དག་ལ་སྒང་དྲུག་ཟལ་མོ་ཞེས་པ་ཡང་ཡོད་མོད། སྐབས་སུ་བབས་པའི་འཕན་ཡུལ་[10]ཟལ་མོ་སྒང་ཞེས་པ་འདི་ནི་སྤུ་རྒྱལ་བཙན་པོ་སྲོང་བཙན་སྒམ་པོ་སྐུ་གཤེགས་ཡུལ་དུ་གྲགས་པའི་སྐུ་མཁར་གནས་ཡུལ་འདིར་བརྗོད་པ་ཡིན་སྟབས། ཐ་སྙད་ཀྱི་བྲིས་གཟུགས་གཅིག་ཏུ་ཡོད་ཀྱང་། ཁྱབ་རྒྱ་དང་གནས་ཡུལ་མི་འདྲ་བར་སོང་སྟབས། ཕན་ཚུན་མ་འདྲེས་པར་སོ་སོར་འབྱེད་དགོས་རྒྱུ་ནི་སྔོན་འགྲོ་ཙམ་དུ་ཟད།

འཕན་ཡུལ་ཟལ་མོ་སྒང་ཞེས་པའི་ཡུལ་དེར་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་། དབང་རིས་མི་འདྲ་རིམ་པར་འཕོས་ཞིང་ས་མིང་ལའང་འགྱུར་བ་ཅུང་མི་འདྲ་བ་བྱུང་ཡོད་དེ། དེ་ཡང་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་དབའས་དབྱི་ཚབ་ཀྱ་བྱ་དགའར། །ཟ་གད་གཤེན་ཀྱི་ཡུལ་ས་[11]ཞེས་དང་། ཡང་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཡུལ་གྱི་དབང་རིས་བཅོ་བརྒྱད་དུ་ཕྱེས་པའི་སྐབས་ཀླུང་ཤོད་ནམ་པོ་འདྲུ་དང་ཕྱུགས་མཚམས་ཡུལ། །འཕན་ཡུལ་སྟོང་སྡེ་སྒྲོ་(འབྲོ་)དང་རྨ་ཡི་ཡུལ་[12]ཞེས་དང་། ཡང་བཙན་པོའི་ཆབ་སྲིད་ཁ་ཐོར་དུ་སོང་སྐབས་ཐང་ལ་ཡར་བཞུར་ལྷ་ཡི་ཞུ་བ་བྱས། །ཟྭ་དང་དམ་པ་བཙན་པོའི་མཁར་ལ་བསྟེན། །སྒྲོ་དང་རྨ་ཡིས་མ་ཕྱར་བྱས་ནས་ནི། །འཕན་ཡུལ་ཟ་གང་རྗེ་དཔོན་ཚན་གཅིག་ཆགས་[13]ཞེས་པ་སོགས། ཐོག་མར་ཟ་གད་ཅེས་པའི་ཡུལ་དེ་ཉིད་བཙན་པོས་རུས་དབས་ལ་བདག་རྐྱེན་གནང་བ་དང་། ཡང་བཙན་པོ་སྲོང་བཙན་གྱི་སྐུ་དུས་སུ་དབང་རིས་བཅོ་བརྒྱད་བཅད་པའི་སྐབས་ཡུལ་དེའང་རུས་སྒྲོས་(འབྲོ)དང་རྨ་ཡི་དབང་རིས་སུ་བདག་རྐྱེན་ཐོབ་ཅིང་། བཙན་པོའི་ཆབ་སྲིད་ཁ་ཐོར་སོང་རྗེས་རུས་སྒྲོས་(འབྲོ)དང་རྨ་ཡི་དབང་བསྒྱུར་བའི་ཡུལ་དུ་འགྱུར་ཡོད་པ་གསལ་ཞིང་། ས་མིང་ལ་ཟ་གད། ཟྭ། ཟ་གང་བཅས་ཅུང་མི་འདྲ་བའི་འགྱུར་བ་བྱུང་ཡོད།

