ཏཱ་ར་ནཱ་ཐའི་གསང་བའི་རྣམ་ཐར།

ཏཱ་ར་ནཱ་ཐའི་གསང་བའི་རྣམ་ཐར།
༄༅། །གསང་བའི་རྣམ་ཐར་དབུ་ཕྱོགས་བཞུགས་སོ། །
ཨོཾ་སྭཱ་སྟི། ཁོ་བོ་ཏཱ་ར་ནཱ་ཐ་ཡི། །གསང་བའི་རྣམ་ཐར་མདོར་བསྡུས་པ། །དད་དང་དམ་ཚིག་ལྡན་པ་ཡིས། །བསྐུལ་ཕྱིར་ཅུང་ཟད་བྲི་བར་བྱ། །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་གཟིགས་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་བཞུགས་པའི་ཚེ། ཁོ་བོ་གྱད་ཀྱི་གཙོ་བོ་སྟོབས་མཐའ་མེད་ཅེས་བྱ་བར་གྱུར།
ལན་ཞིག་སངས་རྒྱས་དེ་འཁོར་དགྲ་བཅོམ་པ་བྱེ་བ་བརྒྱད་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅོ་བརྒྱད་དང་ལྷན་ཅིག་སྤྱན་དྲངས་ཏེ། ཟླ་བ་གསུམ་དུ་མཆོད་པ་དཔག་ཏུ་མེད་པས་མཆོད། བྱང་ཆུབ་ཏུ་སེམས་བསྐྱེད་སྨོན་ལམ་བཏབ་པས། འགྲུབ་པའི་རྟགས་སུ། མི་ལོ་བརྒྱའི་བར་དུ་མཆོད་པའི་མེ་ཏོག་ཀྱང་མ་རྙིང། མར་མེ་ཡང་རང་འབར་རོ། །དེ་ནས་གཟུང་སྟེ་སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་པ་ཡིན། བར་བར་དེ་དག་ཏུ་སངས་རྒྱས་ལ་མཆོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་ཅན་བསྟན་པ་ཡང་དཔག་ཏུ་མེད། རང་གི་མ་དག་པའི་སྐྱེ་བ་སྟོན་པའི་ཕྱིར་དང་། ངན་སོང་གི་སེམས་ཅན་སྨིན་པའི་ཕྱིར། ངན་འགྲོར་སྐྱེས་པ་ཡང་མང་། སེམས་ཅན་ཕལ་པ་འདུལ་བའི་ཕྱིར། ལྷ་དང་མི་ཕལ་པའི་ཚུལ་བྱས་ཏེ། འཇིག་རྟེན་གྱི་བྱ་བ་ཙམ་བྱས་པ་ཡང་ལན་གྲངས་མང་སྟེ། འགའ་ཞིག་མི་དྲན་པ་དང་། དྲན་པ་ཡང་ཆེས་མང་སྟེ་ཡི་གེར་འབྲིར་མ་ལང་ངོ་།།
དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ། རྔ་བོ་ཆེའི་མདོ་བཤད་པའི་སྐབས་ཀྱི་བཟང་སྐྱོང་དང་ཕུག་སྦས་ལ་སོགས་པ་ནས་ལི་ཙཱ་བི་འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བའི་བར་དུ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཡོད་པར་བཤད་པའི་ནང་གི་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་པར་དག་པ་ཞེས་པར་བདག་གྱུར་ཏེ། བསྟན་པ་ངེས་པའི་དོན་ཕྱོགས་ཐམས་ཅད་དུ་འཛིན་པར་དམ་བཅས་སོ། །རེ་ཞིག་སྟོན་པ་འདིའི་བསྟན་པ་ལ་བྱ་བ་བྱས་པ་ནི། འབར་བའི་གཙོ་བོ་སོགས་སྐྱེ་རབས་བཅུ་གཅིག