དེ་རྗེས་ཡུལ་དེར་དུས་རབས༡༧ཙམ་ནས། བོད་ས་གནས་སྲིད་གཞུང་གི་རྫོང་གཞིས་ལྷུན་གྲུབ་དང་། མཁར་རྩེ། ཟ་ལྷ། གླང་ཐང་། ཕོད་མདོ་བཅས་ལྔ་ལས་ཟ་ལྷ་རྫོང་ཞེས་པར་ངོས་འཛིན་པ་སྟེ། གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས་ལྷུན་གྲུབ་རྫོང་ལས། ཟ་ལྷ་ཞེས་པ་ནི་ཟ་དམ་དང་ལྷ་ཁང་གཉིས་ཀྱི་བསྡུས་མིང་ཡིན་ཞིང་ཟ་དམ་ཞེས་པའི་ཟ་དང་། དམ་པ་ཞེས་པའི་ཡུལ་མིང་གཉིས་བསྡུས་ནས་འབོད་པ་དང་། ལོ་རྒྱུས་རེ་འགར་འཕན་ཡུལ་ཟལ་མོ་སྒང་ཡང་ཟེར་ཞིང་ས་ཆའི་ཁྱབ་ཁོངས་ལ་ཤར་ཁུ་རིའི་རི་སྣའི་སྣེ་ཟུར་གྲོང་ཚོ་ནས་ཐད་དྲངས་བྱང་ཁ་གཞིས་ཀྱི་མདུན་སྐེ་བརྟན་རི་ཆུང་མན་དང་ནུབ་ཁ་རག་(དེང་སང་སྟོད་ལུང་བདེ་ཆེན་རྫོང་ཁོངས་)བར། ལྷོ་སྐམ་ལའི་ལ་རྩེའི་བྱང་ངོས་ཀྱི་རི་རྒྱུད་ནས་བྱང་རྒྱལ་པོ་བླ་རིའི་རྒྱབ་ཀྱི་རི་རྒྱུད་བར་ཡིན།[14]ཞེས་སྐབས་དེར་རྗོང་གཞིས་ཟ་ལྷའི་ཁུངས་སུ་གཏོགས་ཤིང་།  ཡུལ་འདིར་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་དང་སྒོ་ཐེམ། རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་ཇི་ལྟར་སྒྲུབ་དགོས་ཚུལ་སོགས། ལྕགས་སྟག་ལོ་སྟེ། སྤྱི་ལོ༡༨༣༠ལོར་གཞུང་ས་དགའ་ལྡན་ཕོ་བྲང་གིས་ཞིབ་འཇུག་མཐའ་འདོམས་གནང་བའི་ལྕགས་སྟག་ཟ་ལྷ་ཁུལ་གྱི་ཞིབ་གཞུང་རྒྱ་བོད་དམ་འབྱར་མ་དགེ[15]ཞེས་པའི་ནང་ཞིབ་པར་གསལ་བས་འདིར་བརྗོད་བྱ་མ་ཡིན་སྟབས་སྐུང་པར་བྱའོ། ད་ལྟའི་ངོས་ནས་བརྗོད་ན་ཟལ་མོ་སྒང་ཞེས་པ་ནི། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་སྡེ་དཀར་གྲོང་ཚོ་བྲག་ཞོལ་[16]རྫོང་རི་ཞེས་པ་དེ་ཡིན་སྐད། འདི་ནི་ཀརྨ་དུས་གསུམ་མཁྱེན་པས་ཕྱག་བཏབ་པར་གྲགས་པའི་གཟིམས་སྦུག་དགོན་གྱི་ཉེ་འགྲམ་དུ་བྲག་རི་བཙན་པོ་[པར༡]ཞིག་མཐོང་ཆོས་ཡོད་ཅིང་། འཕྲེད་ཐིག༢༩.༥༤ དང་གཞུང་ཐིག༠༡.༧གྱི་མཚམས་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིད༣༧༣༨གྱི་སར་གནས་ཡོད། །

Image

[པར༡] བཙན་པོའི་སྐུ་མཁར་ཟལ་མོ་སྒང་གནས་ཡུལ་གྱི་རྫོང་རི།

 

གཉིས་པ།  སྔར་གྱི་ལོ་རྒྱུས་ཡིག་ཚང་ནང་དུ་མཆིས་པའི་ཟལ་མོ་སྒང་ཞེས་པའི་ས་མིང་དང་དེའི་དཔྱད་བརྗོད།

དུས་རབས་བཅུ་གཉིས་ཀྱི་སྔ་རོལ་དུ་གྲུབ་པའི་ལོ་རྒྱུས་ཡིག་ཆP.T༡༢༨༨དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་དང་། P.T༡༢༨༧བཙན་པོ་རིམ་བྱོན་གྱི་ལོ་རྒྱུས། P.T༡༢༨༦རྒྱལ་ཕྲན་དང་རྒྱལ་རབས་རིམ་བྱུང་གི་མིང་དང་རྒྱལ་ཕྲན་རིམ་བྱུང་གི་མིང་སོགས་ཀྱི་ཏུན་ཧོང་བོད་ཀྱི་ཤོག་དྲིལ་རྣམས་སུ་ཕོ་བྲང་ཟལ་མོ་སྒང་ཞེས་པའི་བཙན་པོའི་སྐུ་མཁར་གནས་ཡུལ་གྱི་ས་མིང་ཡོད་ཚུལ་གྱི་གསལ་ཆ་ཡེ་ནས་མེད་ཀྱང་། དུས་རབས་བཅུ་གཉིས་རྗེས་ཀྱི་ལོ་རྒྱུས་ཡིག་ཆའི་ནང་དེའི་སྐོར་གསལ་ཙམ་འཁོད་པ་རྣམས་ཡིག་ཚང་གྲུབ་པའི་དུས་ཀྱི་སྔ་ཕྱིའི་བང་རིམ་བཞིན་རེ་རེར་དྲངས་ན།

སྤྱིར་ད་ལམ་མཇལ་བའི་རྒྱལ་རབས་ནང་བཙན་པོ་སྲོང་བཙན་སྒམ་པོ་སྐུ་གཤེགས་པའི་གནས་གང་ཡིན་མིན་ལ་ཟེར་སྒྲོས་ཙམ་འཁོད་པ་ཆེས་སྔ་བ་ནི། ཉང་ཉི་མ་འོད་ཟེར(སྤྱི་ལོ༡༡༢༤—༡༡༩༢)གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་(སྤྱི་ལོ་༡༡༤༧—༡༢༡༦)གྱིས་མཛད་པའི་བོད་ཀྱི་རྒྱལ་རབས་གཉིས་ཡིན་པར་འདོད་དེ། དེ་ཡང་ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་ལས་ལིའི་དགེ་སློང་ན་རེད། དེ་ནས་སྐད་ཅིག་ལ་ལི་ཡུལ་དུ་ཕྱིན་པ་ལིའི་ལུང་བསྟན་ཆེན་མོ་ནས་ལུང་དེ་སྐད་གདའ་བྱས་པས། བློན་པོ་ཐམས་ཅད་ཡིད་ཆེས་ཏེ་ཐམས་ཅད་གྲོས་བྱས་ནས་ཕྱི་རབས་པ་རྣམས་ཀྱི་དོན་དུ་རྒྱལ་པོ་ལོ་བརྒྱད་ཅུ་རྩ་བཞི་ལ་སྐུ་འདས། ལི་ཡུལ་གྱི་ཟ་མོ་རར་སྐུ་གཤེགས་བྱས་ནས་སྟག་སྒྲོ་གསེར་གྱིས་བཀང་ཞིང་རྟ་ལ་བཀལ་ནས་བང་སོར་བཞུགས་[17]ཞེས་དང་། བོད་ཀྱི་རྒྱལ་རབས་ལས་སྲོང་བཙན་སྒམ་པོ་མེ་མོ་གླང་ལོ་ལ་འཁྲུངས། །སྤྱན་རས་གཟིགས་ཏེ་བཅུ་གསུམ་ལོན་ནས་ཡབ། །འདས་ནས་ཆབ་སྲིད་ལོ་གྲངས་དྲུག་བཅུ་དགུར། །བཟུང་ནས་བྱི་ལོ་བརྒྱད་ཅུ་གྱ་གཉིས་ནས། འཕྲུལ་སྣང་བཅུ་གཅིག་ཞལ་ལ་ཐིམ་མོ་སྐད། འཕན་ཡུལ་ཟལ་མོ་སྒང་དུ་འདས་ཀྱང་གྲགས།[18]ཞེས། ལོ་རྒྱུས་དེབ་ཐེར་དེ་གཉིས་ནང་བཙན་པོ་སྲོང་བཙན་སྒམ་པོ་སྐུ་གཤེགས་ཡུལ་གྱི་ས་མིང་ལ་ལི་ཡུལ་ཟལ་མོ་སྒང་དང་འཕན་ཡུལ་ཟལ་མོ་སྒང་ཞེས་ཅུང་མི་འདྲ་བ་ཡོད། དེ་རྗེས་སྤྱི་ལོ༡༤༣༤ལོར་གྲུབ་པའི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལས་འགའ་རེ་རྒྱལ་པོ་འཕན་ཡུལ་ཟལ་མོ་སྒང་དུ་གྲོངས་ཟེར་བ་འདུག་སྟེ། བློན་པོ་སྣ་ཆེན་པོ་དང་སེ་རུ་གུང་སྟོན་ལ་སོགས། གྲོས་ལ་དབང་བ་རྣམས་ཀྱི་བོད་འབངས་བྱིན་པོ་སྤྲོ་བ་བསྲིང་བའི་ཕྱིར་དུ་རེ་ཞིག་ཟལ་མོ་སྒང་དུ་སྙུང་བ་སྐད་དང་། སྐུ་གཤེགས་པའི་ཚུལ་བྱས་པར་བྱེད་དོ་[19]ཅེས་དང་།  གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་(སྤྱི་ལོ་༡༥༡༥—༡༥༩༨)གྱིས་མཛད་པའི་ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་རྒུའི་ཅོད་པན་ཉི་ཟླ་ཕྲེང་མཛེས་ལས་སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས། །སྤྱན་རས་གཟིགས་ཏེ་བཅུ་གསུམ་ལོན་ནས་ཡབ། གཤེགས་ནས་ཆབ་སྲིད་ལོ་གྲངས་དྲུག་བཅུ་དགུ། །བཟུང་ཞིང་བྱི་ལོ་བརྒྱད་ཅུ་གྱ་གཉིས་ནས། །འཕྲུལ་སྣང་བཅུ་གཅིག་ཞལ་ལ་ཐིམ་ཞེས་དང་། འཕན་ཡུལ་ཟལ་མོ་སྒང་དུ་གཤེགས་ཀྱང་ཟེར་[20]ཞེས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དགོངས་ཚུལ་དང་རྗེས་མཐུན་དུ་གསུངས་ཡོད། གསུང་ལུགས་དེ་རྣམས་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་རགས་ཙམ་བྱས་ན་གསུམ་སྟེ།

གཅིག བཙན་པོ་སྲོང་བཙན་སྒམ་པོ་སྐུ་གཤེགས་ནས་སྤྱན་རས་གཟིགས་བཅུ་གཅིག་ཞལ་དུ་ཐིམ་ཚུལ་གྱི་འདོད་ལུགས་ཀྱི་ཕྱི་མོ་ནི། བཀའ་ཆེམས་ཀ་ཁོལ་དང་མ་ནི་བཀའ་འབུམ་སོགས་དུས་རབས༡༡ཡས་མས་ཀྱི་གཏེར་མར་ཐུག་པར་སེམས་ཞིང་། གཏེར་ཆོས་དེ་རྣམས་ལས་བོད་ཡུལ་ནི་སྤྱན་རས་གཟིགས་གི་གདུལ་ཞིང་ཡིན་པ་དང་། སྤུ་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའང་སྤྱན་རས་གཟིགས་སྤྲུལ་པའི་སྐུའི་ངོ་བོ་ཡིན་ཚུལ་སོགས་ཀྱི་དགོངས་པ་བསྟན་ཡོད་སྟབས། ཐུབ་བསྟན་ཆོས་ལུགས་ཀྱི་རྗེས་འགྲང་སྐྱེས་བུ་རྣམས་ཀྱིས་ནང་ཆོས་སྤེལ་བའི་དམིགས་པ་མངོན་གྱུར་ཡོང་ཆེད། གཏམ་རྣམས་ཕལ་ཆེར་འདོད་པའི་ཕྱོགས་ནས་བྱུང་ཞེས་པ་ལྟར།། ཁོང་རྣམས་ཀྱིས་མཛད་པའི་རྒྱལ་རབས་ཆོས་འབྱུང་རྣམས་སུ་འདོད་ལུགས་འདི་ལྟར་དགོངས་པ་ཅན་དུ་དྲངས་པ་ཞིག་ཏུ་སྣང་ལ། འདོད་ལུགས་འདི་ཡང་བོད་ཀྱི་ཆོས་འབྱུང་རྣམས་ཀྱི་ཡོངས་གྲགས་ཀྱི་བརྗོད་ལུགས་སུ་གྱུར་ཡོད།