ཀློང་ཆེན་པ་དང༌་།དྭགས་པོ་བཀྲས་རྣམ་པ་རྗེ་སྤོབ་དར་བ། བྲག་དཀར་བ་སོགས་རྗེ་གྲོལ་མཆོག་གིས་སྨོས་ཟིན་པས་འདིར་བཤད་མི་དགོས། གཞན་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་མཁན་གྱི་བྲམ་ཟེ་བདེ་བྱེད་བདག་པོར་སྐྱེས། ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཡི་གེར་བྲིས། སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ཞེས་པ་དེ་ཡང་ཁོ་བོ་དང་གཅིག་པར་སྨྲ། ལི་ཡུལ་དུ་རྒྱལ་པོ་ཨརྦནྟི་དེ་ཟེར་བ་ཅིག་ཏུ་གྱུར། ལོ་འགའ་ཞིག་གཏུམ་ཞིང་སྡིག་སྤྱོད་ཀྱི་ཚུལ་དུ་ཡོད་པ་ལ། དེ་ནས་འཕགས་པ་ཀུན་ཏུ་བཟང་པོ་དང་མི་ལབ་པ་བཞིན་དུ་སོང་ནས། ལྷ་ཁང་ལྔ་བཅུ་བཞེངས་སོ། །
དེ་ནས་རྒྱ་གར་དུ་ནག་པོ་སྤྱོད་པ་ཆུང་བ་ཞེས་གྲགས་པ་ཞིག་ཏུ་སྐྱེ་བ་བླངས། ནག་པོ་སྤྱོད་པ་ཉིད་ཀྱི་བསྟན་པ་དར་བར་བྱས། བོད་འདིར་ཡང་རྒྱལ་པོ་ཟ་ནམ་ཟེ་ལྡེ་ཞེས་པ་དང་། སློབ་དཔོན་སངས་རྒྱས་གསང་བའི་སློབ་མ་དབས་མཉྫུ་ཤྲཱི་དང་རྒྱུད་གཅིག་པར་སྨྲ། ལོ་ཙཱ་བ་སྤོང་ཞོ་གསལ་བ་གྲགས་ཀྱང་ཡིན་ཏེ། རྒྱ་གར་མ་ག་ངྷར་སློབ་དཔོན་ཨ་གྷ་ཡཱ་ཀ་ར་དང་མཇལ། ཐུབ་པའི་དགོངས་རྒྱན་བསྒྱུར་བ་སོགས་གསལ་བར་དྲན། སོག་འདུལ་འཛིན་གྱི་ཆོས་གྲྭ་དང་ཉེ་ས་ཅིག་ཏུ། གོ་རུབ་བློ་ལྡན་ཟེར་བའི་སྔགས་པ་ཅིག་ཏུ་གྱུར་ནས། བདེ་མཆོག་དང༌། དགྲ་ནག མཚན་བརྗོད་གསུམ་ལ་བརྟེན་ནས་སྐྱེ་བོ་མང་པོ་སྨིན་གྲོལ་ལ་བཀོད། འཕྲལ་གྲགས་ཆུང་ཡང་དོན་གྱིས་འགྲོ་དོན་ཤིན་ཏུ་ཆེ། དེ་སྐབས་ཀྱི་ཡུལ་སོགས་རྣམ་པ་ཤིན་ཏུ་གསལ་བར་འདུག །འགྲོ་མགོན་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་དང་། གྲུབ་ཐོབ་ཨུ་རྒྱན་པར་གྲགས་པ་རིན་ཆེན་དཔལ་དང་། རྒྱ་མགར་སྒོམ་སོགས་དང་རྒྱུད་གཅིག་པར་ཁས་ལེན་ནོ། །