གཉིས། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་ལས་ལི་ཡུལ་གྱི་དགེ་སློང་གཉིས་ཀྱི་གཏམ་དུ་ཐོག་མར་བྱུང་ནས། བོད་ཀྱི་བློན་འབངས་ཚོགས་སུ་གྲགས་ཏེ། བཙན་པོ་སྲོང་བཙན་སྒམ་པོ་ལི་ཡུལ་ཟ་མོ་རར་སྐུ་གཤེགས་པར་བཤད་པ་དེ་ཡང་། སྐབས་བབས་སུ་ལི་ཡུལ་ལུང་བསྟན་ཞེས་པར་ཁུངས་གཏུགས་ཏེ་གསུངས་ཡོད་པ་ཞིག་དང་། དེ་ཡང་ལི་ཡུལ་གྱི་ཆེ་བ་བརྗོད་པའི་དགོས་དབང་དང་སྟབས་བསྟུན་དུ་སྦྱར་བ་ཞིག་དང་ཡང་ན་བྲིས་བསྒྱུར་སོང་བའི་རྒྱུ་མཚན་དྲངས་རྒྱུ་ཙམ་ལས། བཙན་པོ་སྲོང་བཙན་སྒམ་པོ་ལི་ཡུལ་དུ་གཤེགས་པའི་སྐོར་ལ་ལོ་རྒྱུས་ཀྱི་གཞི་འཛིན་ས་གང་ཡང་མེད།

གསུམ། སྲོང་བཙན་སྒམ་པོ་འཕན་ཡུལ་ཟལ་མོ་སྒང་དུ་སྐུ་གཤེགས་ཞེས་པའི་ཟེར་སྒྲོས་ཀྱི་གཏམ་ཡོད་ཚུལ། བོད་ཀྱི་རྒྱལ་རབས་སུ་ཐོག་མར་དྲངས་ཡོད་ཅིང་། དེ་ལས་དུས་རབས་བཅུ་གཉིས་ཀྱི་སྔ་རོལ་དུ་གསུང་རྒྱུན་དེ་རིགས་ཡོད་ཚུལ་ཤུགས་ནས་རྟོགས་ཐུབ་ལ། ཕྱིས་སུ་ཆོས་ཕྱོགས་ཀྱི་གསུང་རྒྱུན་དེས་ལོ་རྒྱུས་ཀྱི་དངོས་དོན་བག་ལ་ཞ་བར་གྱུར་ཙམ་ལས། ལོ་རྒྱུས་དངོས་དོན་ནི་འཕན་ཡུལ་ཟལ་མོ་སྒང་དུ་གཤེགས་ཞེས་པའི་གསུང་སྒྲོས་དེ་ཡིན་པར་སེམས་ཏེ། དེ་ཡང་གནམ་རི་སྲོང་བཙན་གྱི་སྐུ་དུས་ནས་སྤུ་རྒྱལ་ཆབ་སྲིད་ཀྱི་ལྟེ་བ་རྨ་ལ་ལའི་བྱང་བརྒྱུད་དུ་འཕོས་རྗེས། སྤུ་རྒྱལ་བཙན་པོའི་ཆབ་སྲིད་སྤེལ་ཡུལ་གྱི་ལྡེ་བར་གྱུར་པ་ནི་དབུ་རུ་སྟོད་ཀྱི་ཡུལ་དེ་དག་ཡིན་པ་དང་། བཙན་པོའི་འདུག་གནས་ཕལ་ཆེ་བ་འཕན་ཡུལ་ཁུལ་དུ་ཡོད་ཚུལ། ཏུན་ཧོང་གི་ཤོག་དྲིལ་P.T༡༢༨༨དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་སོགས་ལས་ར་སྤྲོད་ཐུབ་སྟབས། ཡུལ་དེའི་ཁོངས་སུ་བཙན་པོའི་བཞུགས་གནས་ཀྱི་སྐུ་མཁར་ཡོད་དགོས་པ་ནི་ངམ་ཤུགས་སུ་རྟོགས་ཐུབ། དེ་ལྟར་ན། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས། ཁྲི་སྲོང་བཙན་སྒམ་པོ་དེ་ཉིད་མཐར་འཕན་ཡུལ་ཟལ་མོ་སྒང་འོད་ཟེར་དམ་པའི་ཕོ་བྲང་དུ་བཞུགས་པའི་དུས། དང་ཐོག་མགུར་ཆམ་ཕོག་པ་ལས་སྙུན་ལོག་ཐེབས་ཏེ་མཐར་ཚད་པར་གྱུར་ནས། སྤྱི་ལོ༦༥༠བོད་ལྕགས་ཕོ་ཁྱིའི་ལོར་སྐུ་གཤེགས།[21] ཞེས་རྗེས་མཐུན་དུ་གསུངས་པ་དོན་ལ་གནས་པར་སེམས། །

 

གསུམ་པ།  ཟལ་མོ་སྒང་དང་ཟ་དམ་ཞེས་པའི་ས་མིང་གཉིས་གདགས་གཞི་གཅིག་ཡིན་ཚུལ།

རྒྱལ་རབས་དང་ཆོས་འབྱུང་འདི་དག་ལས་བསྟན་པའི་ཟལ་མོ་སྒང་ཞེས་པའང་འཕན་ཡུལ་དུ་གནས་པའི་བཙན་པོའི་སྐུ་མཁར་གྱི་མཚན་ཡིན་པར་སེམས་ཏེ། དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཐང་ལ་ཡར་བཞུར་ལྷ་ཡི་ཞུ་བ་བྱས། །ཟྭ་དང་དམ་པ་བཙན་པོའི་མཁར་ལ་བསྟེན།  །སྒྲོ་དང་རྨ་ཡིས་མ་ཕྱར་བྱས་ནས་ནི། །འཕན་ཡུལ་ཟ་གང་རྗེ་དཔོན་ཚན་གཅིག་ཆགས[22]ཞེས་སྤུ་རྒྱལ་རྒྱལ་ཐོག་མཐའ་མ་འུ་དུམ་བརྟན་གྱི་རྗེས་སུ་སྤུ་རྒྱལ་གྱི་གདུང་རྒྱུད་རྣམས་རྗེ་ཚན་སོ་སོར་གྱེས་ཏེ་ཡུལ་སོ་སོར་བདག་བཟུང་བྱེད་པའི་སྐབས། ཟ་དང་དམ་པར་བཙན་པོའི་སྐུ་མཁར་ཡོད་པ་བསྟན་ཅིང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བོད་ཀྱི་རྒྱལ་རབས་ལས་བཙན་པོ་སྲོང་བཙན་སྒམ་པོ་སྐུ་འདས་ཡུལ་འཕན་ཡུལ་ཟལ་མོ་སྒང་ཞེས་པའང་ཟ་ཡི་ཡུལ་གི་སྐུ་མཁར་དེར་བརྗོད་པ་འདྲ་ཞིང་།དམངས་ཁྲོད་བཤད་སྲོལ་དུ་ཟ་དམ་ཞེས་པ་ནི། དཔལ་ཕྱག་ན་རྡོ་རྗེས་ས་དེར་གཟའ་དམ་ལ་བཏགས་པས་མིང་དེར་ལྟར་ཐོགས་ཚུལ་ཡང་ཡོད། གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས་ལྷུན་གྲུབ་རྫོང་ཞེས་པའི་ནང་། ཟ་དམ་རྫོང་གནས་ཡུལ་གྱི་མཁར་ཤུལ་དེ་ནི་སྔོན་དུས་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་འདས་ས་འཕན་ཡུལ་ཟལ་མོ་སྒང་ཡིན་སྐད་[23]ཅེས་བཤད་ལ། ཕྱིས་སུ་ཟ་དང་དམ་པ་ཞེས་པའི་ཡུལ་མིང་གཉིས་བསྡུས་ཏེ། ཡུལ་འདིར་གནས་པའི་རྫོང་མིང་ལ་ཟ་དམ་རྫོང་ཞེས་འབོད་པར་བཤད་ཡོད།  དེ་བཞིན་ཟ་དམ་རྫོང་ཞེས་སྤྱི་ལོ་༡༦༧༩ལོར་དགའ་ལྡན་ཕོ་བྲང་ནས་གཞུང་བཞེས་ཀྱིས་འཕན་ཡུལ་ཟ་དམ་རྫོང་[24]བཙུགས་པའི་མཁར་ཤུལ་དེར་སྔར་བཙན་པོ་སྲོང་བཙན་སྒམ་པོའི་ཕོ་བྲང་ཡོད་ཚུལ་ཡུལ་མིའི་ངག་རྒྱུན་དུ་ད་ལྟའང་གནས་ཡོད། དེ་ལྟར་ན། ཟལ་མོ་སྒང་དང་ཟ་དམ་ཞེས་པ་གཉིས་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་ས་མིང་གི་འབོད་སྲོལ་མི་གཅིག་པ་ཙམ་ལས་གདགས་གཞི་གཅིག་ཏུ་ངོས་བཟུང་ན་མི་འཐད་པ་མེད་ཅིང་། ད་ལྟ་མཇལ་རྒྱུ་ཡོད་པའི་ཟ་དམ་རྫོང་གི་མཁར་ཤུལ་དེར་སྔར་བཙན་པོའི་སྐུ་མཁར་ཡོད་པ་གོང་གི་ལུང་རིག་གཉིས་ནས་སྒྲུབ་ཐུབ། །

 