ཡང་ཕྱིས་བྱུང་གི་སྣར་ཐང་མཁན་པོ་བཟོད་པ་དཔལ་གྲུབ་ཟེར་བ་དགེ་ལུགས་པའི་དགེ་བཤེས་དེ་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་བའི་བླ་མ་ལམ་འབྲས་པ་བློ་བཟང་པ་དང་། སློབ་མ་བོ་དོང་རས་པ་དང་། རྒྱལ་སྲས་དངུལ་ཆུ་བའི་སློབ་མ་ཧོར་ཀ་བཞི་པ་རྣམས་དང་རྒྱུད་གཅིག་པར་བྱེད། ཇོ་བོ་རྗེའི་སློབ་མ་ཡོངས་རྫོགས་རྣལ་འབྱོར་པ་དེ་ཡང་ཡིན་ནམ་སྙམ་པ་དང་། ཀརྨ་པ་དགུ་པ་དང་ཡང་གཅིག་པས། དབུ་སེ་རང་དང་ཡང་དབྱིངས་གཅིག་པར་འགྱུར་ཞིང་། ད་ལྟ་རྒྱ་གར་ཤར་ནུབ་ལ་དབང་བསྒྱུར་བའི་རྒྱལ་པོ་ས་ལིམ་པ་དང་ཡང་གཅིག་སྟེ། སེམས་ཅན་རྣམས་ལ་སྐལ་པ་མེད་པས་ནང་པའི་ཆོས་དར་ཏུ་མ་བཏུབ་ཀྱང་། འགྲོ་བ་མང་པོ་བདེ་བ་ལ་བཀོད་པ་ཡིན། དབུས་གཙང་འདི་ན་ཡང་ད་ལྟ་མི་ཆེན་དུ་མངོན་པ་ཞིག་དང༌། ནགས་ཤོད་ན་མི་ཕལ་པ་ཅིག་དང་། མདོ་ཁམས་སྨད་རྨ་ཆུའི་འགྲམ་ན་བླ་མའི་ཚུལ་འཛིན་པ་ཞིག་གིས་མངོན་པའི་སྒོ་ནས་འགྲོ་བ་ལ་ཕན་ཅུང་ཟད་འདོགས། མི་མངོན་པའི་སྒོ་ནས་སེམས་ཅན་མང་པོ་ལ་ཕན་ཤིན་ཏུ་ཆེ་བ་འདོགས་པ་ཞིག་ཡོད་པ་ཁོ་བོའི་ལུས་ཀྱི་བཀོད་པ་ཡིན་ནའང་། མིང་སྨྲོས་ན་སྤྲུལ་པ་བསྡུ་བའི་རྟེན་འབྲེལ་ཞིག་འདུག་པས་རེ་ཞིག་སྨོས་སུ་མི་རུང་། འཇིག་རྟེན་གྱི་ཁམས་གཞན་དང་། སངས་རྒྱས་གཞན་གྱི་ཞིང་ན་མང་པོ་ཞིག་བྱུང་བ་དང་།། འབྱུང་བར་འགྱུར་བ་ཡིན། ད་ལྟ་རང་ཡང་ཤར་ཕྱོགས་མྱ་ངན་དང་བྲལ་བའི་ཞིང་ཁམས་ན། དེ་བཞིན་གཤེགས་པ་ཙམྦྷ་ཀའི་དཔའ་པོའི་དྲུང་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རི་བོའི་རྩེ་མོ་ཞེས་པ་ཡིན་པ་སོགས་ལུས་ཀྱི་བཀོད་པ་བརྒྱད་ཡོད་ལ། ད་རེས་ཀྱི་ལུས་འདིའི་སྤྲུལ་གཞི་དངོས་ནི། ནུབ་ཕྱོགས་ཨུ་རྒྱན་གྱི་ཞིང་ན་དཔའ་བོ་ཆེན་བོ་བིཥྞུ་རཱ་ཛ་ཞེས་བྱ་བ་ལྷའི་ལུས་ཅན་འཁོར་དཔའ་བོ་མཁའ་འགྲོ་མང་པོས་བསྐོར་བ་ཅིག་ཡོད་པ་དེ་ཡིན།
ན་ནིང་གི་ལྕགས་མོ་ཕག་ལོ་ས་གའི་ཚེས་བཅོ་ལྔ་ལ། བྱང་ཤམྦྷ་ལར་དངོས་སུ་ཕྱིན་པའི་ཚུལ་ཡང་ཡོད། ལུས་འདིའི་རྒྱུན་གྱི་སྐྱེ་བ་ནི། སྐྱེ་བ་འདིའི་འོག་ཏུ་བོད་ཡུལ་འདི་ཁར་སྡེ་དཔོན་སྟོབས་ལྡན་ཞིག་དང༌། དགེ་བཤེས་འཕྲིན་ལས་ཅན་ཞིག་སྟེ་གཉིས་ཡོད། དགེ་བཤེས་དེས་ད་ལྟའི་ཆོས་རྒྱུད་འདི་མི་འཛིན། སྡེ་དཔོན་དེས་ད་ལྟའི་ཆོས་རྒྱུད་འདི་དར་བར་བྱེད་པ་འདུག །དེ་གཉིས་ཀ་ལ་སྐྱེ་བའི་མིང་མི་ཡོང་། སྐྱེ་བར་གྲགས་པ་ཅིག་ཀྱང་འབྱང་ཙམ་ནས་འོང་བར་འདུག །སྐྱེ་བ་དངོས་ནི་མིན། བྱིན་གྱིས་བརླབས་པ་ནི་ཡིན་པས། མཐའ་འཁོབ་དུ་འགྲོ་དོན་ཆེར་བ་ཡོང་། དེ་ནས་རྒྱ་གར་དུ་རྒྱལ་པོ་ཆེན་པོ་ཞིག་ཏུ་སྐྱེས་ཏེ་ཆོས་དར་བར་བྱེད། སྐྱེ་བའི་གཙོ་བོ་དག་པའི་ལུས་གཉིས་ཏེ། གཅིག་ནི་བདེ་བ་ཅན་དུ་འགྲོ་འཁོར་ཁྲི་ཕྲག་ཙམ་ཡོད། གཅིག་སྨན་བླའི་ཞིང་དུ་འགྲོ་སྟེ། སློབ་མ་ནི་མི་མང་ཟང་ཟིང་ཡོ་བྱད་ཀྱིས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་གསོག་པར་འདུག །དེ་ནས་ཞིང་ཁམས་སྣ་ཚོགས་སུ་སྐྱེ་བའི་རིམ་པ་གསུམ་བཞི་ཙམ་གྱིས་ས་ལམ་མཐའ་དག་བགྲོད་ནས་འཇིག་རྟེན་ཀྱི་ཁམས་ཉི་ཟླ་སྐར་འོད་འབུམ་གྱིས་བསྐོར་བ་ཞེས་བྱ་བར་སངས་རྒྱས་ནམ་མཁའི་ཐིག་ལེ་ཞེས་བྱ་བར་གྱུར་ཏེ། འབྲེལ་ཅན་ཐམས་ཅད་ཐར་པ་ལ་དངོས་སུ་འགོད་པའི་ལུང་བསྟན་ཡོད་དོ། །
ཚེ་འདིར་ལུས་འདི་ལ་བརྟེན་པ་ལ། ལུས་འདི་གྲུབ་ཙམ་ན། དགེ་བཤེས་ཕལ་པ་ལྟར་བརྫུས་ནས་འགྲོ་དོན་བྱེད་པའི་སྐལ་བ་ཅན་དུ་བྱུང་བའི་མཁས་པའི་ནུས་པ་ཅུང་ཟད་ཡོད་པའི་ཐ་མལ་པའི་ཚུལ་དུ་བྱིན་གྱིས་བརླབས་པས་དེ་ལྟར་གྱུར་ཞིང་སྦས་པའི་ཚུལ་དུ་ཡོད་པ་འདི་ཡིན། འོན་ཀྱང་ནད་དྲག་པོ་བྱུང་བ་ཞིག་ལ། འཕགས་པ་སྤྱན་རས་གཟིགས་དངོས་སུ་བྱོན་ནས་བཀྲུས་པས་དེ་མ་ཐག་ན་བ་སངས་པ་དང་། ལྷག་པའི་ལྷ་མང་པོ་ཡང་ཡང་མཐོང་བ་དང་། གྲུབ་ཐོབ་རྒྱ་བོད་དུ་བྱོན་པ་ཕལ་ཆེ་བ་དང་རྟག་ཏུ་འགྲོགས་པ་སྙམ་བྱེད་པ་དང་། ལྐོག་གྱུར་ཅུང་ཟད་ཤེས་པ་རྣམས་གདོག དུས་རྟག་ཏུ་རྐྱེན་གང་བྱུང་ཡང༌་། ཆོས་ཀྱི་སྣང་བ་དང༌་། བདེ་བ་འབའ་ཞིག་གིས་ཁྱབ། ཁྱད་པར་ཕྱིས་བྱུང་སློབ་དཔོན་པདྨ་དང་། ཇོ་ནང་ཀུན་མཁྱེན་ཆེན་པོ་གཉིས་ཀྱིས་ཡང་ཡང་བསྐུལ་ནས་འགྲོ་དོན་འཕྲན་བུ་བསྐྱངས་པ་ཡིན་ལགས། བདག་གི་རྣམ་ཐར་ཟུར་ཙམ་འདི། །བུ་ཡི་དོན་པོ་ཁྱོད་ལ་གདམས། །སྙིགས་དུས་སྐྱེ་བོས་སྡིག་གསོག་པས། །རེ་ཞིག་ཤིན་ཏུ་གསང་བར་ཞུ། ཁོ་བོ་ཇི་སྲིད་ལ་འཚོའི་བར་དུ་བཀའ་རྒྱས་བཏབ་བོ། །བཀྲ་ཤིས་དགེ་ལེགས་འཕེལ་བར་ཤོག །ཞུས་དག །དགེའོ།། །།
No photo description available.

 

བརྒྱུད་སྐུལ།

མཆན་སྤེལ།