བཞི་པ། ཟལ་མོ་སྒང་ཞེས་པའི་མིང་གི་ཐོགས་ཚུལ་དང་ངག་རྒྱུན།

དགེ་བཤེས་ཆོས་གྲགས་ཀྱིས་མཛད་པའི་ཚིག་མཛོད་ལས། ཟལ་ཞེས་པ་ཁྲ་ཁྲ་ཏེ། རྟ་ཟལ་པོའམ་བ་ལང་དཀར་ཟལ་ལམ་ཁྲ་ཁྲ་ལྟ་བུ་[25]གསུངས་པ་ལྟར། ཟལ་མོ་(པར༢)ཞེས་པ་ནི་འབྲི་རྟ་གཡག་དང་བ་ལང་ལུས་ཀྱི་སྤུ་མདོག་དབྱིབས་ནག་པོ་ཡིན་པ་གང་ཞིག་མཇིང་པ་ནས་གྲུ་སྟེང་བར་སྒལ་གཞུང་རལ་རྒྱུགས་ཀྱི་སྤུ་མདོག་དཀར་པོ་ཡིན་པར་ཟལ་པོ་དང་ཟལ་མོ་ཞེས་འབོད་པ་ལྟར། འཕན་ཡུལ་ཟལ་མོ་སྒང་ཞེས་པའང་ས་དབྱིབས་དང་ཁ་མདོག་གཉིས་རྒྱུ་མཚན་དུ་བྱས་ནས་ས་མིང་དུ་བཏགས་པ་ཞིག་ཡིན་པར་སེམས་ཏེ། དེ་ཡང་འབྲི་གཡག་སོགས་བོད་ཀྱི་རིག་གནས་དང་འབྲེལ་བ་ཆེ་བའི་རིགས་ལ་དཔེ་བླངས་ཏེ་འདྲ་བའི་ཆ་ནས་སྔར་གྱི་ས་མིང་འགའ་ཞིག་རྗེས་གྲུབ་སུ་བཏགས་པ་ཡོད་དེ། དཔེར་ན། ཡར་ཀླུངས་སོག་ཁ།  ཡུམ་བུ་རླ་མཁར། རྐྱང་གི་ཁོག་སོགས་ལས་རིགས་སྦྲེལ་ཏེ་ཤེས་པར་ནུས།

Image

(པར༢) འབྲི་ཟལ་མོ་དབྱིབས་ཅན་གྱི་རི་བོ་ཟལ་མོ་སྒང་།

སྐབས་སུ་བབས་པར་དེའི་སྐོར་ལ། ཟལ་མོ་སྒང་གི་ཉེ་འགྲམ་དུ་འཚོ་སྡོད་བྱ་བཞིན་པའི་བྲག་ཞོལ་གྲོང་ཚོའི་ཡུལ་མི་བདུན་[26]ཙམ་ལ་བཅའ་འདྲི་བྱས་པ་དག་རགས་པར་བསྡུས་ན། ངག་གཏམ་དུ། བཙན་པོ་སྲོང་བཙན་སྒམ་པོའི་གཤེགས་ཡུལ་སྐོར་ལ་ཡུལ་མི་འགའ་རེར་གསུང་རྒྱུན་དུ་རབ་རིབ་ཙམ་ལས། དགུང་ལོ་༧༠ལྷག་ཏུ་སོན་པའི་བགྲེས་སྲོང་འགའ་ཡི་དྲན་ཤེས་སུའང་ཕལ་ཆེར་འཇགས་མེད། ཕལ་ཆེ་བ་ནི་སྔར་གྱི་ལོ་རྒྱུས་དང་མི་མཐུན་པའི་ངོ་མཚར་ཆེ་བའི་ཨ་ཁུ་སྟོན་པོའི་གཏམ་རྒྱུད་དང་རྩ་རི་གཉིས་པའི་འཕན་ཡུལ་སྟོང་རྩེ་རིའི་གནས་ཡིག་བྱིན་རླབས་སྒོ་འབྱེད་[27]ཞེས་པའི་གསུང་རྒྱུན་དང་སྦྲགས་ཏེ་ཡུལ་གྱི་དགོན་སྡེའི་གནས་བཤད་གཙོ་བོར་བཤད་བཞིན་མཆིས། འོན་ཀྱང་བགྲོ་གླེང་བྱས་པའི་བརྒྱུད་རིམ་ནང་འཕན་ཡུལ་ཟལ་མོ་སྒང་དང་ཤུགས་སུ་འབྲེལ་བ་ཡོད་པའི་ཆ་འཕྲིན་བཞི་ཙམ་འདུག་པར་སེམས་ཏེ། ཕྱིས་སུ་བརྗོད་གཞི་འདིར་གཏིང་ཚུགས་པའི་ཞིབ་འཇུག་ཡོང་ཆེད་ངག་རྒྱུན་དེ་དག་དབྱེ་ཞིབ་རགས་པ་ཙམ་བྱས་ན།

གཅིག ཟལ་མོ་སྒང་གནས་ཡུལ་གྱི་རྫོང་རི་ཞེས་པ་དང་ཉེ་བར་གནས་པའི་(རྒྱལ་གྱི་བྱང་)འདབས་འབྲེལ་གྱི་རི་བོ་ཞིག་ལ་རྒྱལ་པོའི་བླ་རི་དང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་རི་ཞེས་གྲགས་ཅིང་། དེ་ཡང་ཇི་ལྟར་ཞེ་ན།

འཕན་ཡུལ་གྱི་གནས་བཤད་ངོ་མཚར་རིག་གནས་ཀྱི་བང་མཛོད་ལས། བཙན་པོ་ཁྲི་ཐོག་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་དུས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀླུ་ཁ་སྟོད་ཀྱི་རྒྱབ་ངོས་སྟོད་ལུང་ཁུལ་གྱི་མོན་(མོང་)ཞེས་པའི་ས་དེར་མོན་(མོང་)གི་ཁ་རག་སྤྲེལ་ལོ་ཞེས་པའི་དུས་མཆོད་གསར་གཏོད་གནང་བས་ན། ལོ་དེའི་བོད་ཟླ་༥པའི་ཚེས་༡༠ཉིན་གྱི་སྤྲེལ་ལོའི་དུས་མཆོད་ལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡང་ཕེབས་པས་ཁོང་གིས་མོན་(མོང་)གྱི་མདུན་རིའི་ནུབ་ངོས་ཟངས་མདོག་དཔལ་རི་ནས་ཞལ་ཤར་ལ་ཕྱོགས་ཏེ་ད་ལྟ་རྒྱལ་པོ་བླ་རི་ཞེས་འབོད་པའི་རི་དེར་གཟིགས་པ་ན། རི་དེ་ནི་ཚེས་བརྒྱད་ཟླ་བའི་དབྱིབས་དང་འདྲ་ཞིང་གནས་བརྟན་བཅུ་དྲུག་གི་རང་བྱོན་མངོན་སུམ་དུ་གཟིགས་པའི་ཁྱད་ཆོས་དམིགས་བསལ་ཅན་ཞིག་དུ་སྣང་བས་རི་དེ་ཁོང་གི་བླ་རིར་ངོས་འཛིན་ཞུས་”[28] ཞེས་ཆོས་ཕྱོགས་ཀྱི་གསུང་ལུགས་དང་སྦྲགས་ཏེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མིང་དེ་ལྟར་ཐོགས་པར་བཤད། འོན་ཀྱང་དེ་ལས་བསྟན་བྱ་གཞན་ཞིག་ཡོད་པར་སེམས་ཏེ། ཟལ་མོ་སྒང་ཞེས་པའི་སྐུ་མཁར་གྱི་གནས་ཡུལ་དེ་ནི་བཙན་པོའི་གཞིས་སྡོད་བྱ་ཡུལ་གྱི་གནས་གལ་ཆེན་ཞིག་ཡིན་པ་ངམ་ཤུགས་སུ་ཤེས་ནུས་ཤིང་། གནའ་རབས་དུས་སུ་རུས་ཚོ་མང་དག་ཞིག་ཐོག་མར་རང་སོ་སོའི་བླ་རི་དང་ཉེ་བའི་སར་འཚོ་སྡོད་བྱེད་པ་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཏུ་ཟད།  འོན་ཀྱང་དུས་རབས་བཅུ་གཉིས་ནས་བཟུང་བཀའ་བརྒྱུད་པའི་བསྟན་པ་ཡུལ་དེར་རིམ་བཞིན་འཕེལ་སྟབས། ཆེས་ཐོག་མའི་ལོ་རྒྱུས་ལ་འགྱུར་བ་ཆེན་པོ་བྱུང་ཏེ། རྟ་ལོའི་སྟོང་རྩེ་རི་སྐོར་ཞེས། རི་བོ་དེ་དང་བཀའ་བརྒྱུད་བླ་མ་རྣམས་ཀྱི་སྒྲུབ་གནས་ལ་ནང་སྐོར་རྒྱག་པའི་སྲོལ་ད་ལྟ་མ་ཉམས་པར་གནས་ཡོད།

གཉིས། ཟ་དམ་ཉིན་བྱེད་གླིང་གི་གནའ་ཤུལ་དང་འབྲེལ་བའི་དཔྱད་བརྗོད་ཞེས་པ་ལས། ཟལ་མོ་སྒང་གི་གནས་ཡུལ་དེར།ཤིང་སྦྲུལ་སྤྱི་ལོ༡༦༠༥ལོའི་དབོ་ཟླའི་ནང་ཞྭ་དམར་ཆོས་ཀྱིས་དབང་ཕྱུག་མཆོག་གིས་ཟ་དམ་བྲག་གི་རྡོ་རྗེའི་སྤོ་རུ་ཉིན་བྱེད་གླིང་གི་གཙུག་ལག་ཁང་གི་རྨང་གཏིང་བའི་འཆར་བཀོད་གནང་བ་དང་ ལོ་དེའི་ནང་ཟ་དམ་དུ་ཉིན་བྱེད་གླིང་གི་ཆོས་ར་དངོས་སུ་དབུ་ཚུགས་པ་ནས། གནས་དེར་ཀརྨ་བཀའ་བརྒྱུད་་ཀྱི་ཆོས་གྲྭ་ཆེན་པོ་ཞིག་བྱུང་ཞེས། ཀམ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་ཕྲེང་བ། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ་དཀར་ཆག ཀརྨ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོ། ཀརྨ་ཐུབ་བསྟན་སྐུ་གཞོགས་མདོ་སྔགས་ཉིན་བྱེད་གླིང་གི་རྟེན་དང་བརྟེན་པའི་བྱུང་བ་བརྗོད་པ་ངོ་མཚར་སྙེ་མ་སོགས་ལ་གཞི་འཛིན་ནས་ངག་རྒྱུན་དུ་ཡོད་ཀྱང་། ད་ལྟ་རྩིག་རྨང་ཙམ་ལས་མཇལ་རྒྱུ་མེད།

གསུམ། གཏམ་རྒྱུད་གསེར་ཐང་ལས། སྔོན་དུས་བོད་དུ་ལ་དང་རི་རྣམས་ཀྱི་རྩེ་ལ་ཡང་མདའ་གདུང་གི་ཕུང་པོ་བཙུགས་ཏེ་ལྷ་རྣམས་འདིར་བཞུགས་པར་བྱེད་[29]ཞེས་ལྟར་ཟལ་མོ་སྒང་གནས་ཡུལ་དུ་གྲགས་པའི་རྫོང་རིའི་སྟེང་དུ་བསྟན་མ་བཅུ་གཉིས་[30]ཀྱི་གནས་ཡིན་པར་བཤད་ཅིང་། ལོ་ལྟར་བོད་ཟླ་དང་པོའི་ལོ་གསར་ཚེས་གཉིས་དང་གཟའ་ཚེས་བཟང་བ་འགའ་རེར་དར་ལྩོག་བཙུགས་ཏེ་བསྟན་མ་བཅུ་གཉིས་གསོལ་བའི་གོམས་སྲོལ་ཞིག་གནས་ཡོད།

བཞི། ས་གནས་འདིར་གནས་པའི་མཁར་ཤུལ་ནི་ཟ་དམ་རྫོང་གི་ཆགས་ཡུལ་ཡིན་པར་འདོད་ཅིང་། བོད་ལ་ཞི་བས་བཅིངས་བཀྲོལ་བཏང་རྗེས་ཙམ་ཀྱི་དུས་ག་གེ་མོ་ཞིག་གི་ནང་། རྫོང་དེའི་ཁང་ཁྱིམ་མི་ཉམས་པར་གནས་པ་དང་། དམངས་གཙོའི་བཅོས་བསྒྱུར་སྐབས་རྫོང་དེའི་ཁང་ཁྱིམ་དག་གྲོང་མི་ཁྱིམ་ཚང་དྲུག་ཙམ་ལ་བགོས་ནས་གྲོང་མིའི་འདུག་གནས་སུ་གྱུར་པ་སོགས་སོ།།

དཔྱད་བསྡོམས། འཕན་ཡུལ་ཟལ་མོ་སྒང་ཞེས་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་འདས་ཡུལ་དུ་གྲགས་པའི་ཕོ་བྲང་དེ་ཆེས་སྔ་བའི་ཏུན་ཧོང་ཤོག་དྲིལ་སོགས་སུ་གསལ་ཆ་མེད་སྟབས། ཤིན་ཏུ་ལྐོག་གྱུར་གྱི་ཚུལ་དུ་གནས་ཡོད་ཀྱང་། སྒྲུབ་བྱེད་གསུམ་གྱི་ཕྱོགས་ནས་འཕན་ཡུལ་ཟལ་མོ་སྒང་ཞེས་པ་དེ་ནི་བཙན་པོ་སྲོང་བཙན་སྒམ་པོའི་ཕོ་བྲང་ཡིན་ཚུལ་ལ་ངེས་པ་རགས་ཙམ་རྙེད་ཐུབ་སྟེ།

གཅིག རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བཙན་པོ་སྲོང་བཙན་སྒམ་པོ་འཕན་ཡུལ་ཟལ་མོ་སྒང་དུ་གཤེགས་པའི་སྐོར་ལ་སྔར་གྱི་ཟེར་སྒྲོས་ཡོད་ལུགས། ཁོང་གི་མཛད་པའི་བོད་ཀྱི་རྒྱལ་རབས་སུ་ཐོག་མར་དྲངས་ཞིང་། གཞན་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་དང་ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་རྒུའི་ཅོད་པན་ཉི་ཟླ་ཕྲེང་མཛེས་སོགས་སུའང་འདི་ལྟར་བསྟན་ཡོད་སྟབས་ཡིག་ཚང་གི་རྒྱབ་རྟེན་ཡོད་པ་དང་།

གཉིས། བཙན་པོ་གནམ་རི་སྲོང་བཙན་ཡབ་སྲས་གཉིས་ཀྱི་སྐུ་དུས་སུ་དམག་སྲིད་བྱ་ལས་སྤེལ་ཡུལ་འཕན་ཡུལ་ཕྱོགས་སུ་ཤས་ཆེས་བས་སྔར་ཡུལ་དེར་བཙན་པོའི་བཞུགས་གནས་ཀྱི་ཕོ་བྲང་ཡོད་པ་ངམ་ངམ་ཤུགས་སུ་ཤེས་ཅིང་། ལར་ནས་སྤུ་རྒྱལ་གདུང་རྒྱུད་དག་རྗེ་ཚན་སོ་སོར་གྱེས་སྐབས། ཟ་དང་དམ་ཞེས་པར་བཙན་པོའི་སྐུ་མཁར་ཡོད་ཚུལ་ལས་ངེས་ཤེས་བསྐྱར་ནས་འདྲོང་ཐུབ་པ།

གསུམ། དུས་རིམ་མི་འདྲ་བའི་ནང་གི་ས་མིང་གྱི་འགྱུར་བ་དང་དེང་གི་ཡུལ་མིའི་ངག་རྒྱུན་སོགས་ལ་བརྟག་ན། འཕན་ཡུལ་ཟལ་མོ་སྒང་ཞེས་པའི་གནས་ཡུལ་ནི། ད་ལྟ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་སྡེ་དཀར་གྲོང་ཚོ་བྲག་ཞོལ་རྫོང་རི་ཞེས་པ་དེ་ཡིན་ཞིང་། རྫོང་རི་དེའི་མཁར་ཤུལ་དུ་སྔར་བཙན་པོ་སྲོང་བཙན་སྒམ་པོའི་ཕོ་བྲང་ཡོད་ཚུལ་བཤད་པ་བཅས། གོང་གི་སྒྲུབ་བྱེད་གསུམ་པོ་དེ་དག་གིས་བཙན་པོ་སྲོང་བཙན་སྒམ་པོ་གཤེགས་ཡུལ་དུ་གྲགས་པའི་ཕོ་བྲང་ཟལ་མོ་སྒང་ཀྱི་ལོ་རྒྱུས་ལ་ངེས་ཤེས་རགས་པ་ཞིག་རྙེད་ནུས་པར་སེམས། །

སྤུ་རྒྱལ་བཙན་པོ་རྣམས་ཀྱི་འཁྲུངས་ཡུལ་དང་གཤེགས་ཡུལ་གསལ་བའི་རེའུ་མིག    (ཁྲི་སྲོང་བཙན་ནས་དཔལ་འཁོར་བཙན་བར)

བརྒྱུད་སྐུལ།

མཆན་སྤེལ།